གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

བདའ་ཚང་སྙེམས་གྲོལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༠༢ཉིན།

༄༅།། ཨ་མ་དང་ལོ་ཟླའི་གས་ཆག་ཅེས་པའི་ཕྲན་དཔྱད།


ཨ་མ་དང་ལོ་ཟླའི་གས་ཆག

ལོ་རྒན་བདུན་ཅུས་དུང་སོ་དཀར་མོའི་ཕྲེང་ཐགས་གནོང་མེད་སེམས་ཀྱིས་བཅད། །
ལོ་རྒན་བདུན་ཅུས་དབུ་སྐྲའི་ཞྭ་མོ་དགོས་མེད་དབུ་ལ་བཙན་གྱིས་གསོལ། །
ལོ་རྒན་བདུན་ཅུས་མིག་གི་རྒྱལ་མོ་འཇབ་བུའི་ཟོལ་དུ་དལ་གྱིས་འཕྲོག །
ལོ་རྒན་བདུན་ཅུས་ཨ་མའི་སྐུ་ལུས་བརྙས་པའི་བརྡ་རུ་གཞུ་ལ་བཀུག །
ཨ་མ་གནམ་གྱི་རྒྱལ་མོ་མིན་ཡང་ཨ་མའི་སེམས་རྒྱ་གནམ་ལས་ཡངས། །
ཨ་མ་ས་ཡི་གཞི་འཛིན་མིན་ཡང་ཨ་མའི་གཤིས་ཀ་སྤང་ལས་མཛེས། །
ཨ་མ་ཐམས་ཅད་མཁྱེན་པ་མིན་ཡང་ཨ་མས་ཐམས་ཅད་མཁྱེན་ཡང་སྲིད། །
ཨ་མ་ལོ་ཟླའི་རྒས་གཉེར་ཁྲོད་ན་མིག་ཟུང་རབ་རིབ་བུ་ལ་འཁོར། །
ཁ་སང་མཐིང་སྨུག་སྦྲ་ཡི་འདབ་ན་ཨ་མའི་འཛུམ་ཆུང་མེ་ཏོག་འཐོར། །
ཁ་སང་ཐོད་དཀར་འབྲི་མོའི་འགྲམ་ན་ཨ་མའི་འཇོ་གླུའི་གཏམ་རྒྱུད་ལུས། །
ཁ་སང་རང་ཁྱིམ་དྲོན་མོའི་དབྱིངས་ན་ཨ་མའི་བརྩེ་མཚར་སྤྲིན་དུ་ཆགས། །
ཁ་སང་བུ་ཆུང་ང་ཡི་མདུན་ལམ་ཨ་མས་རྔུལ་ཆུས་ཡང་ཡང་བཀྲུས། །
དེ་རིང་བསམ་གཞིག་ལྕི་མོའི་ཀློང་ན་ཨ་མས་རྔན་པ་གྲངས་སུ་རྩི། །
དེ་རིང་རྒོད་པོ་འཕུར་བའི་ཤུལ་ན་ཨ་མས་དྲན་པའི་སྔས་གཞི་བརླན། །
དེ་རིང་འཚོ་བ་མགུར་དུ་བཞེངས་ཀྱང་ཨ་མས་དྲན་པ་ཟིན་ཚོད་མེད། །
དེ་རིང་ཉི་ནུབ་དགོང་ཁའི་ཁིས་ན་ཨ་མའི་ལུས་པོ་ལམ་ལམ་འཚེར། །
ཨ་མས་འཇིག་རྟེན་སྟེགས་བུར་བཞེངས་ཏེ་དགའ་སྐྱོའི་ཟློས་གར་ཅི་ཡང་འཁྲབ། །
ཨ་མས་ཟུངས་ཁྲག་ཇ་རུ་སྐོལ་ནས་བུ་ལ་མགྲོན་ཁ་མང་དུ་བྱས། །
ཨ་མས་ངག་ཚིག་ཆུ་རུ་གདུས་ནས་བསླབ་བྱའི་གཡོས་སྦྱོར་བུ་ལ་བརྩམས། །
ཨ་མས་སྣོད་བཅུད་འདྲི་གཞིའི་ཁྲོད་ནས་སྤོབས་པའི་སྙིང་སྟོབས་ལན་དགུར་བཙས། །
ང་ཡི་སྙན་ངག་ཚིག་གི་བར་ན་ཨ་མའི་རྒས་གཉེར་ལྟེབས་བཞིན་ཡོད། །
ང་ཡི་ཐུན་གསུམ་རྨི་ལམ་ཁྲོད་ན་ཨ་མའི་བཀའ་དྲིན་བཟླ་བཞིན་ཡོད། །
ང་ཡི་སེམས་ཀྱི་གཡུ་སྦྲང་གཞོན་ནུ་ཨ་མའི་ལུས་ཀྱི་པདྨར་འཁོར། །
ང་ཡི་འཚོ་བའི་རི་སུལ་རེ་ན་ཨ་མར་དུངས་པའི་རྡེའུ་འབུམ་སྤུངས། །
ཨ་མ་བདག་གི་མཚན་ལྗོངས་གསལ་བའི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཡིན། །
ཨ་མ་བདག་གི་ལམ་སྣ་འདྲེན་པའི་ཐོ་རེངས་བསུ་བའི་སྐར་ཆེན་ཡིན། །
ཨ་མ་བདག་གི་རྨོངས་བློ་གཏོར་བའི་གནམ་ལྕགས་ཐོག་གི་དོ་ཡ་ཡིན། །
ཨ་མ་བདག་གི་འགྲོ་འདུག་སློབ་པའི་ལས་ཀྱི་སློབ་དཔོན་དང་པོ་ཡིན། །
དུས་ཀྱི་གོམ་འགྲོས་མདུན་དུ་བསྐྱོད་ན་ཨ་མའི་སེམས་ཀྱི་གཏིང་སར་ལྷུང་། །
དུས་ཀྱི་སྲིན་མོའི་ཁྲོ་གཉེར་དབུས་ན་ཨ་མའི་སེམས་ཁྲལ་ཉམས་སུ་ཐག །
དུས་ཡུན་ཞིག་གི་མནར་གཅོད་དྲག་པོས་ཨ་མ་སྟོན་གྱི་སྡོང་ལོར་འཁུམས། །
དུས་ལ་བྱམས་པའི་བརྩེ་བ་དབེན་ཡང་བདག་གི་བརྩེ་འཕྲིན་རི་བཞིན་བརྩིགས། །
ཉིན་དང་མཚན་གྱི་གོ་རིམ་བར་ནས་ཨ་མ་ཡིད་ཀྱི་གསོས་སུ་སྨིན། །
ཨ་མའི་བཀའ་དྲིན་སྙིང་ལ་འཕགས་པས་ལུས་ཀྱི་འཁྲི་ཤིང་ལྕུག་ལྕུག་འདར། །
ཨ་མའི་ལང་ཚོ་མིག་ལ་ཤར་ན་དོན་གྱི་སྙིང་པོས་ཀུན་ནས་དབེན། །
ཨ་མའི་འདས་སོང་གཏམ་རྒྱུད་ཆུ་མོ་དྲན་པའི་དབུས་སུ་རླབས་ཀྱིས་འཕྱུར། །
ཨ་མའི་བཀའ་དྲིན་ཡི་གེའི་དྲུག་མ་རྨི་ལམ་ཞིང་ན་ཡང་ཡང་ཟླས། །
ཨ་མའི་རྔུལ་ཆུའི་ཐིགས་པ་དཀར་པོ་དོན་སྣོད་ཁམས་ལ་ཡང་ཡང་འཁྱིལ། །
ཨ་མའི་ལྷག་བསམ་ཚིག་གི་སྦྱོར་བ་རྟག་ཏུ་ངག་ལ་ཡང་ཡང་འཁོར། །

ཨ་མའི་བཀའ་དྲིན་རི་རབ་ལྷུན་པོ་འདྲེན་བྱེད་ཟུང་གི་འབེན་ལ་ཕོག །


ཨ་མ་དང་ལོ་ཟླའི་གས་ཆག་ཅེས་པའི་ཕྲན་དཔྱད།
བདའ་ཚང་སྙེམས་གྲོལ།

        འདིར་ཆེད་མངགས་ཀྱེ་ཕུར་མཆོག་གསུམ་གྱི་སྙན་ངག་ཅིག་ལ་རོལ་མྱོང་བྱས་ཏེ་སྐད་ཆ་འགའ་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་འཆད་པར་བྱའོ། །
        སྤྱིར་ན་མི་རྣམས་ཀྱི་ཁམས་དང་མོས་པ། བག་ཉལ་སྣ་ཚོགས་ཀྱི་དབང་གིས་མཛེས་པར་འཛིན་སྟངས་ཀྱང་རྟ་མོག་མོག་གི་སྤུ་ལྟར་ཐ་དད་དང་སོ་སོར་མ་འདྲེས་པ་ཉིད་དུ་མཆིས་ཤིང་། ཆང་དང་། རོལ་མོ། སྙན་ངག་སོགས་ཡོངས་ཁྱབ་ཏུ་མཛེས་པ་ཞིག་གཞར་ཡང་བཙལ་དཀའ་འོ། །
        ཀྱེ་ཕུར་མཆོག་གསུམ་ནི་དམིགས་བསལ་གྱིས་བཅད་རྩོམ་རྩལ་དུ་བཏོན་ནས་འབྲི་མཁན་ཞིག་ཡིན་པར་མ་ཟད། བཅད་རྩོམ་ལ་མེ་ལོང་མའི་རྩོམ་ལུགས་ཀྱི་ཚོན་ཁ་འདྲེས་ཤིང་། མགུར་དང་དམངས་གླུ་སོགས་ཀྱི་བཀྲག་མདངས་ཀྱང་བྱུགས་ཡོད་པའི་རྩོམ་པ་པོ་ཞིག་ཡིན། ཚིག་ལ་ལྷོད་ཤ་དང་གྲིམ་ཆ་ལྡན་པར་འབྲི་བའི་ཐོག་ཏུ་གབ་སྦས་དང་བསྡུས་བརྗོད་སོགས་ཀྱི་སྤྲོས་པ་སྤངས་ཏེ་ཁ་གསལ་གནད་དྲིལ་གྱི་ལུགས་སུ་འབྲི་བ་དེས། ཁོང་གི་རྩོམ་གཤིས་ལ་ཐུན་མིན་གྱི་རྭ་ཅོ་ཞིག་བཙུགས་ཡོད་པར་སྣང་།
        སྒོས་སུ་གོང་གསལ་གྱི་སྙན་རྩོམ་དེ་ནི། ཡུམ་ཆེན་དང་གྱེས་པའི་དྭ་བུ་ཞིག་གི་གདུང་བ་མཚོན་པར་བྱས་པའི་སྙན་ངག་ཅིག་རེད་ལ། ཚིག་ལྷོད་ཅིང་བབ་ཆགས་པའི་ཉམས་ཀྱིས་ནང་སེམས་སྡུག་བསྔལ་གྱི་རྒྱ་མཚོ་ལ་ངག་རིག་གྲུ་ཆུང་བརྒྱབ་པ་ཞིག་ཡིན་འདུག ཚིག་རེ་རེའི་ནགས་ཀློང་དུ་ཕར་འཛུལ་ན། ང་ཚོར་མ་ཡུམ་གྱི་བྱམས་བརྩེ་གཟུགས་ཅན་བཞིན་དུ་མཐོང་དུ་འཇུག་པ་མ་ཟད། སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རྐྱ་ཐུབ་ཅིང་ངོ་བོ་ཉིད་ཀྱིས་ཐ་དད་དུ་གྲུབ་པའི་བདེན་ཆ་ཞིག་མེད་པ་དང༌། རང་མཚན་པའི་ངོ་བོ་ཞིག་མེད་པའི་ཆའམ་ཟུར་ཞིག་ཀྱང་ལྷང་ལ་འབུད་དུ་བཅུག་སྟེ་ང་ཚོར་བརྡར་བྱས་འདུག་སྙམ།
        འཚོ་བའི་ཁྲོད་ཨ་མ་ནི་དྲོད་ཁོལ་གྱི་མཚོན་བྱེད་ཅིག་ཡིན་ལ། ཨ་མ་མེད་པའི་འཚོ་བ་ནི་ཆུ་ཁོལ་འཁྱག་པ་ཞིག་དང་འདྲ་བར་དྲོད་ཁོལ་གྱིས་སྟོང་བ་ཞིག་ཡིན། རྩོམ་འདིའི་ཁོག་ཏུ་འཚོ་བ་འཁྱག་པ་དེ་བཅུག་འདུག་ཅིང་། འདི་ལས་འཚོ་བ་འཁྱག་པ་དེ་ཉམས་སུའང་མྱོང་ནུས་པར་བྱས་འདུག དེ་ལ་བརྟེན་ནས་ཀློག་མཁན་རྣམས་ལའང་མ་ཡུམ་གྱི་བརྩེ་བར་ངེས་ཤེས་བརྟན་པོ་འདྲོང་དགོས་པའི་བླང་བྱ་བཏོན་འདུག
        ཚིག་བརྒྱ་མདོར་དྲིལ་ན། སྙན་རྩོམ་འདིས་མངོན་བརྗོད་དང་བརྡ་རྙིང་སྣ་ཚོགས་དྲུད་ནས་ང་ཚོ་རྒྱང་རིང་ཞིག་ཏུ་འཁྲིད་ཀྱི་མི་འདུག་ཅིང་། ཚིག་རྒྱན་གྱི་སྤྲོས་པ་རྨ་བྱའི་སྒྲོ་ལྟར་ཕུབ་ནས་ང་ཚོའི་མིག་དབང་འཕྲོག་ཅི་ཐབས་ཀྱང་བྱ་ཡི་མི་འདུག ཡང་ཡིད་བརྙན་དང་གབ་སྦས། བསྡུས་བརྗོད་སོགས་ཀྱི་འོབས་དོང་མང་པོ་བརྐོས་ནས་ཀློག་པ་པོར་རྫུ་འཕྲུལ་ཡང་སྟོན་གྱི་མེད་པར། ལྷོད་ཆགས་ཤིང་འཚོ་བའི་ཁྲོད་དུ་ས་རྡུལ་བཞིན་ཉལ་བའི་ཚིག་འགྲོས་ཤིག་ལ་བརྟེན་ནས་དྲན་གདུང་དང་སྐྱོ་ངལ་མཚོན་པར་བྱས་འདུག་པས། དུས་རྒྱུན་གཞན་གྱི་སྙན་ངག་མི་གོ་ཞིང་། རོལ་མྱོང་བྱེད་མི་ནུས་ཞེས་སྡུག་སྨྲེ་དྲག་པོ་འདོན་མཁན་རྣམས་ཀྱིས་འདི་ལྟའི་སྙན་ངག་ལ་རོལ་མྱོང་བྱ་བར་འོས་སོ་ཞེས་ཀྱང་ཞར་བྱུང་གྲུར་ཞུགས་ཀྱི་ཚུལ་དུ་བསྐུལ་བའོ། །  

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1