༄༅།། ཐར་བ།

ཕོད་རི་ཕུན་ཚོགས་ལྷུན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-09



ཕོད་རི་ཕུན་ཚོགས་ལྷུན་གྲུབ། (ཁྲེང་ཏུའུ།)
        ཞོགས་པ་དེར་བསྟན་འཛིན་སྒྲོལ་དཀར་གཉིད་ལ་ཤོར་སོང་བས། མོ་མལ་ལས་ལང་དུས་ཉི་ཟེར་ཁང་ཐོག་ལ་འཕྲོས་ཟིན། མོས་མེ་ཁ་གསོས་པའི་ཁོམ་ལོང་ཡང་མ་བྱུང་བར་མྱུར་བ་མྱུར་དུ་ཉིས་ཐོག་ལས་མར་བབས་ཏེ་ཤོད་སྒོ་ཕྱེ་བར་ཕྱིན། བསམ་ཡུལ་ལས་འདས་པ་ཞིག་ལ་སྒོ་རའི་ནང་དུ་ལུག་རོ་ཡིས་གང་ཡོད་པར་མཐོང་བས། སེམས་པ་དམར་པོར་གྲིས་བསྣུན་པ་དང་འདྲ་བའི་ཚོར་བ་བྱུང་། ཡང་མཁན་པོ་རིག་ཆུང་ཚང་གི་ཁྱི་རྒན་རལ་སོབ་ཀྱིས་བསད་པ་རེད། སྔོན་མ་ཡིན་ན། མཁན་པོ་རིག་ཆུང་ཚང་གི་ཁྱི་རྒན་དེས་ལུ་གུ་གཅིག་གཉིས་ཤིག་ལས་གསོད་མི་སྲིད་ཀྱང་། ད་ཐེངས་ཁོ་མོ་ཚང་གི་གཡང་དཀར་ཉེར་གཅིག་པོ་ཞག་གཅིག་གི་ནང་ལ་ཚང་མ་རྩ་མེད་དུ་བཏང་བཞག བསྟན་འཛིན་སྒྲོལ་དཀར་གྱི་སེམས་ལ་སྡུག་གི་སྨུག་སྤྲིན་འཐིབས་ཤིང་ཞེ་སྡང་གི་མེ་ལྕེ་དྲག་ཏུ་འབར་ནས་དབུགས་ཀྱང་འབྱིན་དཀའ་བར་གྱུར། ཨ་ལུ་བུ་ཆུང་མལ་ལས་ལངས་རྗེས། སྒོ་རའི་ནང་ལ་ལུག་རོ་མང་པོ་ཁྲག་དམར་གྱིས་བརྫེས་ཏེ། གཡས་ལོག་གཡོན་ལོག་བྱས་ཡོད་པར་མཐོང་བས། སྐད་ཆ་ཚིག་གཅིག་ཀྱང་མི་སྨྲ་བར་མིག་འབུར་ཚུགས་སུ་བལྟས་ནས་ཅུང་ཙམ་བསྡད་མཚམས། ཤུགས་རིང་ཞིག་འབྱིན་བཞིན་འགྲམ་གྱི་རང་གི་འདུག་རོགས་བསྟན་འཛིན་སྒྲོལ་དཀར་ལ་བཤད་རྒྱུར།
        “སེམས་སྡུག་བྱས་ནས་ཅི་ཕན། ངེད་ཚང་ལ་རླུང་རྟ་ཆག་པ་རེད། བཟོད་པ་སྒོམ་པ་ལས་ཐབས་ཅི་ཡོད།” “ངས་བཟོད་ཐུབ་པ་མི་འདུག”བསྟན་འཛིན་སྒྲོལ་དཀར་གྱིས་བཤད། བསྟན་འཛིན་སྒྲོལ་དཀར་གྱིས་ཕྱུ་པ་རིང་པོ་ཞིག་གྱོན་ཡོད་པ་དེའི་གོས་མཐའ་ཡར་ཅུང་ཙམ་བརྫེས་ཏེ་རྒྱ་ཇ་ཡིས་བཟི་བའི་རྟ་ཕོ་ཞིག་དང་འདྲ་བར། ངར་ངར་ཤོར་ཤོར་གྱི་ངང་སྒོ་ཕྱེས་ཏེ་མཁན་པོ་རིག་ཆུང་ཚང་གི་ཕྱོགས་ལ་གོམ་པ་ཧུར་གྱིས་བསྙེག་པར། “ཁྱོད་གང་ལ་འགྲོ་རྒྱུ་ཡིན་ནམ” ཨ་ལུ་བུ་ཆུང་གིས་སྐད་མགོ་མཐོན་པོས་བོས། “ང་མཁན་པོ་ཚང་ལ་ཞུ་བ་བྱེད་སར་འགྲོ་རྒྱུ་ཡིན” བསྟན་འཛིན་སྒྲོལ་དཀར་གྱི་ངོ་གདོང་དམར་པོར་གྱུར་ཏེ་ལན་དེ་ལྟར་བཏབ། ཨ་ལུ་བུ་ཆུང་གིས་ཆུང་མའི་ལག་མགོ་ནས་བཟུང་སྟེ་ཕྱིར་ཁྱིམ་དུ་དྲུད་རྗེས། “ཁྱོད་སྨྱོས་སོང་བ་མིན་ནམ། ཁྱོད་ཀྱིས་རིན་པོ་ཆེ་ཚང་དང་ཁ་རྩོད་ཤོར་ན། ང་ཚོ་ཕྱིས་སུ་ལུང་པ་འདི་ནས་འཚོ་བ་ཇི་ལྟར་རོལ་དགོས་སམ།” “ངས་མི་ཤེས། གང་ལྟར་མཁན་པོ་རིག་ཆུང་གིས་ང་ཚོར་བརྙས་བཅོས་བྱེད་པར་ཚོད་ཅིག་མི་འདུག”ཟེར་ནས་ངུ་ཤུམས་བྱེད། “མཁན་པོ་ཚང་གི་ཁྱི་ཡིན་པས་ཐབས་ཤེས་ཅི་ཡོད། སྐྱབས་སུ་མཆིས། ད་ཐེངས་ཉེས་པ་བསགས་སོང་། ཁྱོད་ཀྱིས་གང་བྱུང་མང་བྱུང་ག་རེ་ཤོད་ཀྱི་ཡོད། མགྱོགས་པོར་ཁ་རོག་སྡོད། ང་ཚོ་ཁོག་ནས་མེ་འབར་རུང་དུ་བ་ཁ་ནས་འདོན་རུང་གི་མ་རེད། ཡང་གཅིག་བཤད་ན། མཁན་པོ་ཚང་གི་ཁྱི་དེས་ང་ཚོའི་ལུག་ཁོ་ན་བསད་པ་ག་ལ་ཡིན། སྐྱིད་ཡག་གྲོང་ཚོའི་ནང་ན་ལུག་བསད་མ་མྱོང་བའི་ཁྱིམ་ཚང་སུ་ཞིག་ཡོད་དམ། ཁོ་ཚོས་མཁན་པོ་ཚང་དང་ཁ་རྩོད་མི་བྱེད་པར་ང་ཚོས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། གླེན་མ་ཁྱོད་ཀྱིས་མ་ཤེས་པ་མ་གཏོགས་སྐྱིད་ཡག་གྲོང་ཚོའི་མི་ཚང་མས་ང་ཚོས་རིན་པོ་ཆེ་ཚང་དང་ཁ་རྩོད་བྱས་ན་ཅི་མ་རུང་སྙམ་བཞིན་ཡོད་པ་རེད། ” “འོ་ན་ང་ཚོའི་ལུག་ཚང་མ་འདི་ལྟར་རྒྱུ་མཚན་བཤད་ས་མེད་པར་གསོད་དུ་བཅུག་དགོས་པ་ཡིན་ནམ།”བསྟན་འཛིན་སྒྲོལ་དཀར་གྱིས་སྔུན་ཐུས་མིག་ཆུ་འབྱིད་ཞོར་དེ་སྐད་ལབ། “དེས་ན་ཁྱོད་ཀྱིས་བལྟས་ན་ཇི་ལྟར་བྱ་དགོས་སམ།” བསྟན་འཛིན་སྒྲོལ་དཀར་གྱིས་མ་ཁར་སོ་ཞིག་བཏབ་པ་དང་སྐད་མགོ་ཅུང་ཟད་ཇེ་མཐོར་བཏང་སྟེ། “ཙི་གུ་གསོད་བྱེད་ཀྱི་དུག་བླུད་ནས་ཁྱི་ངན་དེ་གསོད་དགོས” མོས་དེ་སྐད་ཟེར་རྗེས་ལྕེ་ཕྱིར་བསྣུར་ཙམ་བྱེད་ཅིང་ངག་ལས་རང་དབང་མེད་པར་“ཨོཾ་མ་ཎི་པདྨེ་ཧཱུྃ། ངའི་ཁ་འདི”ཞེས་ཤོར། ཨ་ལུ་བུ་ཆུང་གིས་ཅང་མི་སྨྲ་བར་ཅུང་ཙམ་བསྡད་ནས། “ཁྱི་དེའི་ཉེས་པ་ལྕེ་བརྒྱར་སྤྲུལ་ནས་བཤད་ཀྱང་བཤད་ཚར་དཀར་བས། ངས་ཀྱང་དུག་བྱིན་ནས་གསོད་དགོས་བསམས་མོད། འོན་ཀྱང་དེ་འདྲ་བྱེད་ག་ལ་རུང་། སྐྱབས་སུ་མཆི། བླ་མའི་ཐུགས་དཀྲུག་རུང་གི་མ་རེད། གལ་སྲིད་རིན་པོ་ཆེ་ཚང་གིས་མཁྱེན་སོང་ན་ཇི་ལྟར་བྱ། ང་ཚོས་མི་གྲལ་ནས་འཚོ་བའང་རོལ་ཐུབ་རྒྱུ་མ་རེད། དེ་ལས་བཟོད་པ་བྱས་ན་དགའ། ཅིས་བྱས་ན་མི་གཞན་པ་ཚོས་གསོད་རྒྱུ་རེད”ཅེས་ཟེར་བ་དང་། དབུགས་རིང་ཞིག་འཐེན་ཞོར་གློར་བཏགས་ཡོད་པའི་གྲི་ཐུང་དེ་བཏོན་ཏེ་ལུག་རོ་ཆེ་བ་ཙམ་ཞིག་གི་ཕྱོགས་སུ་བུད་སོང་།
        མཁན་པོ་རིག་ཆུང་ཚང་གི་ཁྱི་རྒན་རལ་སོབ་ཡང་ནས་ཡང་དུ་ཨ་ལུ་བུ་ཆུང་ཚང་ལ་ཡོང་ཞིང་། ཨ་ལུ་བུ་ཆུང་ཚང་གི་སྒོ་རའི་ནང་གི་ཁྱི་ལྟོ་དང་ཟས་འཕྲོ་འཐུང་འཕྲོ་ཚང་མ་ཟོས་ཀྱང་། ཨ་ལུ་བུ་ཆུང་གིས་རང་ལ་བཟོད་བསྲན་དགོས་པའི་སྐུལ་མ་བྱས་ཤིང་། མཁན་པོ་ཚང་གི་ཁྱི་ཡིན་པས་ངན་བྱེད་མི་རུང་སྙམ་ལ། ཁོས་རང་གི་འདུག་རོགས་བསྟན་འཛིན་སྒྲོལ་དཀར་ལ་ཡང་དེ་ལྟར་བདམས། ཡིན་ནའང་། ཉིན་ཞིག་ལ་ཁྱི་ངན་དེས་ཚོད་མ་ཟིན་པར། ཁང་པའི་ཉིས་ཐོག་ཏུ་ཡོང་སྟེ་ཨ་ལུ་བུ་ཚུང་ཚང་གི་ཐབ་ཚང་ནས་ལུག་ཤ་ཤ་གཟུག་ཅིག་དྲུད་ནས་ཤར་སེ་གཏོང་གྲབས་བྱེད་སྐབས། བསྟན་འཛིན་སྒྲོལ་དཀར་ཞིང་ཁའི་ནང་ཞོག་ཁོག་ལ་ས་སྤུངས་བྱེད་དུ་སོང་ནས་ཕྱིར་ཡོང་བ་དང་སྟབས་འཁེལ། མོས་ཁྱི་དེའི་མདུན་ནས་བཀག་པ་ན། ཁྱི་ངན་དེས་ལུག་ཤ་ཐང་དུ་གཡུགས་པ་དང་སྡུག་རྩུབ་ཆེན་པོས་བསྟན་འཛིན་སྒྲོལ་དཀར་གྱི་རྐང་པའི་ཉྭ་ལོག་ལ་སོ་བཏབ་སོང་བས། ཨ་ལུ་བུ་ཆུང་བཟོད་ཐབས་བྲལ་ཏེ། སེམས་ཐག་རྦད་ཆོད་ཀྱིས་ཡང་བསྐྱར་ཁྱི་དེར་དུག་ལྡུད་འདོད་ཀྱི་བསམ་པ་སྐྱེས། ཁོས་བསྟན་འཛིན་སྒྲོལ་དཀར་ལ་ད་ཐེངས་ཁྱི་དེ་ངའི་ལག་ནས་ཚེ་ཐར་མི་གཏོང་ཁོ་ཐག་ཡིན་ཟེར། ཨ་ལུ་བུ་ཆུང་གིས་ལུག་ཤ་རྡོག་རྡོག་ཅིག་ལ་ཙི་གུ་གསོད་བྱེད་ཀྱི་དུག་དཀུས་ཏེ་སྒོ་ཁར་བཞག་ནས་ཁྱི་དེར་སྒུག མཁན་པོ་ཚང་གི་ཁྱི་རྒན་རལ་སོབ་ཏག་ཏག་སླེབས་བྱུང་མོད། ཁྱི་དེ་ཨ་ལུ་བུ་ཆུང་ཚང་གི་སྒོ་རྩར་ཐོན་མ་ཐག ཁ་ནས་ལྦུ་བ་དཀར་པོ་བཞུར་ཞིང་། རྐང་ལག་བཞི་པོ་གནམ་ལ་ཀེར། ལུས་ཡོངས་སིག་སིག་ཏུ་འདར་བ་དང་། མགོ་བོ་སྒོ་ཐེམ་ལ་ཐུག་ནས་ས་ལ་འགྱེལ་སོང་བས། ཨ་ལུ་བུ་ཆུང་གིས་ཁྱི་དེས་མི་གཞན་པས་བྱིན་པའི་དུག་ཟོས་ཟིན་པ་ཤེས། ཨ་ལུ་བུ་ཆུང་གིས་མྱུར་བར་བསྟན་འཛིན་སྒྲོལ་དཀར་ལ་སྐད་བཏང་ནས། ཆུ་ནང་ལ་འདག་རྫས་བསྒྲུངས་ནས་མགྱོགས་པོ་ཁྱེར་ཤོག་ཟེར། བསྟན་འཛིན་སྒྲོལ་དཀར་གྱིས་ཁྱོད་ཀྱིས་འདིའི་སྲོག་སྐྱོབ་རྒྱུ་ཡིན་ནམ་ཞེས་ཡིད་མི་ཆེས་པའི་རྣམ་འགྱུར་བསྟན་པ་ན། “སྐྲ་རིང་མ་དང་བློ་ཐུང་མ་ཞེས་པ་ཅི་མ་བདེན། ཁྱི་ངན་འདི་ང་ཚོའི་སྒོ་ཁ་ནས་ཤི་སོང་ན། རིན་པོ་ཆེས་ང་ཚོས་བསད་པ་རེད་དགོངས་རྒྱུ་རེད། ང་ཚོས་སྐྱིན་པ་འཇལ་ཐུབ་བམ། དེ་ནས་བཟུང་རིན་པོ་ཆེས་ངེད་ཚང་དང་ཆོས་ལམ་བཅད་ན་ཅི་ལྟར་བྱ། ཁྱོད་ལ་ཕ་མ་འཆི་རྒྱུ་མེད་པ་ཡིན་ནམ། གལ་སྲིད་ཐེངས་འདིར་མཁན་པོ་ཚང་གི་ཁྱིའི་སྲོག་སྐྱོབ་ཐུབ་ན་རིན་པོ་ཆེ་ཐུགས་དགྱེས་ཏེ་ང་ཚོར་བཀའ་དྲིན་གནང་རྒྱུ་རེད། སྐབས་དེར་ང་ཚོའི་མགོ་ལ་སྐྱིད་སྡུག་ཅི་ཞིག་ཡོང་རུང་ཁོང་ཚང་ལ་ཞུས་ན། ཁོང་གིས་རོགས་པ་མི་གནང་བ་སྲིད་དམ། དེ་མ་ཟད་རིན་པོ་ཆེ་དང་རྫོང་དཔོན་གཉིས་འབྲེལ་བ་ཤིན་ཏུ་བཟང་བས། རྗེས་མ་ངེད་གཉིས་ལ་བུ་ཞིག་སྐྱེས་ན་དཔོན་པོ་ཞིག་བསྐོས་ཀྱང་སྲིད། ཡང་མིན་ན་སྤྲུལ་སྐུ་ག་གེ་མོའི་ཡང་སྲིད་དུ་བདམ་ཡང་སྲིད”ཅེས་ངོ་ལ་འཛུམ་ཞིག་ལངས་ནས་དེ་སྐད་བཤད། བསྟན་འཛིན་སྒྲོལ་དཀར་གྱིས་ཆུ་གཞོང་པ་གང་གི་ནང་ལ་འདག་རྫས་བསྒྲུངས་ནས་ཁྱེར་ཡོང་བར། ཨ་ལུ་བུ་ཆུང་གིས་ཁྱི་རྒན་དེའི་ཡ་ཁ་མ་ཁ་གཉིས་ཕྱེས་ནས་ཁ་ནང་ལ་འདག་རྫས་ཁུ་བ་ལྡུག་པས། ཁྱི་རྒན་གྱིས་ཟས་ཟིན་པ་ཐམས་ཅད་ཁོག་ནས་ཕྱིར་སྐྱུགས། “ཁྱི་འདིར་སྐྱོན་མི་འདུག” ཨ་ལུ་བུ་ཆུང་གིས་བཤད། “ཁྱོད་ཀྱིས་མྱུར་བར་མཁན་པོའི་ཞབས་དཀྱུ་འབོད་དུ་སོང་ཞིག རེམ། ” ཅུང་ཙམ་སྒུག་རྗེས་ཞབས་དཀྱུས་གཟན་མགོ་སྐེ་ལ་གོན་ནས་སླེབས་བྱུང་། མཁན་པོ་ཚང་གི་ཞབས་དཀྱུ་ཡིས་ཁྱི་རྒན་སར་ལོག་ནས་ཡོད་པ་མཐོང་བ་དང་། ཁ་ཤ་འདར་འདར་གྱིས “ཁ་ཡར་འགྲོ་མེད་པ་སུ་ཡིས་རིན་པོ་ཆེ་ཚང་གི་ཁྱི་ལའང་དུག་དྲངས་ཕོད་པ་ཡིན་ནམ”ཞེས་དམོས། ཨ་ལུ་བུ་ཆུང་གི་ངོ་ལ་འཛུམ་ཞིག་ལངས་ནས་རྒྱལ་ཁའི་ཉམས་དང་བཅས། “ངས་གང་མགྱོགས་སྒོས་ཁྱི་རྒན་ལ་འདག་རྫས་ཁུ་བ་བླུད་པ་ཡིན། ངས་མགྱོགས་ཙམ་མི་བྱེད་རྒྱུ་ན་ཁྱི་རྒན་ཨ་ཁུ་ཆོས་རྒྱལ་མཇལ་དུ་བུད་ཐལ”སྐབས་དེར་ཁྱི་རྒན་རལ་སོབ་ག་ལེར་ཡར་ལངས་ནས་འཁྱར་འཁྱོར་ཡང་ཞབས་དཀྱུའི་རྗེས་དེད་དེ་རིན་པོ་ཆེ་ཚང་གི་མཚམས་ཁང་དུ་ལོག “མ་གཞིར་ཁྱོད་ཀྱིས་ཁྱི་དེ་གསོད་མི་རུང་ཟེར། དེ་རྗེས་ཡང་གསོད་རྒྱུ་ཡིན་ཟེར། ད་ཡང་ཁྱི་ངན་དེའི་སྲོག་བསྐྱབས་སོང་། ངས་ཁྱོད་ཀྱིས་ཅི་བྱེད་བཞིན་ཡོད་པ་ཧ་གོ་མ་སོང་། ”བསྟན་འཛིན་སྒྲོལ་དཀར་གྱིས་བཤད། མཁན་པོ་ཚང་གི་ཁྱི་དེས་སྔར་བཞིན་གང་སར་གནོད་པ་སྐྱེལ་བཞིན་ཡོད་དེ། དེ་རིང་གྲོང་བསྟོད་ནས་ལུག་བསད། སང་ཉིན་གྲོང་སྨད་ནས་བྱིས་པ་འཆས་ནས་མི་ལས་རྒུ་ལས་བྱས། ད་དུང་ཡུལ་ཕྱོགས་གཞན་པའི་ཁྱི་ལྡོམ་ཐམས་ཅད་ཁོའི་གྲོགས་སུ་སྦྲན་ཞིང་། རི་མགོའི་འཕར་སྤྱང་ཡང་ཁོ་དང་ལྷན་དུ་བསྡེབས་པས་རེ་ཞིག་སྐྱིད་ཡག་གྲོང་ཚོའི་སྒོ་ཕྱུགས་སེམས་ཅན་གཅིག་ཀྱང་སྒོར་བུད་ས་མི་རག་པར་རང་རང་གི་ནང་ནས་རྩྭ་སྐོམ་པོ་བླུད་ནས་གསོ་དགོས་ཐུག་འདུག་པས། གྲོང་ཚོའི་མི་ཚང་མས་ཁྱི་དེར་འཚིག་པ་ཟས་ནས་ཁྱི་དེ་མགྱོགས་ཙམ་ཤི་སོང་ན་ཅི་མ་རུང་སྙམ་བཞིན་ཡོད། སྐྱིད་ཡག་གྲོང་ཚོའི་གྲོང་མི་ཚང་མས་ལྐོག་ནས་ཨ་ལུ་བུ་ཆུང་གིས་ཁྱི་དེའི་སྲོག་བསྐྱབས་པ་ཁྱོན་ནས་འགྲིག་མེད། དེ་མིན་རྒྱུ་ན་ཁོ་ཚོར་གྱོང་དེ་འདྲ་ཆེན་པོ་ཡོང་མི་སྲིད་ཟེར། དེ་བས་གྲོང་མི་ཚོས་ཨ་ལུ་བུ་ཆུང་མཐོང་དུས་ངོ་ནག་བསྟན་ཞིང་། ཁ་ཡ་ཡང་མི་བྱེད་པས། དོན་དག་དེར་ང་ལ་ཡང་ཐབས་ཤེས་མི་འདུག གལ་སྲིད་རིན་པོ་ཆེ་ཚང་གི་ཁྱི་དེ་ངའི་སྒོ་རྩ་ནས་ཤི་སོང་ན། རིན་པོ་ཆེ་ཚང་གིས་ང་ལ་ངན་ཁག་དཀྲི་རྒྱུ་ཡིན་པ་མ་རེད་དམ་ཨ་ལུ་བུ་ཆུང་གིས་དེ་ལྟར་བཤད། ཨ་ལུ་བུ་ཆུང་གིས་གྲོང་མི་ཡོངས་ཀྱི་ཐུགས་དཀྲུགས་ཡོད་འདུག མཁན་པོ་ཚང་གི་ཁྱི་རྒན་རལ་སོབ་ནི་དྲིན་ཆེན་ལ་དྲིན་ལན་འཇལ་ཤེས་མཁན་ཞིག་རེད། ཅིག་བྱས་ན། རིན་པོ་ཆེའི་ཁྱི་ཡིན་པའི་རྒྱུ་མཚན་གྱིས་ཡིན་རྒྱུ་རེད། ཨ་ལུ་བུ་ཆུང་གིས་ཁོ་རང་སྲོག་བསྐྱབས་པ་ནས་བཟུང་། ཨ་ལུ་བུ་ཆུང་ཚང་ལ་ངན་ཅི་ཡང་མི་བྱེད་པར་མ་ཟད། ཨ་ལུ་བུ་ཆུང་མཐོང་དུས་ད་དུང་རྔ་མ་གཡུག་གཡུག་བྱས་ནས་དགའ་དགའ་བྱེད།

        འོན་ཏེ་ཨ་ལུ་བུ་ཆུང་གིས་སྔར་བཞིན་ཁྱི་དེར་དུག་བླུད་དེ་འཆི་ལམ་དུ་བརྫང་དགོས་བསམ་བཞིན་ཡོད། བསྟན་འཛིན་སྒྲོལ་དཀར་གྱིས་ཨ་ལུ་བུ་ཆུང་གི་བསམ་ཚུལ་ལ་གོ་བ་མི་ལོན་པར། “ཁོས་ང་ཚོར་གནོད་མ་བསྐྱལ་ན་ང་ཚོས་ད་དུང་སྔར་བཞིན་ཁོ་གསོད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ” “ཁྱི་དེ་མ་བསད་ན་ང་ཚོ་གྲོང་ཚོའི་ནང་ཆག་སྒོ་ཆེན་པོ་ཡོང་སྲིད། དེ་དུས་སྐྱིད་ཡག་གྲོང་ཚོའི་གྲོང་མི་ཚང་མས་ང་ཚོ་ལ་འཁོན་རྒྱུ་རེད ” “གལ་སྲིད་རིན་པོ་ཆེ་ཚང་གིས་ངེད་གཉིས་ཀྱིས་ཁྱི་ལ་དུག་བླུད་པ་མཁྱེན་སོང་ན་ཅི་ལྟར་བྱ་དགོས་སམ།” “རིན་པོ་ཆེ་ཚང་གིས་ང་ཚོའི་ཕྱོགས་ལ་བསམ་བློ་འཁོར་གྱི་མ་རེད། ང་ཚོས་ཁྱི་དེར་དུག་བྱིན་ནས་གསོད་འདོད་ཡོད་ན། སྔོན་མ་ང་ཚོས་ཁྱི་དེའི་སྲོག་སྐྱོབ་དགོས་དོན་ཅི་ཡོད།” མཁན་པོ་རིག་ཆུང་ཚང་གི་ཁྱི་དེས་ཨ་ལུ་བུ་ཆུང་གིས་བྱིན་པའི་ཙི་གུ་གསོད་བྱེད་ཀྱི་དུག་བཏབ་ཡོད་པའི་ལུག་ཤ་དེ་ཟས་ནས་བུད་སོང་བས། ཨ་ལུ་བུ་ཆུང་གིས་དབུགས་རིང་ཞིག་ཕྱིར་ཕྱུང་ཞིང་། ངལ་གསོ་ཐུབ་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་ཤར་བ་དང་། ཕོང་འདྲེ་དེས་ད་ནས་བཟུང་སུ་ལའང་གནོད་སྐྱེལ་གྱི་མ་རེད་སྙམ།དེའི་ཕྱི་ཉིན། མཁན་པོ་ཚང་གི་ཁྱི་དེ་སྔར་བཞིན་བདེ་ཐང་ངང་འཚོ་ཡོད། ཉི་མ་དེར་ཁྱི་རྒན་གྱིས་ཨ་ལུ་བུ་ཆུང་གིས་བྱིན་པའི་དུག་ཤ་དེ་ཟས་རྗེས། ཨ་མེས་འཕགས་མཆོག་ཚང་གི་ཤོད་སྒོ་ལ་ཐོད་པ་གཏུགས་ནས་ཆོབ་སྒྲ་དང་བཅས་ས་ལ་ཉལ། ཨ་མེས་འཕགས་མཆོག་གིས་བསམས་པར། གལ་ཏེ་ཁྱི་ངན་འདི་ངེད་ཚང་གི་སྒོ་རྩ་ནས་ཤི་སོང་ན། མཁན་པོ་ཚང་གིས་ཁོས་བསད་པ་རེད་བསམ་རྒྱུ་མ་ཡིན་ནམ་སྙམ་སྟེ། དངངས་སྐྲག་ཆེན་པོ་སྐྱེས་པ་དང་། ཅི་ལས་འདི་ལས་མེད་པར་ཅུང་ཙམ་ཧད་ཅིང་། མཁན་པོ་དང་མཁན་པོའི་ཞབས་དཀྱུ། ཁྱི་རྒན་དེའི་ཚུགས་ཀ་བཅས་ཡིད་ལ་ཅིག་བཅར་དུ་ཤར། ཁོས་འཚབ་འཚུབ་ཀྱི་ངང་འདག་རྫས་ཁུ་བ་གཞོང་པ་གང་བསྒྲུངས་ནས་ཁྱི་དེའི་ཁ་ནང་ལ་བཙན་གྱིས་བླུགས་པས། མཁན་པོ་ཚང་གི་ཁྱི་རྒན་དེ་སླར་ཡང་ཕྱིར་གསོན། ཨ་ལུ་བུ་ཆུང་གིས་ཁྱི་ལ་དུག་སྟེར་མཁན་ཁོ་ཡིན་པ་མཁན་པོ་ཚང་གིས་མཁྱེན་རྒྱུ་རེད་སྙམ་ནས་སེམས་པ་ལྷོད་ལ་འབབ་ཐབས་མེད་ཅིང་། རང་ཉིད་ཀྱི་བྱ་སྤྱོད་ལ་འགྱོད་པ་སྐྱེས་ལ་མཁན་པོ་ཚང་གི་ཁྱི་དེ་སྐྱོབ་མཁན་གྱི་ཨ་མེས་འཕགས་མཆོག་ཐོག་ལ་སྙིང་རླུང་རྟིང་ནས་ལངས་སོང་།།

           2016ལོའི་《གངས་དཀར་རི་བོ》དེབ་བཞི་བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1