༄༅།། མཐོ་འབྲིང་ལོ་རྒྱུས་བསླབ་ཚན་གྱི་འཁྲིད་ཐབས་སྐོར་ལ་དཔྱད་པ།

བཙུན་པ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-14


སི་ཁྲོན་ཞིང་ཆེན་རྔ་བ་དགེ་འོས་སློབ་གྲྭ་ཆེན་མོའི་སྐད་གཉིས་སློབ་གསོ་སྡེ་ཁག བཙུན་པ་ཚེ་རིང་།



[གནད་བཏུས] ལོ་རྒྱུས་སློབ་ཁྲིད་བྱེད་སྐབས་སློབ་དེབ་ཁྲོད་ཀྱི་ས་བཅད་མི་འདྲ་བ་དང་། ནང་དོན་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་སྟེ། འཁྲིད་ཐབས་གསར་བ་སྔོག་འདོན་བྱ་རྒྱུ་ནི་སློབ་ཁྲིད་ཇུས་འགོད་ཀྱི་སྲོག་ཤིང་དང་སློབ་ཁྲིད་གསར་སྒྱུར་གྱི་རྩ་བའི་བླང་བྱ་དེ་ཡིན་པར་མ་ཟད། ལོ་རྒྱུས་སློབ་ཁྲིད་ཡག་པོ་ཞིག་བྱེད་ཐུབ་མིན་གྱི་འགག་རྩར་ཡང་ཐུག་ཡོད་པས། མཐོ་འབྲིང་ལོ་རྒྱུས་བསླབ་ཚན་གྱི་ནང་དོན་དང་ཁྱད་ཆོས་འབུར་དུ་གཏད་དེ་བྱེ་བྲག་གི་སྒོ་ནས་འཁྲིད་ཐབས་མི་འདྲ་བ་དྲུག་ལ་མཚན་གཞི་དང་བཅས་ཏེ་དབྱེ་ཞིབ་བྱས་ཡོད།
[གནད་ཚིག] མཐོ་འབྲིང་ལོ་རྒྱུས། བསླབ་ཚན། འཁྲིད་ཐབས།
གཅིག སློབ་ཚན་གྱི་ནང་དོན་དུས་རིམ་དགར་ཏེ་འཁྲིད་པ
        དུས་རིམ་དགར་ཏེ་འཁྲིད་ན་གཅིག་ནས་དགེ་རྒན་གྱི་རིག་ལམ་མི་ཉོག་ཅིང་འཁྲིད་བྱའི་ནང་དོན་གནད་དུ་འཁེལ་ཐུབ་པར་མ་ཟད། བཀོད་སྒྲིག་ཡོད་པའི་སྒོ་ནས་སློབ་ཐུན་གཅིག་གི་ནང་དོན་རྣམས་མགོ་མཇུག་དང་གོ་རིམ་ལྡན་ཞིང་གཏན་ཚིགས་ཀྱི་རང་བཞིན་གསལ་ཐག་ཆོད་པ་ཞིག་ཡོང་ཐུབ། གཉིས་ནས་སློབ་ཚན་གྱི་ནང་དོན་ཇི་ལྟ་ཇི་ལྟར་ཡོད་པ་དག་སློབ་མའི་རྒྱུད་ལ་དེ་ལྟ་དེ་ལྟར་འཇོག་ཐུབ་པ་དང་སློབ་ཐུན་གྲོལ་རྗེས་སློབ་མ་རང་ཉིད་ནས་བསྐྱར་སྦྱང་བྱ་བར་མིག་མཐོང་ལག་ཟིན་གྱི་ཐབས་ལམ་བཟང་བོ་ཞིག་ཀྱང་བསྐྲུན་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན། དཔེར་ན། ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སློབ་ཚན་ཁྲོད་ཀྱི་ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་བརྒྱུད་རིམ་ཡོངས་རྫོགས་དུས་རིམ་གསུམ་དུ་དགར་ཆོག་སྟེ། དུས་རིམ་དང་པོ(1789.7.14-1792.8)དུས་རིམ་འདིའི་ནང་ཕ་རི་སི་མི་དམངས་ཀྱིས་དྲག་པོའི་འོས་ལངས་ཐེངས་དང་པོ་བསླངས་ནས་པ་ཧྲི་ཐི་བཙོན་དུ་བཟུང་བ་དང་།ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ནས་ཕྱི་རྒྱལ་གྱི་དྲག་པོའི་སྟོབས་ཤུགས་ཀྱིས་གསར་བརྗེར་ཐེ་གཏོགས་བྱེད་མགོ་བརྩམས་པ།
        དུས་རིམ་གཉིས་པ། (1792.8-1793.5)ཕ་རི་སི་མི་དམངས་ཀྱིས་དྲག་པོའི་འོས་ལངས་ཐེངས་གཉིས་པ་བསླངས་ནས་རྒྱལ་པོའི་དབང་སྒྱུར་བསློགས་པ་ནས་ལའོ་སུ་སྐུ་ཕྲེང་བཅུ་དྲུག་པར་སྲོག་ཆད་བཅད་པ་དང་ཕ་རི་སི་མི་དམངས་ཀྱིས་དྲག་པོའི་འོས་ལངས་ཐེངས་གསུམ་པ་བསླངས་པ།
        དུས་རིམ་གསུམ་པ། (1793.6-1794.7)ཕ་རི་སི་མི་དམངས་ཀྱིས་དྲག་པོའི་འོས་ལངས་ཐེངས་གསུམ་པ་བསླངས་ནས་གེ་རན་ཐེ་ཕྱོགས་ཁག་གི་དབང་སྒྱུར་བསློགས་པ་ནས་ཚ་ཟླའི་སྲིད་འགྱུར་བསླངས་པ་དང་།དེ་ནས་ཇེ་ཁོ་ཏེན་ཕྱོགས་ཁག་གི་སྒེར་གཅོད་དབང་སྒྱུར་མགོ་རྟིང་བསློགས་པའི་བར་དུ་ཡིན་པ་དང་། དེའི་རྗེས་ནས་སློབ་མར་ནན་གྱིས་བསྟན་དགོས་པ་ནི་ཕ་རི་སི་མི་དམངས་ཀྱིས་དྲག་པོའི་འོས་ལངས་ཐེངས་གསུམ་བསླངས་པ་དེས་ཕྱོགས་གཅིག་ནས་གསར་བརྗེར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོབ་པ་དང་། ཕྱོགས་གཉིས་ནས་གསར་བརྗེ་སྐྱོབ་ཐུབ་པ་བྱུང་བས་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་གཏིང་ཟབ་སྒོས་སྤེལ་བར་དོན་སྙིང་གལ་ཆེན་ཐོན་ཡོད་པ་རེད། དེ་བས་ཀྱང་ཁ་གསལ་དགོས་པ་ཞིག་ནི། གསར་བརྗེའི་ཁྲོད་སྔ་རྗེས་སུ་མི་དམངས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པའི་འོས་ལངས་ཆེན་པོ་གསུམ་བྱུང་བ་དེས་མི་དམངས་ནི་ལོ་རྒྱུས་ཀྱི་བདག་པོ་དང་མི་དམངས་ཀྱིས་ལོ་རྒྱུས་ལ་སྐུལ་འདེད་དང་ལོ་རྒྱུས་སྐྲུན་གྱིན་ཡོད་པའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་ཆགས་སུ་འཇུག་རྒྱུ་ཡང་ཧ་ཅང་གལ་ཆེའོ། །
གཉིས། སློབ་ཚན་གྱི་ནང་དོན་དེ་རེའུ་མིག་ཏུ་ཕབ་སྟེ་སློབ་ཁྲིད་བྱེད་པ།
        སྤྱིར་ལོ་རྒྱུས་ནི་འདས་ཟིན་པའི་བྱ་བའི་བྱུང་རིམ་དང་འབྱུང་རྐྱེན་སོགས་ལ་རྒྱུས་ལོན་དང་།དབྱེ་ཞིབ། གསལ་འབྱེད། ཕྱོགས་སྡོམ་བཅས་བྱས་ནས་དེའི་ཁྲོད་ཀྱི་མཉམ་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ཐོག ད་ལྟའི་གནས་བབ་ལ་འདང་རྒྱག་དང་མ་འོངས་པར་བསམ་གཞིག་བྱེད་པར་མིག་དཔེའི་ནུས་པ་གལ་ཆེན་ཐོན་གྱིན་ཡོད་པའི་དམིགས་གསལ་རང་བཞིན་གྱི་རིག་ཚན་ཞིག་ཡིན་པ་མ་ཟད། དེའི་ཁྲོད་ཀྱི་མི་སྣ་དང་འབྲེལ་ཡོད་ལོ་རྒྱུས་དོན་རྐྱེན། དེ་བྱུང་བའི་རྒྱབ་ལྗོངས་དང་། རྒྱུ་རྐྱེན། དུས་ཚོད་སོགས་ཤེས་རྒྱུ་ནི་རྨང་གཞི་དང་འགངས་ཆེན་གྱི་གནས་དེ་ཡིན། འོ་ན་འདི་དག་བསླབ་པར་བྱ་བ་ལ་ཐབས་ཤེས་གང་ཡོད་བྱས་ན། རེའུ་མིག་ཏུ་ཕབ་སྟེ་གསལ་བོར་འཁྲིད་རྒྱུ་ནི་ཐབས་ཡག་ཤོས་ཤིག་ཡིན་ཏེ། དཔེར་ན། 1840ལོའི་ཉལ་ཐའི་དམག་འཁྲུག་ཏུ་ཞུགས་པའི་རྒྱལ་གཅེས་དཔོན་དམག་གི་གནས་ཚུལ་ལ་འདི་ལྟར་དབྱེ་ཞིབ་བྱས་ན་ཆོག་སྟེ།


        ཡང་ཀྲོའུ་ནུབ་མའི་ས་བགོ་དབང་སྤྲོད་ལམ་ལུགས་སྐོར་སློབ་ཁྲིད་བྱེད་དུས། ཀྲོའུ་ཡི་གནམ་སྲས་དང་རྒྱལ་ཕྲན་རྒྱལ་པོའི་བར་གྱི་ཆབ་སྲིད་འབྲེལ་བ་དང་གདུང་རྒྱུད་འབྲེལ་བ། དཔལ་འབྱོར་འབྲེལ་བ་དང་དམག་དོན་འབྲེལ་བ། ས་ཁོངས་འབྲེལ་བ་སོགས་ལ་ངེས་པར་དུ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་རྒྱུས་མངའ་ལོན་པར་བྱ་དགོས་ཏེ། ཤེས་བྱའི་གནས་དེ་དག་གི་གཙོ་གནད་གཙིགས་སུ་བཟུང་ནས་དཀའ་གནད་དགྲོལ་དགོས་ན། གཤམ་གསལ་གྱི་རེའུ་མིག་འདི་འདྲ་ལས་མིག་མཐོང་ལག་ཟིན་ལྟ་བུའི་བློ་སྐྱེད་དང་། ཡིད་འཛིན་བསྐྱར་སྦྱང་ལ་ཕན་ཐོགས་ཆེན་པོ་ཡོད་དེ།

        འདི་ལྟར་དགར་ན་སློབ་ཚན་གྱི་སྤྱི་ཁོག་བློར་ངེས་པར་ཕན་ཐོགས་ཆེ་ཞིང་། ཞོར་ནས་འཕྲེད་དང་གཞུང་གིས་སྡུར་བ་དང་། རིགས་འདྲའི་སློབ་ཚན་ཕན་ཚུན་བར་བསྡུར་ན། སློབ་མས་དེའི་ཁྲོད་ཀྱི་གནད་དོན་བཙལ་སླ་ཞིང་དཀའ་གཙོ་གནད་ཀྱི་དབྱེ་བ་གསལ་འབྱེད་ཐུབ་པའི་ནུས་པའང་ཞོར་ནས་སྐྱེད་སྲིང་བྱ་ཐུབ།
གསུམ། སློབ་མའི་བློ་ངོར་འཇགས་སླ་བའི་ཆེད་དུ་སློབ་ཚན་ཁྲོད་ཀྱི་ཤེས་བྱའི་གནད་གཙོ་བོ་ཟུར་དུ་དགར་བ།
སློབ་ཚན་སོ་སོའི་ཁྲོད་དུ་ཤེས་བྱའི་གནས་གསར་བ་མི་ཉུང་བ་འབྱུང་གིན་ཡོད་པས། དགེ་རྒན་གྱིས་ངེས་པར་དུ་དེ་ཚོར་འགྲེལ་བཤད་ངེས་ཅན་ཞིག་བརྒྱག་དགོས་པར་མ་ཟད། ཆེད་དམིགས་ཀྱིས་དེ་དག་ཁྲོད་ཀྱི་དཀའ་གནད་དང་གཙོ་གནད་དགར་ཏེ་སློབ་མར་དབྱེ་ཞིབ་བྱེད་དུ་འཇུག་རྒྱུ་ནི་ཤེས་བྱའི་གནས་གཙོ་བོ་བློར་འཇགས་ཐུབ་མིན་གྱི་རྩ་བར་ཐུག་ཡོད་པས། གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པའི་དཔེ་ལྟར་ངེས་པར་གཟབ་ནན་བྱ་དགོས་ཏེ། དཔེར་ན། ལྗར་པན་གྱི་མིང་ཀྲི་ཁྲི་ལོའི་གསར་བཅོས་ཀྱི་ནང་དོན་དེ་ཤེས་བྱའི་གནད་འདི་དག་ལ་དགར་ནས་སློབ་ཁྲིད་བྱ་ཆོག་སྟེ། 1.རྒྱལ་ཕྲན་མེད་པར་བཏང་ནས་དེའི་ཚབ་ཏུ་རྫོང་གི་ལམ་ལུགས་བཙུགས་པ་དང་།དེ་དང་བསྟུན་ནས་ཀྲུང་དབྱང་དབང་ཆ་གཅིག་སྡུད་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་གཅིག་གྱུར་རྒྱལ་ཁབ་བཙུགས་པ། 2.མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་འཕེལ་རྒྱས་སུ་བཏང་ནས་ནུབ་གླིང་གི་སྔོན་ཐོན་ལག་རྩལ་དང་དོ་དམ་བྱ་ཐབས་ནང་འདྲེན་བྱས་པ། 3.དངུལ་ལོར་གཅིག་གྱུར་བྱས་ནས་ནོར་སྲིད་དག་ཐེར་བྱས་པ། 4.ཞིང་ལས་འཕེལ་རྒྱས་སུ་བཏང་ནས་ས་ཞིང་ལམ་ལུགས་བཅོས་སྒྱུར་བྱས་པ། 5.སློབ་གསོར་མཐོང་ཆེན་བྱས་ཏེ་འོས་འགན་སློབ་གསོ་ལག་ཏུ་བསྟར་བ། ཤེས་བྱའི་གནས་མི་འདྲ་བ་འདི་དག་ཕྱོགས་གཅིག་ཏུ་བསྡོམས་ན་དེ་ནི་མིང་ཀྲི་ཁྲི་ལོ་གསར་བཅོས་ཀྱི་ནང་དོན་ཡིན་པས། འདི་ལྟ་བུའི་སློབ་ཁྲིད་བྱེད་སྟངས་ཀྱིས་སློབ་མའི་སློབ་སྦྱོང་གི་འདུན་པ་མཐོ་རུ་གཏོང་ཐུབ་ལ་གྲུབ་འབྲས་ཀྱང་བཟང་བོ་ལོན་ཐུབ་པར་གདེང་ཚོད་ཆེ།
བཞི། གནད་དོན་རྙོག་འཛིང་དག་སྟབས་བདེར་བསྒྱུར་བ།
        གནད་དོན་རྙོག་འཛིང་དག་སྟབས་བདེར་བསྒྱུར་དགོས་ན་རི་མོའི་ལམ་ནས་ལོ་རྒྱུས་ཀྱི་གསང་བ་འཚོལ་ཞིབ་བྱ་རྒྱུ་ནི་ཐབས་ལེགས་པོ་ཞིག་རེད། རི་མོའི་ངོ་སྤྲོད་ལ་བརྟེན་ནས་སྤྱི་ཁོག་ནས་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་ཤེས་བྱའི་ནང་ཁུལ་གྱི་གཏན་ཚིགས་ཀྱི་སྒྲིག་གཞིར་གདེང་ཚོད་བཟུང་སྟེ་ལམ་ཐིག་གཙོ་བོའི་རྒྱུན་འདེད་པ་སྟེ། དཔེར་ན། ཆབ་སྲིད་དཔལ་ཡོན་གྱི་ལམ་ལུགས་ལས་གནའ་རབས་ཀེ་རི་སེ་དང་རོ་མའི་དམངས་གཙོའི་ཆབ་སྲིད་ཀྱི་སློབ་ཚན་འཁྲིད་དུས། སློབ་ཁྲིད་ཀྱི་འཆར་གཞི་འགྲུབ་པའི་ཆེད་དུ་སློབ་ཚན་ཁྲོད་ཀྱི་ཤེས་བྱའི་གནས་ཁོ་ན་ངོ་སྤྲོད་བྱེད་པ་དེས་ལོ་རྒྱུས་བསླབ་ཚན་གྱི་དམིགས་ཡུལ་མི་འགྲུབ་པས། གཙོ་བོ་སློབ་མས་རང་དགར་གྱི་ཀྲུང་གོའི་ཆབ་སྲིད་ལམ་ལུགས་དང་ནུབ་གླིང་གི་ཆབ་སྲིད་ལམ་ལུགས་གཉིས་འཕྲེད་དང་གཞུང་གནས་བསྡུར་ཐོག དེ་དག་གི་འདྲ་ས་དང་མི་འདྲ་ས་འཚོལ་སྡུད་བྱས་ནས་མི་འདྲ་བའི་གནད་དེ་ལ་དམིགས་གསལ་གྱིས་དབྱེ་ཞིབ་བྱས་ཏེ་རྒྱུ་རྐྱེན་བཙལ་ན། སློབ་ཚན་ལ་གཏིང་ཟབ་པའི་སྒོ་ནས་གོ་བ་ལེན་ཐུབ་པར་རམ་འདེགས་ཆེན་པོ་ཐོན་ཐུབ། དེ་ནི་ལོ་རྒྱུས་སློབ་སྦྱོང་ཁྲོད་ཀྱི་གནད་དོན་རྙོག་འཛིང་དག་སྟབས་བདེར་བསྒྱུར་བའི་ཐབས་དམ་པ་ཞིག་ཡིན་ལ། མ་གཞི་ནས་སློབ་མས་རིགས་ལམ་གསར་བ་སྤྱད་དེ་གཞུང་ལུགས་ཀྱི་ངོས་ནས་ལག་ལེན་དུ་འཇུག་པའི་བརྒྱུད་རིམ་ངེས་ཅན་ཞིག་ཀྱང་ཡིན་ནོ། །
ལྔ། དགེ་སློབ་ཕན་ཚུན་བར་གྱི་བརྗེ་རེས།
        བསླབ་གཞི་ཚིག་གསར་དོན་གྱི་གནད་ས་འཆད་པ་ལ། ། དགེ་སློབ་ཟུང་དུ་འབྲེལ་བའི་ཐབས་མཆོག་མདའ་མོ་དེ། ། མི་མཐུན་ལྟ་བ་ཕས་ཀྱིས་རྒོལ་བའི་གཞུ་དཀར་སྟེང་། ། ཐབས་ཤེས་ཟུང་དུ་འབྲེལ་ནས་འཇོག་པའི་དཔེ་བཟང་བསྟོད། ། ཅེས་པ་ལྟར་སློབ་མའི་ལྟ་ཀློག་དང་བསམ་གཞིག དགེ་རྒན་གྱི་འཆད་ཁྲིད་དང་མཛུབ་སྟོན་གཉིས་ནི་སློབ་ཐུན་གྱི་མགོ་མཇུག་བར་གསུམ་དུ་མེད་མི་རུང་བའི་བརྒྱུད་རིམ་ཞིག་ཡིན་ཏེ། སྤྱིར་བཏང་དུ་ལོ་རྒྱུས་སློབ་ཁྲིད་ཀྱི་དམིགས་ཡུལ་ལས། ཤེས་བྱ་དང་ནུས་པའི་ཐད་ཀྱི་དམིགས་ཡུལ་དང་། བརྒྱུད་རིམ་དང་ཐབས་ཤེས་ཐད་ཀྱི་དམིགས་ཡུལ། བརྩེ་སེམས་དང་རིན་ཐང་ལྟ་བའི་དམིགས་ཡུལ་སོགས་གསལ་བོར་བསྟན་ཡོད་པ་ནང་བཞིན། དམིགས་ཡུལ་དེ་དག་ལས་སླ་ཞིང་གོ་ཆོད་པའི་སྒོ་ནས་སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་དུ་འབྲེལ་དགོས་ན། ངེས་པར་དུ་ཟུང་འབྲེལ་གྱི་ཐབས་འདི་སྤྱོད་དགོས་ཤིང་། དེ་ཡང་དྲི་བ་དྲིས་ལན་གྱི་ཐབས་ལམ་དང་ཚོ་ཆུང་ཕན་ཚུན་བར་གྱི་རྩོད་བསྡུར། གཞན་ལྟ་ཀློག་བྱེད་སྐབས་དགེ་རྒན་གྱིས་གང་འཚམ་གྱིས་མཛུབ་སྟོན་བྱ་རྒྱུ་དང་སློབ་མར་དྲི་ཚིག་དང་བཅས་ཏེ་ལྟ་ཀློག་ཏུ་ཞུགས་སུ་འཇུག་པ་དང་། དེ་ནས་དགེ་རྒན་གྱིས་དྲི་ཚིག་འདོན་པ་དང་སློབ་མས་ལན་འདེབས་པ་བཅས་བྱས་ནས་ཕན་ཚུན་ལ་བསམ་གཞིག་གི་དུས་ཚོད་ངེས་ཅན་ཞིག་འདོན་སྤྲོད་བྱས་ན་སློབ་མས་ལོ་རྒྱུས་སློབ་ཚན་གྱི་ནང་དོན་བདེ་བླག་ངང་རྟོགས་ཐུབ་པར་ཕན་ཐོགས་ཆེ་བ་དང་དགེ་རྒན་གྱིས་ཀྱང་ཡང་དང་བསྐྱར་དུ་བཤད་པའི་ངལ་བ་སེལ་ཐུབ་པའི་དགེ་མཚན་ལྡན། མདོར་ན། མཐོ་འབྲིང་རིམ་པའི་ལོ་རྒྱུས་ཀྱི་ནང་དོན་དེ་བསླབ་གཞི་གསར་བ་བཅོས་སྒྱུར་བྱས་ཚུན་ནས་དགེ་རྒན་གྱི་འཁྲིད་ཐབས་དང་སློབ་མའི་སྦྱང་ཐབས་བཅས་ཀྱི་ཐད་ན་དཀའ་ཁག་མི་ཉུང་བ་བྱུང་དང་འབྱུང་གིན་ཡོད་པས་ང་ཚོས་ངེས་པར་དུ་སྤོབས་པ་ཆེར་བསྐྱེད་ཀྱིས་ཚོད་ལྟ་དང་ཧུར་བརྩོན་བྱས་ན། ད་གཟོད་ཉམས་མྱོང་གསོག་འཇོག་བྱ་ཐུབ་ལ། དེ་དང་བསྟུན་ནས་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ལོན་པར་ཡིད་ཆེས་དང་སྤྲོ་བས་ཁེངས་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1