༄༅།། སྒོར་གཞས།

ཆུང་བདག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-04


        ཞིང་འབྲོག་ཁུལ་སྤྱི་དང་ལྷག་དོན་དུ་གྲ་ནང་ཁུལ་དུ་ལོ་གསར་དང་། འོང་སྐོར། རྟེན་འབྲེལ་གལ་ཆེན་ཚང་མར་ཕོ་མོ་རྒན་གཞོན་དབྱེར་མེད་ཀྱིས་སྒོར་གཞས་འཁྲབ་ནས་སེམས་པའི་དགའ་སྤྲོ་མཚོན་ཐབས་བྱེད་པས། དུས་ཆེན་རྣམ་པའང་དེ་མ་ཐག་ཕུན་སུམ་ཚོགས་སུ་དང་འཁྲུག་ཆ་དོད་དུ་འགྲོ་གི་ཡོད། 

        བོད་ལ་གླུ་གར་གྱི་རྒྱ་མཚོ་ཞེས་འབོད་སྲོལ་ཡོད་པ་ནི་དོན་གྱིས་ཕྱུག་པ་ཞིག་ཡིན་ཞིང་། དེ་ཡང་བོད་ལ་གཞས་ཆེན་དང་། ལྷ་མོ། རྦད། ནང་མ་སྟོད་གཞས་སོགས་ཞབས་གཞས་ཀྱི་རྣམ་གྲངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེར་བརྟེན་སྒོར་གཞས་ནི་གླུ་གར་རྒྱ་མཚོའི་ནང་གི་ཆུ་ཐིགས་ལྟ་བུ་རེད། སྒོར་གཞས་ནི་གཞི་རིམ་གྱི་མང་ཚོགས་ཚོས་གསར་གཏོད་བྱས་པ་ཡིན་ལ། ཚད་གཞི་ངེས་ཅན་ཞིག་ནས་བཤད་ན། ངལ་རྩོལ་ལས་བྱུང་བའི་གླུ་གར་གྱི་རྣམ་གྲངས་ཤིག་ཡིན་ཏེ། སྤྱི་ལོའི་དུས་རབས་གཉིས་པའི་བོད་ཀྱི་བཙན་པོ་སྐུ་ཐོག་དགུ་པ་སྤུ་དེ་གུང་རྒྱལ་གྱི་སྐུ་དུས་སུ་ལྷོ་ཁའི་ཡར་ཀླུང་གཞུང་དུ་ཆུ་ཡུར་བཟོས་ནས་ཞིང་ཆུ་དྲངས་པ་དང་རྨོན་མཛོར་བརྟེན་ཏེ་ཞིང་ཁ་རྨོ་འགོ་བརྩམས་ཡོད་ལ། བོད་ཀྱི་སྲོལ་རྒྱུན་འོང་སྐོར་གཏོང་འགོ་ཚུགས་ཡོད་ཅིང་། འོང་སྐོར་གཏོང་དུས་སྐབས་དེ་དུས་ནས་རྟ་རྒྱུག་དང་། མདའ་འཕེན་པ། སྒོར་གཞས་རྒྱག་པ་སོགས་བྱེད་ཀྱི་རེད། དེས་མ་ཚད་སྒོར་གཞས་ཀྱི་སྟངས་སྟབས་མང་པོ་ཞིག་ལས་ཞིང་ལས་ངལ་རྩོལ་གྱི་རྣམ་པ་མངོན་པ་མ་ཟད། གཞས་གདངས་དང་ཁྱད་ཆོས་སོགས་ལས་ཀྱང་ཞིང་ལས་ཀྱི་རྣམ་པ་གང་ལེགས་མངོན་བཞིན་ཡོད། དེར་བརྟེན། སྒྱུ་རྩལ་ནི་འཚོ་བ་ལས་བྱུང་བ་ཞིག་ཡིན་ཞེས་གསུངས་པ་ལྟར། སྒོར་གཞས་ནི་བོད་ཀྱི་ཞིང་ལས་དར་བ་དང་འཕེལ་རྒྱས་ཀྱི་སྐབས་དང་བསྟུན་ནས་རིམ་བཞིན་དར་བ་ཞིག་ཡིན་པ་ང་ཚོས་རིགས་འདེད་ཐུབ་ལ། སྒོར་གཞས་ལ་ད་བར་ལོ་ངོ་ཆིག་སྟོང་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པའང་ཚོད་དཔག་བྱེད་ཆོག་གི་ཡོད། དེའི་དབང་གིས་སྒོར་གཞས་ནི་གནའ་ཉམས་དོད་པའི་དམངས་ཁྲོད་ཀྱི་གླུ་གར་ཞིག་རེད་ཅེས་བརྗོད་ན་མ་ཆོག་པ་གང་ཡང་མེད། 

        ཞིང་ལས་ངལ་རྩོལ་གྱི་འབྲས་བུ་སོགས་ཀྱིས་མི་ཚོར་དངོས་པོའི་འཚོ་བ་ལེགས་པོ་བསྐྲུན་ཡོད་རུང་། ལོ་རྒྱུས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཡར་རྒྱས་དང་སྦྲགས། མི་རྣམས་ཀྱིས་ད་ཡོད་ཀྱི་འཚོ་བར་ཡིད་ཚིམས་ནས་མི་སྡོད་པར་བསམ་པའི་འཚོ་བར་དོན་དུ་གཉེར་གྱི་ཡོད་སྟབས། ངལ་རྩོལ་གྱི་ཕྱག་རྒྱ་དང་། སྐད་སྒྲ། ཉམས་འགྱུར་བཅས་ལས་སྒོར་གཞས་བྱུང་བ་དཔེར་ན། སྒོར་གཞས་ཀྱི་གཡས་དང་གཡོན་དུ་གོམ་གསུམ་རྡོག་རེའི་འཁྲབ་སྲོལ་རྣམ་པ་ནི་གྲོ་སྙེ་རྡུང་བ་ལས་བྱུང་བ་དང་། ལག་གཉིས་ཡར་མར་གཡུག་པའི་ཕྱག་རྒྱ་ནི་འབྲུ་རིགས་རླུང་འཕྱར་གཏོང་སྟངས་ཀྱི་ཕྱག་རྒྱ་ལས་བྱུང་བ། དེ་མིན་ལག་གཡོན་གྱིས་ས་བོན་གྱི་སྣོད་འཛིན་ཚུལ་དང་གཡས་པས་ས་བོན་གཤོ་ཚུལ་གྱི་ཕྱག་རྒྱ་སོགས་དེ་དང་དེ་འདྲ་བའི་ངལ་རྩོལ་ལས་བྱུང་བ་རེད། 

        སྒོར་གཞས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་རྒྱ་ཁྱབ་ངང་དར་བའི་དམངས་ཁྲོད་གླུ་གར་གྲས་ཤིག་རེད། བོད་ཀྱི་ལོ་གསར་དང་། སྲོལ་རྒྱུན་དུས་ཆེན། གསོལ་སྟོན་བཅས་དང་དེ་བཞིན་མི་མང་མཉམ་འཛོམས་ཀྱིས་སྟོན་མོར་རོལ་སྐབས་འཁྲབ་སྟོན་བྱེད་ཀྱི་ཡོད། སྒོར་གཞས་འཁྲབ་སྐབས་ཕོ་མོ་རྒན་གཞོན་ཚང་མ་ཞུགས་ཆོག་གི་ཡོད་པ་དང་། ཕོ་མོ་ཕྱོགས་སོ་སོ་བྱས་ནས་འཁྲབ་ཀྱི་ཡོད་ལ་སྤེལ་མར་འཁྲབ་སྲོལ་ཡང་ཡོད། ས་ཆ་ཁག་གཅིག་ཏུ་གཞས་དཔོན་གྱིས་གདུབ་དྲིལ་ལག་པར་ཉར་བའམ་ཡང་ན་སྐེད་པར་བཏགས་ཏེ་དེའི་སྒྲ་དང་བསྟུན་ནས་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད། སྒོར་གཞས་ལ་དལ་གཞས་དང་འཁྲུག་གཞས་ཁག་གཉིས་ཡོད་པ་དང་ཕལ་ཆེ་བ་དལ་གཞས་སྔོན་ལ་འཁྲབ་པ་དང་འཁྲུག་གཞས་རྗེས་སུ་འཁྲབ་ཀྱི་ཡོད། དེ་སྔོན་གྲོང་གསེབ་མང་པོར་དུས་ཆེན་དང་ཆང་ས་སོགས་ཀྱི་མཇུག་འགྲིལ་ཉིན་མོར་ཚང་མས་ཇ་ཆང་འཐུང་གིན་སྒོར་གཞས་བརྒྱབ་ནས་ཉིན་གཉིས་པའི་སྐྱ་མ་བཏང་བར་སྡོད་ཀྱི་ཡོད། 

        དེང་གི་ཆར་གྲོང་གསེབ་ཙམ་མ་ཟད། གྲོང་ཁྱེར་དུའང་སྒོར་གཞས་རྒྱག་པའི་དར་སོ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་དེ། ནམ་ཞག་ཀུན་ཏུ་ཐང་ཆེན་དུ་གྲོང་མི་མང་པོས་སྒོར་གཞས་བརྒྱབ་ནས་དགའ་སྤྲོའི་དཔལ་ལ་རོལ་བ་མཐོང་རྒྱུ་ཡོད་ལ། སློབ་གྲྭ་དང་ལས་ཁུངས་མང་པོར་སློབ་སྦྱོང་དང་ལས་ཀའི་ཁོམ་པ་བཙལ་ནས་སྒོར་གཞས་བརྒྱབ་ནས་གཟུགས་པོར་སྦྱོང་བརྡར་བྱེད་བཞིན་པ་རིག་རྒྱུ་ཡོད། དེར་བརྟེན། མི་རྣམས་ཀྱི་གཟུགས་པོ་ཇེ་ཐང་དུ་འགྲོ་བ་དང་སྦྲགས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་རྣམ་གྲངས་དེར་སླར་ཡང་གསོན་ཤུགས་གསར་པ་ཞིག་རྒྱས་བཞིན་ཡོད་པ་རེད། 

        2006ལོར་སྟངས་སྟབས་གནའ་ཉམས་དོད་པའི་སྒོར་གཞས་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད། 

(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1