གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

གཅན་མེ་སྟག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༡༤ཉིན།

༄༅།། གདོས་བཅས་ཀྱི་བདག

གཅན་མེ་སྟག (མགོ་ལོག)




ཉི་མ་རེ་རེར།


ངས་ཆུ་བླངས་ཏེ་ཟ་མ་བཟོ་བ་དང་།
དུས་ལྟར་དུ་སྨན་འཐུང་བཞིན་ཡོད།
ཉི་འོད་དྲོ་དུས།
ངས་རང་ཉིད་ཉི་འོད་ནང་བཞག་སྟེ།

མར་ཉི་མར་ལྡེ་བ་བཞིན།
ལུས་སེམས་གཉིས་དུས་གཅིག་ཏུ་བཞུས་སོང་ན།
བསམ་གྱིན་ཡོད།

ངས་ཉི་མ་རེ་རེར།

ཇ་ལོ་རེ་རེ་བཞིན་བརྗེས་ཏེ།
ཤིན་ཏུ་སྐྱིད་པའི་སེམས་ཁམས་དེ་དག
འོ་མ་དང་ལྷན་དུ་སྦངས་འདོད།

རྒྱུ་རྐྱེན་དེ་དག་གིས།

ངས་ཐེངས་རེ་རེར་སེམས་གཏིང་གི་ཁ་བ་མར་མནན་ཏེ།
འཁྱག་གྲང་གི་ཁ་དོག་ཡོད་ཚད།
རྨེག་མེད་དུ་གཞོམ་ན་བསམས་ཡོད།

ངས་རང་ཉིད་གཙང་དག་གིས་འཚོ་བར་བྱེད་ཆེད།

ལུས་ཕུང་ནང་རིམ་དུ་གད་སྙིགས་བཞིན་སྤུངས་པའི།
རྒྱུས་ཡོད་མེད་ཀྱི་ངོ་གདོང་དེ་དག
སྙན་མི་སྙན་གྱི་སྐད་སྒྲ་དེ་དག
ལོ་ཟླའི་སྣང་མུན་གྱི་རྡུལ་ཕྲན་དེ་དག
རེ་རེ་བཞིན་ཕྲལ་ཞིང་གཏོར་ནའང་།
ངས་རང་ཉིད་ཀྱི་ངོ་གདོང་མཐོང་དུ་མ་ནུས།

མེ་ལོང་དུ་ལྟ་ཐེངས་རེ་རེར། ད་བཟོད།

ངས་རང་ཉིད་ནི་གདོས་བཅས་ཀྱི་ཕུང་བོ་ཞིག་ཏེ།
མ་རིག་པ་དང་ཉོན་མོངས་པའི་གློག་སྒྲོན་འོག་གི།
ཟིང་ཟིང་དང་འུད་ཅོར་གྱིས་ཁེངས་པའི།

ཁྲོམ་གཞུང་ཞིག་དང་འདྲ་བ་ཤེས།

《གངས་དཀར་རི་བོ》ལས་བཤུས།

39.7K

རྩོམ་ཡིག་རྗེས་མ།
སྤྱིའི་དེབ་9པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1