གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༠༢ཉིན།

༄༅།། སྒེར་གཏུག་ཞུ་ཡིག་ཇི་ལྟར་འབྲི་དགོས།

གྱོད་དཔེ།
        ཟླ་བ་ནི་གྲོང་གསེབ་ཏུ་འཚོ་བ་རོལ་གྱིན་ཡོད་པས། ཁྲེན་ཏུའུ་རུ་ཡོད་པའི་ཁོའི་གཉེན་ཉེ་ཡིས་ཁོར་ཁྲེན་ཏུའུ་རུ་ལས་ཀ་ཞིག་བཙལ། ཟླ་བས་ཁྲེན་ཏུའུ་དུ་ཟླ་བ་གསུམ་ཙམ་རིང་ལས་ཀ་བྱས་རྗེས་ཁོའི་སྲིང་མོ་ཡང་གད་འཕྱག་བྱེད་རྒྱུའི་ལས་ཀ་ཞིག་བཙལ་ཏེ་སྲིང་མོ་མྱུར་དུ་ཡོང་དགོས་པའི་ཁ་པར་བཏང་བ་དང་སྦྲགས། ཁྱིམ་གྱི་རྒྱུ་ནོར་ཅུང་རྩ་ཆེན་རྣམས་བློ་གཏད་ཆོག་པའི་གྲོགས་པོར་བཅོལ་དགོས་པའི་ཁ་ཆེམས་བྱས། སྲིང་མོས་བརྙན་འཕྲིན་འཕྲུལ་ཆས་དང་ཞིང་ལས་འཕྲུལ་ཆས་འཁོར་གསུམ་འཕྲུལ་རྟ་བཅས་པ་ཟླ་བའི་གྲོགས་པོ་བཀྲ་ཤིས་ལ་བཅོལ་རྗེས་ཁྲེན་ཏུའུ་རུ་སོང་། ཁོང་གཉིས་ཁྲེན་ཏུའུ་དུ་ལས་ཀ་ལོ་གཉིས་ཙམ་བྱས་མཐར་སྲིང་མོ་ཕྱིར་ཕ་ཡུལ་དུ་ལོག
        ཕྱིར་ཉིན་བཀྲ་ཤིས་ཀྱི་ཁྱིམ་དུ་བརྙན་འཕྲིན་དང་འཁོར་གསུམ་འཕྲུལ་རྟ་སོགས་ཚུར་ལེན་དུ་སོང་། འོན་ཀྱང་། བཀྲ་ཤིས་ཀྱིས་དེ་དག་ཕྱིར་མ་སྤྲད་པས་ཁོ་ཐབས་ཟད་ནས་ཕྱིར་རང་ཁྱིམ་དུ་ལོག ཟླ་བའི་སྲིང་མོ་ཧ་ཅང་མ་དགའ་བར་དངོས་སུ་བཀྲ་ཤིས་ཀྱི་ཁྱིམ་དུ་དངོས་རྫས་ལེན་པར་ཕྱིན། བཀྲ་ཤིས་ཀྱིས་བཅོལ་དངོས་རྣམས་ཟླ་བ་ཡིས་ཁྱེར་སོང་ཟེར། ཟླ་བའི་སྲིང་མོ་ཁྱིམ་དུ་ལོག་རྗེས་མིང་སྲིང་གཉིས་ཀྱིས་ཁ་རྩོད་བྱས། དེ་རྗེས་ཟླ་བས་ཡང་བསྐྱར་བཀྲ་ཤིས་ལ་བཅོལ་དངོས་ཕྱིར་སྟེར་དགོས་པའི་རེ་བ་ཞུས་ཀྱང་མ་བྱིན་པས་ཁོ་གཉིས་བར་འཛིང་རེས་ཀྱང་བྱས། ཟླ་བས་ཁྲིམས་རོགས་པ་ཞིག་བཙལ་ཏེ་ཇི་ལྟར་བྱ་དགོས་པའི་འདྲི་རྟོག་བྱས་པ་ན། ཁྲིམས་རོགས་པས་བཀྲ་ཤིས་ཀྱིས་རྒྱུ་རྫས་བཙན་བཟུང་བྱས་པའི་ཉེས་པ་བསགས་ཡོད་པས། ཁྲིམས་ཁང་དུ་གཏུག་དགོས་པའི་བསམ་འཆར་བཏོན། འོན་ཀྱང་། ཟླ་བས་གཏུག་བཤེར་གཏན་ནས་བྱས་མ་མྱོང་བས་གཏུག་ཡིག་ཇི་ལྟར་བྲི་དགོས་པ་མ་ཤེས།
ཁྲིམས་རོགས་པའི་དཔྱད་བརྗོད།
        གནོད་འཚེ་ཕོག་མཁན་དང་དེའི་ཁྲིམས་བཀོད་ངོ་ཚབ་པའམ་གཉེན་ཚན་ཉེ་གྲས་ཀྱིས་ཉེས་དོན་སྒེར་གཏུག་བྱེད་ན། མི་དམངས་ཁྲིམས་ཁང་དུ་ཉེས་དོན་སྒེར་གཏུག་ཞུ་ཡིག་འབུལ་དགོས། ཞོར་འབྲེལ་དམངས་དོན་གཏུག་བཤེར་བྱ་རྒྱུ་ལ་ཞོར་འབྲེལ་དམངས་དོན་གཏུག་ཡིག་དབུལ་དགོས། ཉེས་དོན་སྒེར་གཏུག་ཞུ་ཡིག་དང་ཉེས་དོན་ཞོར་འབྲེལ་དམངས་དོན་གཏུག་ཡིག་རྣམས་ཡིག་ཐོག་གི་རྣམ་པས་ཤོག་ལེབ་A4ཅན་དུ་ལྕགས་སྨྱུག་གམ་གློག་ཀླད་ལས་གཏགས་ནས་གཏན་འཁེལ་གྱི་ཐིག་ཕྲེང་དང་ནང་དོན་རྣམ་བཞག་གི་རེ་བ་ལྟར་བྲིས་ནས་ཞུ་སྦྱོར་ཕྱི་མ་བའི་མི་གྲངས་ལྟར་བུ་ཡིག་དང་བཅས་པ་དབུལ་དགོས།
        བྱེ་བྲག་ཏུ་བཤད་ན། ཉེས་དོན་སྒེར་གཏུག་ཞུ་ཡིག་ལ་ནང་དོན་ཕྱོགས་བཞི་འདུས་དགོས་ཏེ།
        དང་པོ། ཉེས་དོན་སྒེར་གཏུག་བྱེད་མཁན་གྱི་མིང་དང་ཕོ་མོ་གང་ཡིན། ལོ། མི་རིགས། ལས་རིགས། ལས་གནས། སྡོད་གནས། འབྲེལ་གཏུག་བྱེད་ས་སོགས་གནས་ཚུལ་གསལ་འབྲི་བྱས་ནས་མི་དམངས་ཁྲིམས་ཁང་གི་བརྒྱུད་སྤྲོད་དང་འབོད་འགུག་གམ་བདག་སྤྲོད་བྱེད་བདེ་པོ་བྱ་དགོས།
        གཉིས་པ། གཏུག་བཤེར་རེ་ཞུའི་ཁག་སྒེར་གཏུག་བྱེད་མཁན་གྱིས་ཉེས་དོན་སྒེར་གཏུག་བྱེད་པའི་དམིགས་ཡུལ་གཙོ་བོ་ཡིན། དེ་ནི་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བའི་ཉེས་འགན་བདའ་འདེད་བྱ་དགོས་པའི་རེ་བ་ཡིན། དེ་བས། ཉེས་དོན་སྒེར་གཏུག་ཞུ་ཡིག་གི་གཙོ་གནད་ཁག་ཡིན། ཁག་འདིའི་ནང་དུ། ཞུ་སྦྱོར་ཕྱིའི་ཉེས་དོན་བྱེད་སྒོ་བསགས་པའི་དུས་ཚོད་དང་། ས་གནས། ཉེས་སྤྱོད། ཉེས་སྤྱོད་བྱུང་རིམ་སོགས་གསལ་པོར་བྲི་དགོས་ལ། ཞུ་སྦྱོར་ཕྱི་མས་ཉེས་སྦྱོར་ཀྱིས་གནོད་འཚེ་ཕོག་མཁན་ལ་གནོད་པ་བཟོས་པའི་མཇུག་འབྲས་དང་གནོད་འཚེ་འཕོ་མཁན་ལ་དཔལ་འབྱོར་གྱོང་གུན་བཟོས་པའི་གནས་ཚུལ་སོགས་གསལ་པོར་འབྲི་བ་དང་། ཞུ་སྦྱོར་ཕྱི་མས་ཉེས་བསགས་ཡོད་པའི་བདེན་དཔང་དང་བཅའ་ཁྲིམས་ཀྱི་གཞི་འཛིན་སའང་བྲི་དགོས།
        བཞི་བ། ཉེས་དོན་སྒེར་གཏུག་ཞུ་ཡིག་གི་མཇུག་བྱང་། དེའི་ནང་དུ་བདེན་དཔང་སྒྲུབ་བྱེད་ཀྱི་མིང་དང་སྒྲུབ་བྱེད་ཡོང་ཁུངས། དཔང་མིའི་མིང་དང་སྡོད་གནས། འབུལ་སའི་མི་དམངས་ཁྲིམས་ཁང་གི་མིང་དང་སྒེར་གཏུག་བྱེད་མཁན་ནས་རང་མིང་བཀོད་ནས་སྒེར་གཏུག་ཟླ་ཚེས། གཏུག་ཡིག་གི་བུ་ཡིག་གྲངས་ཀ་སོགས་གསལ་པོར་བྲི་དགོས།
ཁྲིམས་རོགས་པའི་དཔྱད་བརྗོད།
《 ཉེས་ཁྲིམས།》
        དོན་ཚན་217པ། མི་གཞན་གྱི་ནོར་རྫས་བདག་གཅེས་བྱེད་རོགས་བྱས་པ་རྣམས་ཁྲིམས་འགལ་གྱིས་བདག་བཟུང་བྱས་ནས་འབོར་ཆེ་ཙམ་ཡིན་ཞིང་། ཕྱིར་སྤྲོད་གཏན་ནས་མ་བྱས་པའི་རིགས་ལ་དུས་བཙོན་ལོ་གཉིས་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུའམ་དངུལ་ཆད་གཅད་རྒྱུ། རྒྱུ་ནོར་འབོར་ཆེན་བདག་བཟུང་བྱས་པའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གཉིས་ཡན་ནས་ལོ་ལྔ་མན་བར་གྱི་ཉེས་ཆད་གཅད་རྒྱུ། མི་གཞན་གྱིས་བརྗེད་པའི་དངོས་རྫས་འབོར་ཆེན་སམ་སྦས་པའི་དངོས་རྫས་ཁྲིམས་འགལ་གྱིས་བདག་བཟུང་བྱས་ཤིང་ཕྱིར་མ་སྤྲད་པའི་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆས་གཅད་རྒྱུ། བྱས་ཉེས་འདི་ཁྲིམས་སྦྱོར་བྱས་མཚམས་སུ་ཐག་གཅོད་བྱ་རྒྱུ། །  

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1