སློབ་གསོའི་བླང་བྱ་ལས་འཕྲོས་པའི་གཏམ།

ཀན་ལྷོ་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭ། ཆ་རིས་པ་མགོན་པོ་ཚེ་རིང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-08


   [གནད་བཏུས] སློབ་གསོར་མཚོན་ན་སྤྲོ་བ་དང་དུས་ཚོད། ལས་ཕྱོད་གསུམ་ནི་གཞི་རྐང་གལ་ཆེན་གསུམ་དུ་ཆགས་ཤིང་། དཔྱད་རྩོམ་འདིར་དེའི་ངོ་བོ་དང་ཕན་ཚུན་གྱི་འབྲེལ་བའི་ཆར་དཔྱད་པ་བཏང་ནས་རྩིས་རིག་གི་སྤྱི་འགྲོས་རྣམ་པར་སྦྱར་ཏེ་འགྲེལ་ཡོད།
   [གནད་ཚིག] སློབ་གསོ། སྤྲོ་བ། དུས་ཚོད། ལས་ཕྱོད། སྤྱི་འགྲོས།
   སློབ་མ་སློབ་པར་སྤྲོ་ཞིང་བསླབས་འབྲས་སོགས་འབུར་དུ་ཐོན་པ་ནི་དགེ་རྒན་དང་ཕ་མ་ཕུལ་བྱུང་པ་ཞིག་གི་ཤུགས་རྐྱེན་ནམ་འཁྲིད་ནུས་ཀྱིས་བསླངས་པའི་འབྲས་བུར་ངེས་ཤིང་། དེ་བཞིན་སློབ་སྦྱོང་ལ་སུན་སྣང་སྐྱེས་ཤིང་ཀུན་སྤྱོད་སོགས་མི་ལེགས་པའི་སློབ་མ་ནི། དགེ་རྒན་དང་ཕ་མའི་བྱམས་བརྩེ་དང་རྩིས་མཐོང་གི་ཐུ་འོག་ལས་ཕུད་པ་ཤ་སྟག་ཡིན། སློབ་གསོ་མཁན་པོ་སུའུ་ཧོ་མོའུ་ལིན་སི་ཅི་ཡིས་སྐྱོང་མི་ཐུབ་པའི་སློབ་མ་ཞིག་མེད་ཅེས་པའི་གཏན་ཚིགས་ཀྱིས་ང་ཚོའི་སློབ་གསོར་གདེང་འཇོག་ཆེན་པོ་བྱས་མུར། བླང་བྱ་གཏོས་ཆེ་བ་ཞིག་ངང་གིས་བཏོན་བྱུང་བ་ངང་ངམ་ཤུགས་ཀྱིས་ཚེགས་མེད་དུ་རྟོགས་ཐུབ། དཔེར་ན། ཆེས་སྤྱིར་བཏང་གི་རྣམ་པ་སྟེ།“སྤྲོ་བའི་མིག་དབང་དང་བརྩེ་བའི་འཛུམ་མདངས། སུན་མེད་ཀྱི་མཉན་པ། ཕུན་སུམ་ཚོགས་པའི་སྦྱོར་བ། གསོན་ཉམས་ལྡན་པའི་བརྗོད་པ། འགྱུར་ཁུགས་ལྡན་པའི་གསུང་སྐད། ཞིབ་ཚགས་ཀྱི་སེམས་འཁུར། རང་འགུལ་གྱི་འབྲེལ་འདྲིས”①སོགས་ནི་དགེ་རྒན་ཁྱད་དུ་འཕགས་པ་ཞིག་གི་ཁྱད་ཆོས་མངོན་པར་དོད་ཡུལ་ཡིན་ཞིང་།“དགེ་རྒན་རྣམ་དག་ཅིག་གིས་སློབ་མར་བག་ཆགས་ཟབ་ཅིང་ཡུན་བརྟན་པ་ཞིག་འཇོག་ཤ་སྟག”②ཡིན་པ་དང་། སྔ་མའི་ལྟ་བ་སྟེ་དགེ་རྒན་ནི་ལམ་འཁྲིད་པའི་ལས་འགན་པར་བསྒྱུར་བཅོས་བཏང་ནས་ལམ་སྟོན་པ་འབའ་ཞིག་གི་ཁུར་བཞེས་རྒྱུ་ནི་དེང་གི་སློབ་གསོའི་བླང་བྱ་ཉིད་དུ་ཁུམས། དེང་གི་སྐབས་འདིར་ང་ཚོ་སྲིད་འབྱོར་རིག་གསུམ་གྱི་དགོས་མཁོ་དང་ངར་ཤུགས་སུ་བསྡོངས་ནས་དུས་རབས་ཉེར་གཅིག་པའི་སྒོ་གླེགས་ཡངས་པོར་ཕྱེ་བྱུང་། དེས་ན“མི་ནི་ཕན་ནུས་ཆེས་མཐོ་བ་ཅན་སྙེག་མཁན་ཡིན”③ པའི་ཆ་ནས་སློབ་གསོའང་དེ་ལས་མ་འདས་ཤིང་། ཡང“གནད་དོན་མང་དག་ཅིག་གི་གཞི་རྩ་ནི་ཁེ་ཕན་དུ་ཐེ་ཞིང་། ཁེ་ཕན་གྱི་རྨང་གཞི་ནི་ཐོན་ཁུངས་ཡིན”④རྐྱེན་རང་གི་མཐོང་ཐོས་མྱོང་གསུམ་གྱི་བརྒྱུད་རིམ་ལས་སློབ་གསོའི་ལས་འདི་དཔལ་འབྱོར་རིག་པའི་ཐབས་ལམ་དང་ཟླ་སྒྲིལ་བྱས་ཙ་ན། ང་རང་གིས་སློབ་མའི་བསླབས་འབྲས་སམ་གསོ་སྐྱོང་གི་ཕན་འབྲས་སུ་བསམ་ཞིབ་དང་ལབ་གླེང་མི་ཉུང་བ་ཞིག་བྱས་མཐར་ཐོབ་པའི་འབྲས་བུ་སྟེ། སྤྲོ་བ་དང་དུས་ཚོད། ལས་ཕྱོད་བཅས་ཕྱོགས་གསུམ་ནི་རྨང་གཞིར་གྱུར་ཅིང་། དེ་དག་ནི་སློབ་གསོའི་འབྲས་བུ་བསྐྱེད་པའི་འཇུག་སྒོ་དང་བྱེད་ཐབས་སུ་ཡང་དག་ཏུ་སྤྱད་ཚེ་ད་གཟོད་དགེ་སློབ་ཀྱི་འབད་འབྲས་སུ་སྟོན་འབྲས་ཤིག་སྨིན་ཐུབ་པ་ནི། ང་རང་གིས་ལོ་བཅུ་ཕྲག་ཏུ་སློབ་གསོའི་ལས་གནས་སུ་ལུས་སེམས་ཀྱིས་འབད་པའི་ཐོབ་འབྲས་ཏོག་ཙམ་དུ་ཤར་བར་སྙམ། འོན་ཀྱང་རྒྱུ་འདི་དག་ནི་རྐྱང་བ་ཞིག་ཡེ་ནས་མ་ཡིན་པས་གཤམ་ནས་རིམ་པར་འཆད་པར་བྱའོ། །
   གཅིག སྤྲོ་བ།
   “སློབ་གསོ་ནི་བདེན་པ་འཚོལ་སྙེག་བྱེད་པའི་སྒྱུ་རྩལ་ཞིག་སྟེ། ཁྲིད་པ་ཇི་སྙེད་བདེན་འཚོལ་དང་།བསླབ་པ་ཇི་སྙེད་དྲང་བདེན་ཡིན”⑤ པར་བརྗོད་པ་བཞིན་ང་ཚོས་རླབས་ཆེ་བའི་དོན་འདིའི་རྨང་གཞི་ནི་སྤྲོ་བ་ནས་དབུ་བསླང་དགོས་ཤིང་། ཡང་དགེ་སློབ་ཀྱི་སྤྲོ་བར་རྒྱུ་ཚོགས་མི་ཉུང་བ་ཞིག་འདུས་པ་ལས་ཐོག་མར་དགེ་རྒན་རང་གི་ཆ་ནས། སློབ་གསོའི་ལས་རིགས་འདིར་དུངས་ཞེན་དང་གལ་འགངས་ཆེ་བའི་ཆར་ཕྱོགས་པའི་བསམ་བློའམ་ཀུན་སློང་བརྟན་པོར་བཟུང་ནས། རྒྱལ་ཁབ་དང་མི་རིགས་ཀྱི་དགོས་མཁོའི་ཟུར་ནས་གླེང་བར་ལས་དོན་རླབས་ཆེན་དང་། ཆོས་ལུགས་དད་མོས་ཀྱི་ཆ་ནས་རྣམ་དཀར་དགེ་བའི་ལས་ཉིད་དུ་གོ་ཕྱིར། བྱམས་སེམས་དང་སྙིང་རྗེ། བརྩེ་བ་ནི་རྨང་རྟིང་དེའི་འཇུག་ངོགས་རྣལ་མ་ཡིན་པར་རྟོགས་པ་ནི་དགེ་རྒན་གྱི་སྤྲོ་བའི་ཁུངས་སུ་སྨིན་པར་རིགས། སློབ་གསོ་མཁན་པོ་ཞིག་གི་གསུང་དུ། སློབ་མ་ཚོ་སློབ་སྦྱོང་ལ་སྤྲོ་བ་ཡོད་མེད་དེ་གཙོ་བོ་བསླབ་ཚན་དེ་ལ་དགའ་ནས་ངེས་པ་དྲངས་པའི་ཤེས་འདོད་ཡོད་མེད་ལ་རག་ལས་ཀྱི་ཡོད་རྐྱེན། དགེ་རྒན་རྣམ་པ་ཚོས་སྐབས་སོ་སོའི་བསླབ་ཚན་གྱི་ཆེ་བ་བརྗོད་ནས་བསླབ་ཚན་ལ་སྦྱང་འདོད་ཀྱི་དང་བ་འདྲེན་པ་དང་སྤྲོ་བ་ཡོད་པ་ཞིག་བཟོ་དགོས་པ་གལ་ཆེན་པོ་རེད་ཅེས་པ་བཞིན། ཚུལ་དང་མཐུན་པའི་དགེ་རྒན་ཞིག་གི་ཡོན་ཏན་གྱིས་སློབ་མའི་ཤེས་ཡོན་གྱི་འདོད་པའི་སྣོད་ཁ་འབྱེད་ཐུབ་ཅིང་། ཅི་འདོད་ཀྱི་ཤེས་ཡོན་བློ་རིག་གི་གཤིན་སར་བདུད་རྩིའི་ཆར་དུ་བསྙིལ་ཤ་སྟག་ཡིན། དེ་བཞིན་ཇི་སྐད་དུ།“མཁས་པ་བྱ་བ་ཕུང་པོ་དང་ཁམས་སྐྱེ་མཆེད་དང་མིང་གི་རྣམ་གྲངས་འབྱེད་པའི་ཁྱབ་པ་དང་ཁྱབ་བྱེད་ལ་མཁས་པ་མི་ཟེར། སློབ་མའི་བློ་ཁྲིད་ཤེས་པ་ལ་མཁས་པ་ཟེར།”⑥ དགེ་རྒན་གྱི་སྦྱོར་བ་ཇི་སྙེད་ལས་དཔེར་ན། སློབ་མའི་གཏམ་སྤྱོད་ཅི་རིགས་སུ་གང་བསྟུན་འོས་མཐུན་གྱི་བབ་དང་སྦྲེལ་ཏེ་སྐུལ་འདེད་བྱེད་པ། ཞིབ་མོའི་བློ་ཡིས་རྩིས་མཐོང་གི་བསྟོད་པར་བསྲི་ཚགས་མེད་པ། འཇམ་པོའི་ཚིག་གིས་རེ་ལྟོས་ཀྱི་ཞགས་པ་བློ་རུ་བསྐོན་པ། རྣོ་དབལ་ལྡན་པའི་སྤྱན་མདངས་ཀྱིས་བག་ཉལ་གྱི་མྱུ་གུ་སྒུལ་བ། གསལ་ཞིང་དྭངས་པའི་གསུང་སྙན་གྱིས་སེམས་གཏིང་གི་སྨྲ་བརྗོད་འཛིན་མཁས་པ། བྱམས་བརྩེའི་ཞལ་རས་ཤེས་ཡོན་གྱི་གཡབ་མོར་ཆས་པ། སློབ་མའི་མཐོང་ཐོས་མཐའ་དག་ཏུ་དགེ་རྒན་ནི་དཔེ་གཞི་རྣལ་མར་གྲུབ་ཕྱིན་ད་གཟོད་དགེ་རྒན་ནི་ཤེས་ཡོན་གྱི་ཚབ་མཚོན་དུ་འགྱུར་ཞིང་དེ་ནི་ཕུལ་བྱུང་སློབ་མའི་རྨ་མེད་ཀྱི་གཏམ་དུ་ལྷགས། དེ་ལྟར་ན། ཨ་རིའི་རྩོམ་པ་པོ་ཧར་རེ་ལེ་ཡིས“ངའི་ཉམས་མྱོང་ལྟར་ན་བྱ་གཞག་ལ་ཧུར་བརྩོན་བྱེད་པའི་མི་ནི་ཆེས་སྤྲོ་བ་ཅན་གྱི་མི་ཡིན”⑦ པར་གསུངས་པ་ལས་ང་ཚོས་རང་གི་བགྱི་འགན་གྱི་དོན་སྙིང་དང་ཐོབ་བྱར་བསམ་ཞིབ་ཅིག་བྱེད་རན་རེད། སློབ་གསོ་མཁན་པོ་སི་པིན་སེས“སློབ་གསོ་ནི་སྤྲོ་བ་ཅན་ཞིག་དང་སློབ་གསོའི་དམིགས་འདུན་ཏེ། སློབ་མ་ནི་མི་སྤྲོ་བ་ཅན་ཞིག་དང་སློབ་གསོའི་ཐབས་ལམ་སོགས་ནི་ཡང་སྤྲོ་བ་ཅན་ཞིག་ཡིན་འོས”⑧ པར་བརྗོད་པ་ནི་དོན་གནད་འདུས་པའི་གཏམ་དུ་མངོན། སློབ་གསོ་ཁུར་དུ་བཞེས་པའི་དགེ་རྒན་ཁ་ཅིག་གིས་རིག་གནས་རྩིས་མེད་དུ་བཏང་ཞིང་།གཏམ་ངན་སྤྱོད་རེངས་དག་འཛེམ་མེད་སྒོས་སློབ་མའི་མཐོང་ཐོས་ཅི་རིགས་སུ་འགྲེམ་པ་ནི་རང་གི་བརླ་འཚོང་དང་། དགེ་རྒན་གྱི་དཔུང་སྡེ་ཆེན་པོའི་ཅོ་འདྲི་ཡུལ་དང་སྨ་འབེབས་པའི་གནས་སུ་བཀྲམ་པའི་དུག་རྫས་ཉིད། དེ་བས་དགེ་རྒན་རབ་འབྲིང་ཐ་གསུམ་གྱིས་སློབ་མ་རབ་འབྲིང་ཐ་གསུམ་དུ་སྐྱོང་ཞིང་། སློབ་པའི་སྤྲོ་བའང་ཆེ་འབྲིང་ཆུང་གསུམ་དང་ཐ་ན་སྤྲོ་བ་མེད་པའི་སློབ་མར་བསྒྱུར་ཙ་ན། དགེ་རྒན་དེ་དག་གིས་རྒྱལ་ཁབ་དང་མི་རིགས་ཀྱི་བགྱི་འགན་ཁུར་དུ་བཞེས་རྒྱུ་ལྟ་ཞོག གཏེ་བོ་བསྙོན་མེད་དུ་གྱུར་འདུག་པ་ནི་གཏམ་ཙམ་མ་ཡིན་པའི་དོན་དངོས་ཡིན། ཇི་སྐད་དུ།“ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། ། འདུན་པའི་རྩེ་ལ་རབ་ཏུ་གནས། །”⑨ ཞེས་པའི་མདོ་དོན་སྤྲོ་བ་ནི་བག་ཉལ་གྱི་ནུས་ཤུགས་ཕྱི་རུ་འབྱིན་པའི་ལྕགས་ཀྱུ་དམ་པ་ལགས་པས་དགེ་རྒན་རྣམ་པས་རང་གཞན་གྱི་སྤྲོ་བའི་རིན་ཐང་ནི་གསན་བྱ་གལ་ཆེན་ཡིན་པ་དང་། དེ་ནི་ཅིས་ཀྱང་ངེས་དགོས་པའི་གནད་དོན་འགངས་ཆེན་ཞིག་ཡིན་ནོ། །
   གཉིས། དུས་ཚོད།
   རྒྱ་གར་གྱི་སྙན་ངག་མཁན་པོ་ཐེ་ཀོར་གྱིས་བྱ་དངོས་ཅི་རིགས་དུས་ཀྱི་ཁྱུར་མིད་ལས་འགོང་ཐབས་མེད་ཅེས་པ་དང་།“འཇིག་རྟེན་དུ་ཆེས་རྩ་ཆེ་བ་ནི་བསམ་བློ་དང་ཆེས་གཅེས་སུ་འོས་པ་ནི་དུས་ཚོད་ཡིན”⑩ པའི་ཡང་དག་ཚད་མའི་གཏམ་གྱིས་དུས་ཀྱི་རིན་ཐང་གསལ་བར་འབྲེལ་ཡོད་། ཇི་སྐད་དུ། དུས་ཚོད་ཆུད་ཟོས་ཀྱི་ཆེས་ཚབས་ཆེ་བའི་རང་བཞིན་ནི། དུས་ཚོད་ཉིད་ལས་འདས་པའི་ལུས་སྟོབས་སེམས་ཤུགས་ཡིན་པར་བརྗོད་པ་དང་། སློབ་གསོའི་བརྒྱུད་རིམ་དུའང་ཚད་དེ་ལས་མ་འདས་ཏེ། བྱིས་སྙོར་ཁང་ནས་སློབ་ཆེན་གྱི་བར་དུ་ཕ་མས་ཡིད་ཆེས་དང་བཅས་ཏེ་རང་གི་གཅེས་ཕྲུག་གསོ་སྐྱོང་བྱེད་པའི་ལས་དོན་ཆེན་པོ་དེ་དགེ་རྒན་ལ་སྤྲད། བྱིས་པ་ནས་དར་མའི་བར་དུ་མི་ལོ་བཅུ་ཕྲག་གི་དུས་ཡུན་སློབ་གྲྭ་རུ་སྐྱེལ་ཞིང་། དོན་གྱིས་སློབ་མས་མི་ཚེའི་གསེར་ལྟ་བུའི་དུས་ཡུན་དེ་དག་སློབ་གྲྭ་རུ་འཛད་པར་ཐོབ་ཤོར་མཉམ་པའི་འབྲས་བུ་ཞིག་རྙེད་ཡོད་དམ། ཚད་ཐིག་བདེན་དོན་གྱི་སྲང་ཁར་གཞལ་ཚེ་སློབ་གྲྭ་དང་དགེ་རྒན་གྱི་འགན་འཁྲིར་དཔྱད་གཏམ་སྙན་མོ་ཞིག་ཐོབ་སྲིད་དམ། དགེ་རྒན་རང་གི་མི་ཚེ་དང་སློབ་མའི་ན་ཚོད་གཉིས་ཀྱི་སྡོམ་དེའི་རིན་ཐང་ནི་སུ་ཞིག་གིས་ཀྱང་རིན་གྱིས་མི་ཁུག་ཅིང་། དོན་དམ་པར་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་གི་འབྱུང་ཁུངས་དངོས་ཡིན་པས། གཞི་འདིར་རྡོག་བརྫིས་གཏོང་མཁན་དང་བསླུ་སྦྱོར་བཤམ་མཁན་གྱི་ཉེས་པ་ནི་གནམ་འོག་ཏུ་ཤོང་དཀའ་བ་ནི་ངལ་མེད་ངང་ང་ཚོས་རྟོགས་ཐུབ།
   དགེ་རྒན་གྱིས་ངེས་དགོས་པ་ཞིག་སྟེ། སློབ་ཁྲིད་དང་སློབ་མར་ལབ་གླེང་བྱེད་པའི་སྐབས་སུ་རང་གཞན་གཉིས་ཀྱི་དུས་ཚོད་ནི་ཆུ་མོའི་རྒྱུན་དང་སྦྲགས་ཏེ་བཞུར་ཞིང་། རྦབ་རྡོའི་འགྲོས་དང་བསྡོངས་ནས་འགྲིལ་བཞིན་པའི་རྐྱེན་གྱིས་ཉོག་གཏམ་དང་དོན་མེད་སྦྱོར་བའི་གྱོང་གུད་དབྲི་བར་འཚལ། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་ལོག་ཁྲིད་ཡིན། རིན་ཐང་གཞལ་དུ་མེད་པའི་སློབ་མའི་དུས་སུ་ལོག་ཁྲིད་བྱས་པའི་ཉེས་པ་བླ་ལྷག་གིས་ཆེ་བ་སྟེ།“དུས་སྤྱོད་ཡུལ་འཁྲུལ་བ་ནི་དུས་སྟོང་ཟད་ལས་ཀྱང་གྱོང་གུད་ཆེ་ཞིང་། སློབ་གསོ་གོ་འཛོལ་ཐེབས་པའི་བྱིས་པ་ནི་སློབ་གསོ་མ་མྱངས་པའི་བྱིས་པ་ལས་ཀྱང་ཤེས་རབ་དང་བར་ཐག་རིང11” བའི་གསུང་ནི་ཇི་འདྲའི་སྐྱི་གཡའ་བ་ཞིག་རེད། འཛིན་གྲྭ་གཅིག་དང་རབས་གཅིག་གི་དུས་ཚོད་ཀྱི་རིན་ཐང་དུ་བསམ་ཞིབ་ཅིག་བྱས་ཚེ་དགེ་རྒན་ནི་འཛད་སྤྱོད་མཁན་ཤ་སྟག་ཡིན་མུར་ཐོབ་ཤོར་གྱི་ཆར་འཇིགས་ཡེར་བའི་སྣང་བ་ཞིག་ངང་གིས་འབྱུང་། ཡང་མི་ཚེ་སློབ་གསོར་ཕུལ་བ་ཞིག་ལ་མཚོན་ན་ཁོའི་འགན་འཁྲི་ནི་མཐོ་བའི་མཁའ་དབྱིངས་དང་ཟབ་པ་རྒྱ་མཚོའི་འཇིངས་ལས་ཀྱང་ལྡབ་སྟོང་ཕྲག་གིས་བརྒལ་བར་སོམ་ཉི་བྲལ་བ་ནི། མི་སྒེར་དང་མི་རིགས། རྒྱལ་ཁབ་གསུམ་གྱི་འབྱུང་འགྱུར་དགེ་རྒན་གྱིས་བཞེངས་སྐྲུན་བྱེད་བཞིན་པས་ཡིན། གཞི་འདི་ལས་དགེ་སློབ་ཀྱི་དུས་ཀྱི་རིན་ཐང་གསལ་བོར་མངོན། ཇི་སྐད་དུ། དགེ་རྒན་ཚོའི་སེམས་ནང་ལ་ལྷད་མེད་པའི་ལྷག་བསམ་དང་བརྩེ་བ་ཞིག་ཡོད་ཕྱིན། དཔེ་ཁྲིད་གནང་སྟངས་མཁས་པོ་དང་སྙན་པོ་ཞིག་མེད་ནའང་སློབ་མ་ལ་ཕན་ཐོགས་ཀྱི་ཡོད། ཡིན་ནའང་དགེ་རྒན་དང་མགོ་ཁྲིད་ཁ་ཅིག་ནི་གོང་རིམ་དུ་ཚུལ་འཆོས་ཀྱི་སྦྱོར་བ་བཤམ་མཁས་པ་ལས་རང་རྒྱུད་དུ་ཕན་སེམས་ཏིལ་འབྲུ་ཙམ་ཡང་མེད་ཀྱང་དགེ་རྒན་ཕུལ་བྱུང་བ་དང་སྔོན་ཐོན་པའི་མིང་སྐམ་དང་ཐོབ་རུལ་ཁུར་ནས་ཡོད་པ་ནི། དྲང་བདེན་ཁྱད་དུ་གསོད་པའི་དགྲ་བོ་སྟེ། དོན་གྱིས་སློབ་གསོའི་གཤེད་མ་འབའ་ཞིག་ལས་མ་འདས། སློབ་གསོས་མི་ཚེར་སྐྱ་ཐིག་འདེབས་པ་དང་དེར་སྤྱད་པའི་དུས་ཀྱི་རིན་ཐང་ངེས་ཤིང་གཅེས་སྤྲས་བྱ་རྒྱུ་ནི་དགེ་རྒན་གྱི་ཆེས་ཐོག་མར་གྱུར་པའི་བླང་བྱ་ཡིན། བསམ་ཞིབ་ཀྱི་དྲན་པའི་ཀློང་ནས་ལན་རེར་ལས་འདིར་ཞུགས་པའི་རང་ཉིད་གཙོས་པའི་མི་ཚོགས་འདིར་ཞེ་ཐག་ཆད་ཅིང་སྐྱོ་བ་སྐྱེ། དུས་ཚོད་ནི་མི་ཚེ་ཉིད་དང་སྲིད་འབྱོར་རིག་གསུམ་གྱི་ས་བོན་ལགས་པས་རང་གཞན་གྱི་ནོར་འདི་ཆུད་ཟོས་སུ་མི་གཏོང་བ་ནི་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་དོད་དུ་བསྐྱར་ཏེ་གདམས་པ་ལགས།
   གསུམ། ལས་ཕྱོད།
   ལས་ཕྱོད་ཅེས་པ་ནི་དཔལ་འབྱོར་རིག་པའི་མིང་ཚིག་ཅིག་ཡིན་ཞིང་གོ་དོན་ནི།“གང་ཅི་ཐུབ་ཀྱིས་ཕན་ནུས་ལྡན་པའི་ངང་དཔལ་འབྱོར་དེའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ་མི་རྣམས་ཀྱི་དགོས་མཁོ་དང་རེ་བ་འགྲུབ་པར་བྱེད་པ་དེ་ཡིན”12ཞིང་། འདིར་དགེ་རྒན་གྱི་སློབ་ཁྲིད་ཕན་ནུས་ཀྱི་ཚད་དང་སློབ་མའི་ཤེས་ཚད་དམ་བློར་ངེས་ཚད་དེ་བྱས་པའི་འབྲས་བུའི་སྤུས་ཚད་དུ་བརྗོད་པ་དང་། དེར་དགེ་རྒན་གྱི་ལས་ཕྱོད་དང་སློབ་མའི་ལས་ཕྱོད་ཅེས་རིགས་གཉིས་སུ་འདུ། དགེ་རྒན་གྱི་ལས་ཕྱོད་ནི་སློབ་གསོའི་འབྲས་བུའི་ཚད་དུ་བརྗོད་པ་སྟེ། དཔེར་ན། སློབ་ཁྲིད་དུ“བྱིས་པ་ཐང་སྟོང་དུ་འཁྱམས་པ་བཞིན་བཤད་ན་ནོར་འཁྲུལ་འབྱུང་བའི་སྐྱོན། རྒན་པོ་སོ་མེད་ཀྱིས་ཟས་ཟ་བ་བཞིན་བཤད་ན་དཀའ་གནད་ལུས་པའི་སྐྱོན། བྱ་རོག་གིས་ཚང་འཆའ་བ་བཞིན་བཤད་ན་དོན་ལ་མི་འབྲེལ་བའི་སྐྱོན། གླེན་མས་བུ་ཆུང་གསོ་བ་བཞིན་བཤད་ན་ཡུལ་ལ་མི་བསྟུན་པའི་སྐྱོན”13 ལྟ་བུ་སོགས་འབྱུང་བའི་སྔོན་འགོག་ཏུ་འོས་འཚམ་གྱི་ཐབས་སྤྱད་དེ། འཁྲིད་བྱ་དང་ཉན་མཁན་གྱི་བར་དུ་སྦྲེལ་ཟམ་ལྟ་བུའི་གོ་སླ་འཛིན་བདེ། སྤྲོ་བ་སློང་བའི་མཚམས་ལེགས་པར་སྦྱོར་རྒྱུ་ནི་ལས་ཕྱོད་མཐོ་བའི་ཆ་ཞིག་ཡིན། དེ་བཞིན་གཏམ་སྤྱོད་ལྟ་གསུམ་གྱི་ཐད་ནས་ཀྱང་སློབ་མ་ལེགས་ལམ་དུ་འགུག་པའི་ཀུན་སློང་དང་དམིགས་འབེན་ལྡན་དགོས་པ་ནི་སློབ་གསོའི་བླང་བྱ་ཉིད་དུ་མཆིས། སློབ་མའི་ཆ་ནས་བློ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་དུ་གཞིགས་ཏེ།“བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་གཟུང་བདེ་གོ་སླ་བ། ། ཕྱི་ནས་ཚིག་དོན་འབྲེལ་ཆགས་ས། ། དོན་ཕྲ་འགལ་འབྲེལ་དཔྱད་ཅིང་བཤད། །སློབ་མ་ཚིག་དང་དོན་ལ་འབྲེལ། ། དེ་ལས་བཟློག་ན་མཁས་རྨོངས་ཀྱིས། །སློབ་མ་དགའ་བ་སྐྱེད་མི་ནུས། །”14 ཞེས་པའི་གདམས་པ་འཆུམ་ཅི་ཐུབ་བྱེད་པ་དང་། ཡང“ཞུམ་ལ་གཟེངས་བསྟོད་རྒོད་པ་ལ། །འཁོར་བའི་ཉེས་དམིགས་ལེགས་པར་བཤད། །རྨུགས་པ་རྣམས་ལ་ངོ་མཚར་གྱི། །གཏམ་བཤད་ནས་ནི་ཉན་དུ་གཞུག །”15 ཅེས་པའི་བློ་སྟོན་ཐབས་རྩལ་གྱིས་སློབ་མའི་སློབ་སྦྱོང་གི་ལས་ཕྱོད་མཐོར་འདེགས་བྱེད་པ་ནི་དགེ་རྒན་ཕུལ་བྱུང་གི་འཕྲིན་ལས་གཤའ་མ་ལགས་པས་བླང་བྱར་རིགས། སློབ་མའི་ཕྱོགས་ནས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་འབད་པའི་རྒྱུ་གཙོ་བོ་དགེ་རྒན་ལ་རག་ལས་པ་ནི། སློབ་མའི་བློ་གྲོས་ཀྱི་ཆུ་མོ་རིག་པའི་རྐ་རུ་འདྲེན་མཁས་ཤིང་བསམ་གཞིག་ཏུ་སྐུལ་མཁས་པ་སོགས་ནི་དགེ་རྒན་གྱི་ནུས་རྩལ་ཁྱད་པར་བ་བསྙོན་མེད་ཡིན་ནོ། །
   “འཇོན་ལྡན་དག་རྒྱལ་ཁར་ཕྱོགས་པའི་ལམ་བུའམ་ཐབས་ལམ་གྱིས་ནི་གནས་བབ་ཐུན་མིན་འགངས་ཆེན་ཞིག་བཟུང་ཡོད”16 རྐྱེན་ང་ཚོས་སློབ་གསོའི་ཆོས་ཉིད་ཀྱི་ཆ་འདི་ལྟ་བདེ་གོ་སླའི་ཕྱིར་དུ། རེའུ་མིག་དང་རིས་དབྱིབས། རྩིས་རིག་རྣམ་པས་གསལ་བཤད་བྱེད་འཐུས་ཏེ། འདིར་སྤྲོ་བ་དང་དུས་ཚོད། ལས་ཕྱོད་གསུམ་ནི་སློབ་གསོའི་གཞི་རྐང་གི་ཆ་གསུམ་ཡིན་ཕྱིར། དེ་དག་གི་ཕན་ཚུན་བར་གྱི་འབྲེལ་བའི་ཆོས་ཉིད་རྩིས་རིག་རྣམ་པའི་སྤྱི་འགྲོས་ཤིག་ཏུ་ཆགས་པ་ནི། ལས་ཕྱོད=སྤྲོ་བ/དུས་ཚོད། {སྤྱི་འགྲོས་ཇི་སྙེད་དབྱིན་ཡིག་གི་བསྡུས་འབྲི་ལྟར་བཀོད་ན། 时间(Time)兴趣 (Interest) 效率(Efficiency) E=I/T}

   སྤྱི་འགྲོས་འདི་ལས་མངོན་པའི་རྩིས་ཕྲེང་རིམ་པར་བཀོད་ན་ནི། སྤྲོ་བ=ལས་ཕྱོད×དུས་ཚོད། དུས་ཚོད=སྤྲོ་བ/ལས་ཕྱོད། འདི་ལས་གསལ་བར་བསྟན་པ་ནི། སྤྲོ་བ་ལྡན་ཕྱིན་ལས་ཕྱོད་མཐོ་ཞིང་། ལས་ཕྱོད་མཐོ་ཚེ་སྤྲོ་བ་འཕེལ་བ་སོགས་ཀྱི་གནད་མི་ཉུང་བ་ཞིག་འདི་ལས་གོ་ནུས་པ་དང་། ལར་རྒན་དར་གཞོན་གསུམ་གྱི་སྤྲོ་བའི་ཆར་ན་ཚོད་ཀྱི་དབང་གིས་ཁྱད་པར་མཆིས་མོད། འོན་ཀྱང་སྐབས་སོ་སོའི་མི་ཤུགས་མ་རྩ་སྔོག་འདོན་བྱེད་པ་ནི་སློབ་གསོའི་ཟད་མཐའ་མ་མཆིས་ཤིང་དགེ་མཚན་འབུམ་གྱིས་ཕྱུག་པའི་རྣམ་དཀར་ལས་སུ་འཁྲུངས། སེམས་ཁམས་རིག་པའི་མཁས་པས་བསྟན་དོན།“མིའི་སེམས་ཁམས་བདེ་ཐང་ནི་ནད་གཞི་ལས་རྒྱལ་བའི་སྐུལ་རྫས་དང་ཡང་ན་ལུས་ཕུང་བདེ་ཐང་། ཚེ་ཐག་རིང་བའི་རྒྱུ་རྐྱེན་ཡིན” 17པར་བརྗོད་པ་ཇི་བཞིན་གོང་གི་རྒྱུ་གསུམ་གཙོ་བོར་བཟུང་བའི་ཆ་དེར་ཕྲན་གྱིས་ལུང་རྣམ་དག་གིས་སྒྲུབ་ཁུལ་བྱས། དེས་ན་བསགས་སྲུང་སྤེལ་བའི་སློབ་གསོའི་མུ་ཁྱུད་དུ་ཡིད་བརྟན་འཕེར་ངེས་ཀྱི་གཞུང་ལུགས་དང་ཀུན་སློང་གཙང་མས་སྤྲས་པའི་སྦྱོར་བར་ཟླ་སྒྲིལ་བྱས་ཏེ།“18དགེ་རྒན་གྱིས་ནི་སློབ་གསོ་པ་དང་ཞིབ་འཇུག་པ། སློབ་སྦྱོང་མཁན་སོགས་ཀྱི་ལས་སྣ” ལེགས་པར་བཟུང་ཕྱིན་ད་གཟོད་འདོད་འདུན་སྨིན་ངེས་ཤིང་སྐྱེ་བོ་ཀུན་གྱིས་བསྟོད་པའི་མཐེ་བོང་སྒྲེང་བ་དང་རླབས་ཆེན་ངོ་འཕྲོད་པའི་ཡི་རང་བྱ་བའི་གནས་བསྙོན་མེད་ལགས་སོ། །

① 管向群 主编:中国教师最需要的新理念 南京大学出版社2010年8月出版 第70页
② 管向群 主编:中国教师最需要的新理念 南京大学出版社2010年8月出版 第1页
③ 朱广平等著:经济学一本通 华文出版社 2010年3月出版 第39页
④ 朱广平等著:经济学一本通 华文出版社 2010年3月出版 第6页
⑤ 肖川 主编:教师做反思的实践者 西南师范大学出版社 2009年2月出版 第8页
⑥ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོའི་ཟླ༦པར། ཤོག་གྲངས༢༤༤
⑦ Herry Lee 工作使人生有味[J] 读者文摘精华(第四卷)1991年12月出版 第181页
⑧ 赵国忠 主编:优秀教师最重要的标准 南京大学出版社2009年11月出版 第2页
⑨ སྒམ་པོ་སྤྱན་སྔ་པ། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་སྔོན་འགྲོའི་ཁྲིད་ཡིག་བཀའ་བརྒྱུད་བླ་མའི་ཞལ་ལུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༠༩ལོའི་ཟླ༡༢པར། ཤོག་གྲངས༨
10.格言小词典 上海辞书出版社 2006年6月出版 第48页
11. 肖川 主编:成为有思想的教师 西南师范大学出版社 2009年2月出版 第34页
12.保罗•萨繆尔森、威廉•诺德豪斯:经济学 第十六版 萧琛等译 华夏出版社 2001年3月第四次印刷 第1页
13. ས་པཎ་མཁས་འཇུག་རྩ་འགྲེལ། [M]བོ་ཐར་བཀྲ་ཤིས་ཆོས་འཕེལ་དང་ངག་དབང་ཆོས་གྲགས་ཀྱིས་འགྲེལ་བ་བརྩམས།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༨པར། ཤོག་གྲངས༡༩༩
14.ས་པཎ་མཁས་འཇུག་རྩ་འགྲེལ། [M]བོ་ཐར་བཀྲ་ཤིས་ཆོས་འཕེལ་དང་ངག་དབང་ཆོས་གྲགས་ཀྱིས་འགྲེལ་བ་བརྩམས།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༨པར། ཤོག་གྲངས༢༠༡
15. ས་པཎ་མཁས་འཇུག་རྩ་འགྲེལ། [M]བོ་ཐར་བཀྲ་ཤིས་ཆོས་འཕེལ་དང་ངག་དབང་ཆོས་གྲགས་ཀྱིས་འགྲེལ་བ་བརྩམས།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༨པར། ཤོག་གྲངས༢༠༠
16.徐佩印著: 成功人生设计 中国科学技术大学出版社 2000年5月出版 第2页
17. 人生百科全书 第一卷 内蒙古人民出版社 2002年10月出版 第1页
18.管向群 主编:中国教师最需要的新理念 南京大学出版社2010年8月出版 第47页


རྩོམ་ཡིག་སྔོན་མ།
དཔྱིད་ཀ
རྩོམ་ཡིག་རྗེས་མ།
སྤྱིའི་དེབ་6པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1