གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

འབྲུག་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༠༨ཉིན།

༄༅།། མངོན་རྟགས་ཅི་ཡང་མེད་པའི་མཆིན་ཚད་ཁ་པ་དེ་གསོ་བཅོས་མ་བྱུང་རུང་རང་ཤུགས་སུ་དྲག་འགྲོ་བའང་ཡོད།

        རང་རྒྱལ་ལ་དལ་བའི་རང་བཞིན་གྱི་མཆིན་ཚད་ཁ་པའི་ནད་དུག་འགོས་ཡོད་པའི་ནད་པ་དུང་ཕྱུར་གཅིག་ཙམ་ཡོད་ལ། དེའི་ནང་གི་བརྒྱ་ཆའི་བཅུ་ཙམ་གྱི་ནད་པ་མ་གཏོགས་གསོ་བཅོས་བྱེད་མི་དགོས།
        ཆུ་མ་ཤོར་གོང་ནས་རགས་རྒྱག་དགོས་ཟེར་བ་དེ་བདེན་མོད། འོན་ཀྱང་ནད་རྟགས་ཅི་ཡང་མེད་པའི་མཆིན་ཚད་ཁ་པའི་ནད་དུག་འགོས་པའི་ནད་པས་སྔ་མོ་ནས་ནད་དུག་འགོག་པའི་གསོ་བཅོས་བྱས་ནས་ནད་གཞི་ཇེ་སྡུག་ཏུ་མི་འགྲོ་བར་བྱེད་ཀྱིན་ཡོད། འདི་ལྟར་བྱེད་དགོས་དོན་ཅི་ཡང་མེད་དེ་རྒྱུ་མཚན་ནི། གཅིག མཆིན་ཚད་ཁ་པའི་ནད་དུག་ཁོ་ན་འགོག་པ། མིག་སྔར་མཆིན་ཚད་ཁ་པ་གསོ་བཅོས་བྱེད་སྐབས་ནད་དུག་འགོག་པ་ཁོ་ན་དམ་འཛིན་བྱེད་ཀྱིན་ཡོད། གསོ་རིག་ཆེད་མཁས་པ་རྣམས་ཀྱིས་སྒྲུབ་ཐུབ་པ་ཞིག་ནི་མཆིན་པའི་ནུས་པ་དེ་རྒྱུན་ལྡན་གྱི་རྣམ་པར་གནས་ཐུབ་པར་བྱེད་པ་དེ་རེད། རྒྱུ་མཚན་ནི་མཆིན་པར་གཉན་ཚད་རྒྱས་ཚེ། གཉན་ཚད་རྒྱས་པའི་གནས་དེ་རང་ཤུགས་ཀྱིས་སླར་སོས་པ་ཡིན་ལ། མཆིན་པར་མཆིན་པའི་གཉན་ཚད་འགོག་པའི་ནུས་པ་ཡོད་པའང་དེ་བཞིན་རེད། 
        མཆིན་པར་ཡང་ཡང་གནོད་པ་ཐེབས་པ་དང་ནུས་པ་ཉམས་པ། སླར་སོས་རྗེས། མཆིན་པ་ཚིན་འགྱུར་ཅན་ཏུ་གྱུར་ཏེ། མཆིན་པའི་རྒྱུན་ལྡན་གྱི་གྲུབ་ཚུལ་ལ་གནོད་པ་གཏོང་བ་དང་། དེ་ལྟར་ཡུན་རིང་འགོར་ཚེ། མཆིན་པ་སྲ་འགྱུར་སོགས་ཀྱི་ནད་རྟགས་འབྱུང་བ་རེད། སྐབས་དེར་དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ། མཆིན་པའི་འབྲས་སྐྲན་དུ་འགྱུར་སྲིད། གསོ་རིག་ཆེད་མཁས་པས་བཅོས་དཀའ་བའི་ནད་འདི་གསོ་བཅོས་བྱེད་པའི་དམིགས་འབེན་ནི་མཆིན་པ་སྲ་འགྱུར་དང་མཆིན་པའི་འབྲས་སྐྲན་དུ་མི་འགྱུར་བར་བྱེད་རྒྱུ་དེ་རེད། ཡང་གཅིག་བཤད་ན། མཆིན་ཚད་ཁ་པའི་ནད་དུག་འགོག་པའི་གསོ་བཅོས་ཀྱི་དམིགས་ཡུལ་ནི་ནད་དུག་སྔོན་འགོག་བྱས་ཏེ་མཆིན་པའི་གཉན་ཚད་སེལ་རྒྱུ་དེ་རེད། གལ་ཏེ་མཆིན་པའི་ནུས་པ་རྒྱུན་ལྡན་ཡིན་པ་དང་། གཉན་ཚད་རྒྱས་པའི་སྣང་ཚུལ་མེད་ཚེ། ནད་དུག་འགོག་པའི་གསོ་བཅོས་བྱེད་མི་དགོས། 
        གཉིས། ནད་རྟགས་ཅི་ཡང་མེད་པའི་སྐབས་སུ་ནད་དུག་འགོག་པའི་གསོ་བཅོས་མ་བྱས་ན་བཟང་། མཆིན་པར་གཉན་ཚད་རྒྱས་པ་སོགས་ཀྱི་ནད་རྟགས་མེད་ཚེ། དེ་ལ་གསོ་བཅོས་བྱེད་མི་དགོས། རྒྱུ་མཚན་ནི་ལུས་ཀྱི་རིམས་འགོག་ནུས་པ་ལེགས་པའི་མི་ལ་ལར་མཚོན་ན། ནད་རྟགས་ཅི་ཡང་མེད་པའི་སྐབས་སུ་གསོ་བཅོས་མ་བྱས་ནའང་རང་ཤུགས་སུ་དྲག་འགྲོ་བ་དང་། དེ་ལས་ལྡོག་སྟེ་ནད་རྟགས་མེད་པའི་སྐབས་སུ་ནད་དུག་འགོག་པའི་སྨན་རྫས་གང་འདོད་དུ་བསྟེན་ན། ནད་དུག་འགོག་མི་ཐུབ་པར་མ་ཟད་ད་རུང་ཇེ་སྡུག་ཏུ་གཏོང་སྲིད། 
        གསུམ། མིག་སྔར་ནད་དུག་འགོག་པར་ཆེས་ཕན་པའི་སྨན་རྫས་མེད། མཆིན་ཚད་གསོ་བཅོས་བྱེད་པའི་སྨན་རྫས་ལ་གཙོ་བོ་ཉིང་ཀམ་རིགས་དང་འགལ་རྐྱེན་རྒྱུ་མ་གཏོགས་མེད། ཡུན་རིང་གསོ་བཅོས་བྱས་རྗེས། མཆིན་ཚད་ནད་དུག་རྩ་བ་ནས་སེལ་མ་ཐུབ་ཚེ། སྨན་གོམས་རང་བཞིན་དང་ངོ་བོ་གཞན་འགྱུར་གྱི་སྣང་ཚུལ་སློང་སྲིད། དེའི་སྐབས་སུ་མཆིན་པར་གཉན་ཚད་རྒྱས་ཚེ། སྨན་གང་མང་བསྟེན་རུང་། སྨན་རྫས་གོམས་ལོབས་སུ་གྱུར་བའི་དབང་གིས་ནད་དུག་གཏན་ནས་འགོག་མི་ཐུབ་པ་རེད། 
        སྤྱིར་བཏང་དུ་སྣང་ཚུལ་རིགས་གསུམ་ལ་ནད་དུག་འགོག་པའི་སྨན་བཅོས་བྱེད་དགོས། 
        མཆིན་ཚད་ནད་དུག་འགོས་པའི་ནད་པས་ནད་དུག་འགོག་པའི་གསོ་བཅོས་བྱེད་དགོས་མིན་ཏེ། གཙོ་བོ་དྭངས་ཁྲག་ཨེམ་སྒྱུར་རྩབས་དང་མཆིན་པའི་ནད་རིགས་ཚབས་ཆེ་ཆུང་གི་ལྟར་ཏུ་ཐག་གཅོད་བྱེད་དགོས། དེ་མིན་ད་རུང་ནད་པའི་ལོ་ཚོད་དང་ཁྱིམ་རྒྱུད་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ནད་བབ་ཀྱི་འགྱུར་ལྡོག་ལྟར་ནད་དུག་འགོག་པའི་གསོ་བཅོས་བྱེད་དགོས་མིན་དེ་ཐག་གཅོད་བྱེད་དགོས། དེ་ལ་བྱེ་བྲག་ཏུ་རིགས་གསུམ་ཡོད་དེ། 
        གཅིག ནད་ཐོག་གི་ཞིབ་བཤེར་ཚད་ལེན་བྱས་ཏེ། མཆིན་པར་གཉན་ཚད་རྒྱས་པའི་ནད་རྟགས་མངོན་གསལ་ཡོད་པའི་ནད་པ་ཡིན་པ། 
        མཆིན་ཚད་ཁ་པའིeགདོད་འགོག་གདགས་གཤིས་ནད་པ་དང་། མཆིན་ཚད་ཁ་པའིeགདོད་འགོག་སྲིབས་གཤིས་ནད་པ། ཨེམ་སྒྱུར་རྩབས་ཀྱི་ཚད་སྤྱིར་བཏང་དུ་ལྡབ་གཉིས་ཀྱི་རྒྱུན་ལྡན་ཚད་ཐིག་ལས་མཐོ་བའི་ནད་པ་བཅས་ཡིན། 
        གཉིས། ནད་གཞིར་ཞིབ་བཤེར་བྱས་ཏེ་མངོན་གསལ་གྱི་ནད་རྟགས་ཡོད་པའི་ནད་པ་ཡིན་པ། 
        མཆིན་པར་གཉན་ཚད་རྒྱས་ནས་ཨེམ་སྒྱུར་རྩབས་མུ་མཐུད་དུ་ཇེ་མཐོར་འགྲོ་བའི་ནད་པ་དང་། ཁྱད་པར་དུ་ལོ་ཚོད་སུམ་ཅུ་ལས་བརྒལ་བའི་ནད་པ་དང་མཆིན་པ་སྲ་འགྱུར་དང་ཁྱིམ་རྒྱུད་ལ་མཆིན་པའི་ནད་ཡོད་པ་བཅས་ཀྱིས་ངེས་པར་དུ་གསོ་བཅོས་བཟང་པོ་བྱེད་དགོས། 
        གསུམ། མཆིན་པ་སྲ་འགྱུར་གྱི་ནད་པ་ཡིན་པ། 
        མཆིན་པ་སྲ་འགྱུར་གྱི་ནད་ལ་ངོས་འཛིན་བྱས་ཚེ། སྔ་མོ་ནས་ནད་དུག་འགོག་པའི་གསོ་བཅོས་བྱེད་དགོས། ཁྱད་པར་དུ་གསལ་འདེབས་བྱེད་དགོས་པ་ཞིག་ནི། གསོ་བཅོས་བྱེད་སྐབས་མཆིན་ཚད་ཁ་པ་ལས་གཞན་པའི་མཆིན་ནད་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་ཏེ། དཔེར་ན། མཆིན་ཚད་ཀ་པ་དང་ཅ་རིགས་མཆིན་ཚད་སོགས་ནད་དུག་རང་བཞིན་གྱི་མཆིན་ཚད་གཞན་དག་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་། ཡང་ན་སྨན་རྫས་དང་ཆང་བཅུད། རིམས་འགོག་སོགས་རྒྱུ་རྐྱེན་གཞན་པས་བསླངས་བའི་ཨེམ་སྒྱུར་རྩབས་ཇེ་མཐོར་འགྲོ་བའི་མཆིན་ནད་ལྟ་བུ་རེད། མིག་སྔར་མཆིན་ཚད་ཁ་པའི་ནད་དུག་འགོག་པའི་བྱེད་ཐབས་ལེགས་པོ་ཞིག་མེད་པས། ནད་དུག་རྩ་བ་ནས་སེལ་མི་ཐུབ་པ་རེད། དེར་བརྟེན། མངོན་རྟགས་ཅི་ཡང་མེད་པའི་དུས་སུ་ནད་དུག་འགོག་པའི་སྨན་རྫས་སོགས་མ་བསྟེན་ན་བཟང་། དེ་ལས་ལྡོག་ཚེ་མཆིན་པའི་ནད་རྟགས་མངོན་དུས་སྨན་རྫས་ཀྱིས་གསོ་བཅོས་བྱེད་པར་ཕན་ནུས་མི་ཐོན་པར་མ་ཟད། ད་རུང་ནད་གཞི་ཇེ་སྡུག་ཏུ་གཏོང་སྲིད། 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1