༄༅།། ཚད་དང་མཐུན་པའི་དགེ་རྒན་ཞིག་ཏུ་ཇི་ལྟར་ཆགས་དགོས།

ཚེ་རིང་དབྱངས་ཅན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-10


ཚེ་རིང་དབྱངས་ཅན།
        དགེ་རྒན་ནི་ཤེས་བྱའི་རྣམ་སྤྲུལ་དང་། བློ་གྲོས་ཀྱི་ཆུ་མིག ཀུན་སྤྱོད་ཀྱི་དཔེ་མཚོན་ཡིན་ལ། དགེ་རྒན་ནི་མིའི་རིགས་ཀྱི་བསམ་བློའི་བཟོ་བཀོད་པ་ཡིན། སློབ་མ་ཚོའི་མི་ཚེ་གང་བོར་བློ་གཏོད་བྱེད་ས་དང་མིག་དཔེ་བལྟ་སའང་ཡིན། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། ཡ་རབས་ཚུལ་ལྡན་གྱི་མིའི་ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུ། མིའི་རིགས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་བཅས་ནི་དགེ་རྒན་གྱིས་ཕྲག་ཏུ་བབས་པའི་འོས་འགན་ལྕི་མོ་ཞིག་ཡིན། དགེ་རྒན་གྱི་ཤེས་ཡོན་ཆུ་ཚད་དང་བྱེད་སྒོའི་ནུས་པ། བསམ་བློའི་ཀུན་སྤྱོད། སེམས་རྒྱུད་བཟང་ངན་བཅས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གྲུབ་འབྲས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱིན་ཡོད།
        དགེ་རྒན་གྱིས་ནམ་རྒྱུན་སློབ་ཁྲིད་བྱེད་སྐབས་སློབ་མར་སློབ་སྦྱོང་གི་ཐབས་ཤེས་སློབ་དགོས་པ་དང་མིའི་རིགས་ཀྱི་སྤྱོད་ཚུལ་སོགས་ཀྱང་སློབ་དགོས་པར་མ་ཟད། སློབ་མར་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་ཀུན་སྤྱོད་དང་འགྲོ་འདུག་སོགས་ཀྱི་སྤྱོད་ལམ་ཡང་ཁྲིད་དགོས། སློབ་གསོའི་ལས་དོན་སྒྲུབ་པའི་དགེ་རྒན་ཞིག་ཡིན་ཕྱིན་ཚད་དང་མཐུན་པའི་དགེ་རྒན་ཞིག་ཆགས་འདོད་ན་འོག་གི་ཆ་རྐྱེན་འགའ་ལྡན་དགོས་པ་སྟེ། དང་པོ། ཆེད་ལས་ཀྱི་ཤེས་ཡོན་ངེས་ཅན་ཞིག་ལྡན་དགོས། དགེ་རྒན་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མཁན་ཡིན་པས་སློབ་མར་ཤེས་བྱ་ཡོན་ཏན་སྤེལ་དགོས་ན་སྔོན་འགྲོའི་ཆ་རྐྱེན་ནི་རང་ཉིད་ལ་ཚད་དང་མཐུན་པའི་ཤེས་ཡོན་ངེས་ཅན་ཞིག་ལྡན་དགོས་ཏེ། སློབ་མར་ཆུ་ཐིགས་གཅིག་སྤྲོད་འདོད་ན་སྔོན་ནས་དགེ་རྒན་རང་ཉིད་ལ་ཆུ་སྣོད་གང་ཡོད་དགོས་ཟེར་བ་ལྟར། རང་གིས་སློབ་ཁྲིད་བྱེད་བཞིན་པའི་ཚན་ཁག་གི་ཤེས་བྱ་ལ་བྱང་ཆུབ་པ་ཤེས་དགོས་པ་དང་། སློབ་ཚན་དང་འབྲེལ་ཡོད་ཀྱི་ཤེས་བྱ་ལའང་ཕུན་སུམ་ཚོགས་པ་ལྡན་ཡོད་ཚེ། གཞི་ནས་གང་ལ་དེ་འཚམ་གྱིས་སློབ་མའི་འདོད་བློ་སྐོང་ཐུབ་ཅིང་། སློབ་ཁྲིད་སྐབས་སུའང་དཔེ་གཞི་འདྲ་མིན་བཀོད་དེ་གསོན་ཉམས་ལྡན་ལ་སྤྲོ་བ་འཕེལ་བའི་སྒོ་ནས་ཤེས་བྱ་འདོན་སྤྲོད་བྱེད་ཐུབ། ཁྱད་པར་དུ་ད་ལྟའི་སྤྱི་ཚོགས་འདི་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུར་འཕེལ་རྒྱས་སུ་ཕྱིན་བཞིན་ཡོད་པས། དགེ་རྒན་རང་ཉིད་ཀྱང་སྤྱི་ཚོགས་ཀྱི་གོམ་བགྲོས་དང་བསྟུན་ཏེ་མུ་མཐུད་དུ་ཚན་རིག་དང་། གློག་ཀླད། ལོ་རྒྱུས་གང་ཅིའི་ཐད་ལ་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐུབ་པའི་ཕྱོགས་ལ་བརྩོན་ནས་རང་ཉིད་ཀྱི་ལྟ་རྒྱ་དང་། ཐོས་རྒྱ། ཤེས་རྒྱ་བཅས་ཀྱི་ཐད་ལ་སློབ་མ་རྣམས་ཀྱི་མིག་དཔེ་ལྟ་ཡུལ་དང་གུས་བཀུར་བྱ་ཡུལ་ཞིག་ཏུ་འགྱུར་དགོས། གཉིས་པ། སློབ་ཁྲིད་སྐབས་ཚད་ལྡན་གྱི་སྤྱི་སྐད་བཤད་ཤེས་དགོས་ལ་ཚད་ལྡན་གྱི་ཡིག་གཟུགས་འབྲི་ཤེས་དགོས། དགེ་རྒན་ནི་དུས་རྟག་ཏུ་སློབ་ཕྲུག་གི་མིག་ལམ་དུ་མཐོང་རྒྱུ་ཡོད་པའི་མིག་དཔེ་རེད།
        དགེ་རྒན་གྱི་སྐད་ཆ་དང་ཡིག་གཟུགས་ཀྱིས་སློབ་ཕྲུག་ལ་ཐད་ཀའི་ཤུགས་རྐྱེན་ཐེབས་ངེས་ཡིན། སྐད་ཆ་ནི་སློབ་ཁྲིད་བྱ་རིམ་ནང་སློབ་མ་ལ་སློབ་ཁྲིད་ནང་དོན་ངོ་སྤྲོད་བྱེད་པའི་ལག་ཆ་གཙོ་བོ་ཡིན། སྐད་ཡིག་སློབ་ཁྲིད་བྱེད་པའི་དགེ་རྒན་ཞིག་ཡིན་ཕྱིན་རང་ཉིད་ལ་སྤྱི་སྐད་དང་མཐུན་པའི་ཚད་ལྡན་གྱི་སྐད་ཆ་བཤད་པའི་ནུས་པ་ལྡན་དགོས། སྤྱིར་ང་ཚོ་བོད་ཁུལ་ལ་ཡུལ་སྐད་རིགས་མི་འདྲ་བ་གསུམ་དུ་ཡོད་ནའང་། དགེ་རྒན་རང་ཉིད་ཀྱིས་སློབ་ཁྲིད་བྱེད་ཡུལ་གྱི་ས་གནས་དང་བསྟུན་ནས་སློབ་མས་ཉན་བདེ་བ་དང་ཁྲིད་པའི་ནང་དོན་ལ་གོ་བ་ལོན་ཐུབ་པ་དང་ཁ་གསལ་ཞིང་གོ་བདེ་བའི་ངང་ནས་བཤད་པ་ཐམས་ཅད་སློབ་མས་ཉན་ཤེས་པ་དང་གོ་བརྡ་འཕྲོད་ཐུབ་པ་དགོས། དགེ་རྒན་གྱིས་དབུས་གཙང་སྐད་དང་ཁམས་སྐད་སོགས་བསྲེས་ནས་བཤད་ན་སློབ་མས་ཉན་མ་ཤེས་པ་དང་དོན་གོ་ལོག་ཏུ་འགྲོ་བའི་གནད་དོན་ཡོང་སྲིད། གནད་དོན་དེ་དག་འགོག་ཕྱིར་དགེ་རྒན་གྱིས་ནམ་རྒྱུན་སློབ་མ་ལ་ཁ་བརྡ་བྱེད་དུས་སྤྱི་སྐད་མང་ཙམ་བཤད་ན་ཕན་ཐོགས་ཆེ། གསུམ་པ། ཕྱོགས་རིས་ཀྱི་ལྟ་བ་ཡོངས་སུ་སྤོང་དགོས། དགེ་རྒན་ནི་སྤྱི་ཚོགས་ཧྲིལ་པོར་ཁ་ཕྱོགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མཁན་ཡིན་ལ། སློབ་མའི་བྱང་ཚད་མཐོ་རུ་གཏོང་རྒྱུའི་ལས་འགན་འཁུར་བཞིན་ཡོད་པས། རང་གི་རང་རྐྱང་འཕེར་བའི་ལྟ་བ་དང་མོས་པར་གཞིགས་ནས་སྦྱངས་འབྲས་བཟང་ངན་དང་རང་དང་འབྲེལ་བ་ཟབ་མིན་སོགས་ལ་དབྱེ་བ་ཕྱེས་ནས་སློབ་ཁྲིད་བྱེད་པ་ནི་ནོརའཁྲུལ་ཡིན་པས་ངེས་པར་དུ་སྤོང་དགོས། དགེ་རྒན་གྱི་སློབ་ཁྲིད་བྱེད་པའི་དམིགས་ཡུལ་ནི་སློབ་མ་ཡོངས་ལ་ཤེས་བྱ་འདོན་སྤྲོད་བྱ་རྒྱུ་ཡིན་པ་ལས་སློབ་མ་རེ་འགའ་ཁོ་ན་མ་ཡིན་པས། དགེ་རྒན་གྱི་སློབ་ཁྲིད་གང་བྱེད་ན་སློབ་མ་ཡོངས་ལ་དྲང་པོ་དྲངགཞག་དང་དངོས་ཐོག་བདེན་འཚོལ་ཡིན་དགོས་པ་ལས་སློབ་ཁྲིད་ཀྱི་བྱ་རིམ་ནང་སྐྱོན་བརྗོད་སློབ་གསོ་དང་སློབ་ཁྲིད་ཁ་ཕྱོགས་ཕྱོགས་རིམ་ཅན་སོགས་གཏན་ནས་ཡོད་མི་རུང་། ནམ་རྒྱུན་དགེ་རྒན་གྱིས་སྦྱངས་འབྲས་ཡག་པའི་སློབ་མ་ལ་གསབ་ཁྲིད་དང་མཛུབ་སྟོན་མང་ཙམ་བྱེད་པ་དང་། དགེ་སློབ་བར་འབྲེལ་བ་ཟབ་པ་སོགས་བྱས་ནས་སྦྱངས་འབྲས་ཞན་པའི་སློབ་མ་ལ་ཁ་ཡ་མི་བྱེད་པ་དང་སེམས་འཁུར་སྤུ་ཙམ་མེད་པའི་སྒོ་ནས་མཐོང་ཆུང་སོགས་བྱེད་ན་དགེ་རྒན་གྱི་སློབ་ཁྲིད་རྩ་དོན་དང་མི་མཐུན་པའི་སྤྱོད་པ་ཡིན། དེར་བརྟེན། ནམ་རྒྱུན་དགེ་རྒན་གྱིས་སློབ་ཁྲིད་བྱ་རིམ་ནང་སྦྱངས་འབྲས་ཅུང་ཞན་པའི་སློབ་མར་སེམས་ཁུར་དང་རོགས་རམ་བྱས་ཏེ་སྦྱངས་འབྲས་དང་ཀུན་སྤྱོད་ལེགས་ཉེས་ཀྱི་ཁྱད་པར་མེད་པར་སློབ་མ་ཡོངས་ཀྱི་ཡིད་ཆེད་དང་གུས་བཀུར་ཐོབ་པར་བྱ་དགོས། བཞི། དགེ་སློབ་བར་གྱི་འབྲེལ་བ་བཟང་དགོས། སློབ་མ་ལ་བསམ་ཤེས་དང་དགའ་ཞེན་ཡོད་དགོས་པ་ནི་དགེ་རྒན་ལས་རིགས་ཀུན་སྤྱོད་ཀྱི་སྲོག་ཤིང་ཡིན། དགེ་རྒན་གྱིས་སློབ་མ་ལ་སེམས་ཁུར་དང་ཤ་ཚ་མེད་ན་སློབ་གསོའི་བྱ་བ་ལེགས་འགྲུབ་ཡོང་དཀའ། སྔོན་ཆད་མཁས་པའི་གསུངས་ལས་ཁྱོད་ཀྱི་སློབ་མའི་ཁྲོད་མ་འོངས་པ་ན་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ཡོང་སྲིད་ཟེར་བ་ལྟར། དགེ་རྒན་གྱི་སློབ་མའི་ཤེས་ཡོན་ཆུ་ཚད་ལ་མཐོང་ཆུང་རྩ་བ་ནས་བྱེད་མིརུང་། དུས་ཡུན་མི་རིང་བ་ན་སློབ་མའི་ཆུ་ཚད་དགེ་རྒན་ལས་བརྒལ་སྲིད། ཁྱད་པར་དུ་ད་ལྟ་སྤྱི་ཚོགས་འདིའི་སློབ་མ་རྣམས་ནི་རང་བརྩིའི་སེམས་པ་ཧ་ཅང་ཆེ་བས་སློབ་མ་ལ་སེམས་སྐྱོ་དྲག་པོ་ཐེབས་ངེས་རེད། དེ་བས་ན་ང་ཚོ་དགེ་རྒན་གྱིས་སློབ་མ་རེ་རེ་ནི་རང་ཉིད་ཀྱི་བུ་ཕྲུག་བཞིན་ཤ་ཚ་སྙིང་རྗེ་དང་ལྷག་བསམ་རྣམ་དག་གིས་སྐྱོང་དགོས། དེ་འདྲ་བྱས་ན་སློབ་མས་དགེ་རྒན་གྱི་བཀའ་དྲིན་ལ་བསམ་ཤེས་ཡོད་པའི་ཐོག་ནས་ཁྱེད་ལ་ཡིད་ཆེས་དང་བརྩི་འཇོག་བྱེད་ངེས་ཡིན། རིམ་བཞིན་སློབ་མའི་བསམ་པའི་ནང་དགེ་རྒན་ནི་རང་གི་ཕ་མ་གཉིས་པ་བཞིན་འགྱུར། སྙིང་གཏམ་དང་བསམ་ཚུལ། ཕུགས་འདུན་སོགས་གཞི་ནས་དགེ་རྒན་ལ་བཤད་ཕོད་པ་ཡིན། དེ་དུས་དགེ་རྒན་ནི་སློབ་མའི་བློ་གཏད་ཀྱི་གྲོགས་པོར་འགྱུར་སྲིད། ལྔ་པ། ངང་བརྒྱུད་རིང་ཙམ་བྱེད་དགོས། སློབ་མ་སོ་སོའི་འཚོ་གནས་ཀྱི་ཁོར་ཡུག་དང་ཁྱིམ་ཚང་གི་རྒྱབ་ལྗོངས། གཤིས་རྒྱུད། ཀུན་སྤྱོད། སྤྱི་ཚོགས་ཀྱི་འབྲེལ་བ་སོགས་མི་འདྲ་བ་སྣ་ཚོགས་ཡོད། ཁོང་ཚོ་ནི་ལོ་ན་གཞོན་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པས་ནོར་འཁྲུལ་ཡང་མང་ཙམ་ཤོར་སྲིད། དེ་དུས་དགེ་རྒན་གྱིས་ཐད་ཀར་སྐྱོན་མཚང་བཏོན་ནས་ཆད་པ་གཅོད་པ་སོགས་བྱེད་མི་རུང་། ང་ཚོའི་དམིགས་ཡུལ་ནི་སློབ་མའི་མ་འོངས་པའི་སྤྱོད་ཚུལ་དང་བསམ་བློ་ཡང་དག་པ་ཞིག་ཆགས་པར་བྱ་རྒྱུ་དེ་ཡིན། དགེ་རྒན་གྱིས་ངང་རྒྱུད་རིང་པོས་དོན་དངོས་དང་བྱ་དངོས་ཀྱི་རྒྱུ་རྐྱེན་ལ་བརྟག་དཔྱད་ནན་ཞིབ་བྱེད་དགོས་པ་ལས་བརྒྱ་གོ་གཅིག་ཆོད་ཀྱིས་ཐད་ཀར་བཀའ་བཀྱོན་གནང་ཏེ་མ་ཉེས་ཁ་གཡོགས་གཏན་ནས་བྱེད་མི་རུང་། དེ་འདྲའི་ངང་རྒྱུད་རིང་པོས་སློབ་གསོ་རྒྱུན་འཁྱོངས་བྱས་ན་རྒན་བཀུར་གྲོགས་མཐུན་བྱེད་ཤེས་མཁན་གྱི་སློབ་མ་མང་པོ་གསོ་སྐྱོང་བྱེད་ཐུབ་པའོ། དྲུག་པ། སློབ་གསོའི་ལས་ཀའི་སྒྲིག་ལམ་ལ་བརྩི་སྲུང་བྱེད་དགོས། དགེ་རྒན་གྱི་སློབ་ཁྲིད་ལས་དོན་ལེགས་གྲུབ་ཡོང་མིན་ནི་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་སྔོན་གྱི་གྲ་སྒྲིག་བཟང་མིན་ལ་རག་ལས་ཡོད། ནམ་རྒྱུན་དགེ་རྒན་གྱིས་རང་ཉིད་ལ་ཁོམ་པ་ཡོད་དུས་གྲ་སྒྲིག་སྤུས་གཙང་བྱས་པ་དང་ཁོམ་པ་མེད་དུས་གྲ་སྒྲིག་གང་ཡང་མེད་པའི་སྒོ་ནས་སློབ་ཁྲིད་ཀྱི་ནང་དོན་ཕྱོགས་བསྡུས་ཁྲིད་ནས་སློབ་ཚན་དངོས་དང་འབྲེལ་མེད་ཚིག་རྙོག་བཤད་དེ་སློབ་ཕྲུག་གི་དུས་ཚོད་འཕྲོ་བརླག་གཏོང་མི་རུང་། སློབ་མ་ལ་མཚོན་ན་དུས་ཚོད་ནི་གསེར་དངུལ་ལྟར་གལ་ཆེ་བས། དགེ་རྒན་གྱིས་ཀྱང་སློབ་མའི་སློབ་སྦྱོང་གི་དུས་ཚོད་ལ་ངེས་པར་དུ་གཅེས་འཛིན་བྱེད་དགོས། དགེ་རྒན་གྱིས་ཏང་གི་སློབ་གསོ་ལ་ཁ་ཕྱོགས་ནས་སློབ་ཁྲིད་ཀྱི་ནང་དོན་དང་སློབ་མའི་ཁྱད་ཆོས་བཅས་དང་འཚམ་པའི་འཆར་གཞི་གོ་རིམ་ལྡན་པའི་སྒོ་ནས་སློབ་ཁྲིད་སྔོན་གྱི་གྲ་སྒྲིག་ལེགས་པོ་བྱེད་དགོས་པ་མ་ཟད་སློབ་མར་གོ་བརྡ་སྤྲོད་ཐུབ་པ་དང་སློབ་ཚན་གྱི་ནང་དོན་ཁ་གསལ་ཞིང་གོ་བདེ་བའི་ངང་ནས་སློབ་ཁྲིད་ཐུབ་པ་བྱེད་དགོས། བདུན་པ། སློབ་མའི་ཆུ་ཚད་ལ་དམིགས་ཏེ་ཉན་བཤད་ཀློག་འབྲི་བཞིའི་ནུས་པ་ཁག་བཞི་སྐྱེད་སྲིད་བྱེད་དགོས། འགྲོ་བ་མིའི་རིགས་གང་འདྲ་ཞིག་ཡིན་རུང་ཨ་མའི་མངལ་ནས་ཐོག་མར་སྐྱེ་བ་་ནས་བཟུང་ཐམས་ཅད་མཁྱེན་པ་ཞིག་ཡོད་མི་སྲིད། དེ་ཡང་ཤེས་རིག་ཡོན་ཏན་ཐམས་ཅད་རང་གིས་རྩ་བའི་བླ་མ་དང་དགེ་རྒན་ལ་བསྟེན་ནས་རིམ་བཞིན་མཁས་པར་གྱུར་པ་ཡིན། དེ་ཡང་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་དགེ་རྒན་གྱིས་བཤད་རྐྱང་དང་སློབ་མས་ཉན་རྐྱང་གི་ཁྲིད་ཐབས་ཡོངས་སུ་སྤངས་ཏེ་སྐད་ཡིག་སློབ་ཁྲིད་བྱེད་པའི་རྩ་དོན་བཞི་ནི་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་ཡིན་པས་དགེ་རྒན་གྱིས་སློབ་ཁྲིད་བྱ་རིམ་ནང་སློབ་མའི་ཉན་བཤད་ཀློག་འབྲི་བཅས་ཕྱོགས་བཞིའི་ཐད་ནས་སྦྱོང་བརྡར་ཆ་ཚང་བ་བྱས་ཏེ་སྐྱེད་སྲིང་བྱས་ནས་ལྷག་བསམ་རྣམ་དག་གིས་སྒོ་ནས་ཤ་ཁྲག་རུས་པའི་སྟེང་ནས་སློབ་ཁྲིད་བྱེད་དགོས། བརྒྱད་པ། དགེ་རྒན་རང་ཉིད་ཀྱི་ཀུན་སྤྱོད་དང་འགྲོ་འདུག་གཏམ་གླེང་ལ་ཡིད་གཟབ་བྱེད་དགོས། དགེ་རྒན་ནི་སྤྱི་ཚོགས་ཧྲིལ་པོས་ཁས་ལེན་པའི་ཡ་རབས་ཚུལ་ལྡན་གྱི་དཔེ་མཚོན་ཞིག་ཡིན་པ་དང་། དགེ་རྒན་གྱིས་བསྟན་པའི་བསླབ་བྱ་དང་། བཤད་པའི་སྐད་ཆ་དག་ནི་སློབ་མ་ཚོས་ཕ་མའི་ཁ་ཏ་ལས་ཀྱང་རྩ་ཆེ་བ་དང་རྒྱུ་མཚན་ལྡན་པ་ཞིག་བརྩི་བཞིན་ཡོད། གཞན་གྱི་བརྩི་འཇོག་འཐོབ་འདོད་ན་རང་ཉིད་ལ་ཁྱད་དུ་འཕགས་པའི་ཀུན་སྤྱོད་དགོས་ཞེས་པའི་གཏམ་དེ་ཀུན་གྱིས་ཤེས་ལ་དེ་ནི་སླད་མེད་དྲང་གཏམ་ཞིག་ཡིན། ཟེར་བ་ལྟར། དེ་བས་དེང་དུས་སྤྱི་ཚོགས་ཧྲིལ་པོ་ནི་ཤེས་བྱ་ལ་དགའ་ཞེན་དང་ཤེས་ལྡན་པར་བརྩི་འཇོག་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་བཞིན་ཡོད་པས། གོ་སྐབས་དེ་ལ་བསྟུན་ནས་དགེ་རྒན་རྣམས་ཀྱང་རང་གིས་རང་ལ་རེ་བ་ནན་པོ་ཞིག་བཅངས་ཏེ། བསམ་བློའི་ཁྲོད་སྣེ་ཁྲིད་པ་དང་། ཀུན་སྤྱོད་ཐད་དཔེ་མཚོན་ཅན། ཤེས་ཡོན་ཐད་ལམ་སྟོན་པ། ལས་ཀའི་ཐད་ཧུར་བརྩོན་ལྡན་པ་བཅས་ཀྱི་ཕྱོགས་ལ་བརྩོན་ནས་སློབ་མས་ནམ་ཡང་གུས་བཀུར་བྱེད་པའི་ཚད་དང་ལྡན་པའི་དགེ་རྒན་ཞིག་ཆགས་པར་བརྩོན་ལེན་བྱེད་དགོས། མདོར་ན། སློབ་གསོའི་ལས་རིགས་ལ་ཞུགས་པའི་དགེ་རྒན་ཞིག་ཡིན་ཕྱིན། རང་ཉིད་ཀྱི་མི་ཚེ་ཧྲིལ་པོར་སློབ་གསོའི་ལས་དོན་ལ་འབད་འབུངས་བྱེད་པའི་ཆོད་སེམས་ལྡན་དགོས། སློབ་མའི་འདོད་བློ་སྐོང་ཐུབ་པ་དང་ཕྱོགས་ཡོངས་ནས་གསོ་སྐྱོང་ལེགས་པོ་ཞིག་བྱེད་ཐུབ་ཆེད། དགེ་རྒན་རང་ཉིད་ནི་སྤྱི་ཚོགས་ཀྱི་གོམ་འགྲོས་དང་བསྟུན་ནས་ནམ་རྒྱུན་རང་ལ་བླང་བྱ་ནན་པོ་ཞིག་བཏོན་ཡོད་པ་རེད།

        མུ་མཐུད་གོམ་གང་མདུན་སྤོས་ཀྱིས་སློབ་སྦྱོང་བྱས་ནས་བསམ་པའི་འདུ་ཤེས་དང་ཀུན་སྤྱོད་ལ་གོ་རྟོགས་འཐོབ་པར་བྱེད་དགོས། ཚད་དང་ལྡན་པའི་དགེ་རྒན་ཞིག་ཆགས་འདོད་ན་སློབ་གསོའི་ལས་དོན་ལ་དགའ་ཞེན་དང་བརྩི་སྲུང་ཆེ་བའི་ངང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབཔར་ཧུར་བརྩོན་དང་མཆོག་ཏུ་གྱུར་པའི་བསམ་བློ་ཀུན་སྤྱོད་ཀྱིས་སློབ་མ་ལ་ཡང་དག་པའི་འགྲོ་ལམ་སྟོན་ཐུབ་པ་བྱ་དགོས། སླད་ཕྱིན་རང་གི་སློབ་ཕྲུག་རྣམས་ཤེས་རིག་ལྡན་པ་དང་མདུན་ལམ་ལེགས་པ། ཀུན་སྤྱོད་བཟང་བ། བརྩི་འཇོག་ཆེ་བ། སྒྲིག་ལམ་ལྡན་པ་བཅས་ཀྱི་མི་རབས་གསར་པར་གསོ་སྐྱོང་བྱེད་ཆེད། རང་ཉིད་ཀྱི་ཤེས་པ་མཐའ་དག་བློ་ཕམ་སེམས་འགྱོད་མེད་པར་མི་ཚེ་ཧྲིལ་པོ་སློབ་མའི་ཆེད་དུ་ལེགས་སྐྱེས་སུ་འབུལ་དགོས། །

《མི་རིགས》དུས་དེབ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1