གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཁྲི་སེམས་དཔའ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༡༥ཉིན།

༄༅ ང་ཚོས་ནམ་ཡང་བརྗེད་མི་རུང།

མཚོ་སྔོན། ཁྲི་སེམས་དཔའ།


ཕྱིར་དྲན་གྱི་བར་སྣང་དུ་ལག་སྙོབ་བྱས་ཚེ།
ད་དུང་ཡང་འཁྱག་ཤུར་ཤུར་གྱི་ནམ་ཟླ་ཞིག་སེམས་ལ་ཐོགས་ཡོང་།
དེ་དུས། ང་ཚོས་སྙིང་དམར་པོ་ཞིག་གི་འཕར་ལྡིང་ཡུལ་ཤུལ་ལ་བཏེགས་མྱོང་།
དེ་དུས། ང་ཚོས་སྨྲེ་སྔགས་དང་མིག་ཆུས་ཡུལ་ཤུལ་གྱི་རྩྭ་ཐང་བརླན་མྱོང་།
རི་རབ་ཀྱི་བརྟན་བརླིང་ནི་ཡུལ་ཤུལ་གྱི་རང་གཤིས་ཡིན་ལ།
རྩྭ་ཐང་གི་དཔང་རྒྱ་ནི་ཡུལ་ཤུལ་གྱི་ཐུགས་དཀྱེལ་ཡིན།
ཁམས་པའི་ཕོ་རྒོད་ཅིག་གིས་གདུང་བའི་སེམས་ངལ་བསྐྱུར་ནས།
གངས་རི་ལྟ་བུའི་སེམས་པ་ང་ཚོར་བསྟན་མྱོང་།
ཁམས་པའི་མོ་གསར་ཅིག་གིས་མིག་མཐའི་མཆི་མ་ཕྱིས་ནས།
ཆུ་མོ་ལྟ་བུའི་སྙིང་གཏམ་ང་ཚོར་བཤད་མྱོང་།
ཁང་ཆག་ཞིག་རོའི་ཁྲོད་ཀྱི་རྨ་ཁ་དེ་དག
དེ་དག་གི་གཏིང་དུ་འབྱར་བའི་ན་ཟུག་དེ་དག
ནམ་ཡང་འཇགས་པ་མེད་ཀྱང་།
ཉིན་མོ་མང་པོ་འོད་ཀྱིས་འགེམ་ཤུལ་དུ།
མཚན་མོ་མང་པོ་སྨག་གིས་ཟོས་ཤུལ་དུ།
ང་ཚོས་རང་སེམས་ཀྱི་མུན་པ་གསེད་དེ།
ང་ཚོས་རང་སེམས་ལ་འོད་སྣང་བསུས་ཏེ།
སའི་གོ་ལའི་སྒལ་གཞུང་དུ།
ནམ་ཡང་འཇིག་པ་མེད་པའི་དར་ལྕོག་བསླངས།
རླུང་གིས་བཟློས་པའི་ཡིག་དྲུག་གི་འགྱུར་ཁུགས་སྙན་མོ།
ང་ཚོའི་རྟག་བརྟན་གྱི་སེམས་གསོ་ཡིན།
ཤོར་ཟིན་པའི་ཚེ་སྲོག་གི་འོ་དོད་ཕྲ་མོ།
ད་དུང་ཡང་རྣ་ལམ་དུ་སྐྱོ་བས་གྱེར་ནའང་།
མར་མེའི་འོད་ངོགས་ནས་འབུས་པའི་མྱུ་གུས།
སྐྱོ་སྣང་གི་སྐྱི་ཤུན་བརྟོལ་ཏེ་རེ་བའི་ནམ་མཁའ་ཕྱེས་ཤིང་།
ལམ་གྱི་སྣེ་མོ་ཡོད་ཚད་བརྩེ་བའི་སྦྲང་ཆར་གྱིས་བརླན།
སེམས་ཀྱི་འཁྱག་དར་མཐུག་པོ་མཛའ་བརྩེ་དྲོན་མོས་བཞུས།
ཁེར་རྐྱང་གི་སེམས་ལ་སྙིང་གཏམ་དྲོན་མོ་བྱུར་བུར་སྤུངས།
ང་ཚོ་ནམ་ཡང་དཔུང་མེད་རྒྱབ་ཆད་དུ་མ་ལུས།
ཕྱག་ཟུང་འཇམ་པོ་མང་པོས་ང་ཚོ་མཐའ་ནས་བསྐྱོར་ཞིང་།
ཐུགས་རྗེའི་སྤྱན་དཀྱུས་རིང་མོས་ང་ཚོ་བྱམས་ཀྱིས་བསྐྱངས།
དཀའ་སྡུག་གི་འགག་འཕྲང་དོག་མོར་སྙིང་ཉེ་བའི་གོམ་སྒྲའི་འགྲོ་རོགས་ཡོད།
འཁྱག་ཤུར་གྱི་ནམ་ཟླ་སྐྱ་མོར་དྲོད་ལམ་ལམ་གྱི་འཛུམ་མདངས་འཇམ་པོ་ཡོད།
དཔུང་པ་སྦོམ་པོ་མང་པོས་སྡུག་གི་ན་བུན་བཀྱགས་ཏེ།
དབྱར་ཁ་ལྟ་བུའི་ཡུལ་ལྗོངས་ཤིག་མི་ཡུལ་གྱི་དཔལ་དུ་དྲངས།
དེ་ནས་བཟུང་། མགོ་སྦྲ་སྨུག་པོའི་མཐོངས་སུ་བཞད་པའི་ཉི་མ་ཡང་འཛུམ་དམུལ་དམུལ།
དེ་ནས་བཟུང་། སེམས་ཀྱི་མཚོ་མོར་འཕོས་པའི་ཟླ་བ་ཡང་འོད་ཀྱིས་འཚེར།
དེ་ནས་བཟུང་། འཇའ་ཚོན་གྱི་འོད་གུར་གངས་རིའི་རྩེ་ལ་ཟུག
དེ་ནས་བཟུང་། མེ་ཏོག་གི་འཛུམ་ཕྲེང་རྩྭ་ཐང་གི་པང་དུ་དགོད།
དེ་ནས་བཟུང་། བགྲོད་ལམ་གྱི་རྐང་ལག་ཕྱོགས་མཚམས་ཀུན་ཏུ་བརྐྱངས།
དེ་ནས་བཟུང་། བསིལ་རླུང་གི་ནེམ་ཤ་རི་ཀླུང་ཀུན་ཏུ་ཁྱབ།
མུན་པ་སངས་ཤུལ་གྱི་བར་སྣང་དུ་ང་ཚོའི་སེམས་རིས་བྲིས་ཡོད།
ཁ་བ་ཞུས་ཤུལ་གྱི་རྩྭ་ཐང་དུ་ང་ཚོའི་དགའ་སྐྱོ་ཕབ་ཡོད།
གྲོགས་པོ་ལགས། ཁྱེད་ཀྱིས་གཟིགས་དང་།
བ་ཡན་ཧ་རིས་སོ་ཕྲེང་དགོད་ཀྱིན་ཕྱོགས་ཀྱི་མགྲོན་པོ་བསུ།
གྲོགས་པོ་ལགས། ཁྱེད་ཀྱིས་ཉོན་དང་།
བྱ་ཆུ་སྔོན་མོས་གླུ་དབྱངས་ལེན་བཞིན་དགའ་བའི་ཐལ་མོ་རྡེབ།
དགུན་གསུམ་གྱི་ཙག་རླུང་རྒྱང་དུ་བདས་ཤུལ་དུ།
དཔྱིད་གསུམ་གྱི་རྩྭ་ཕྲན་ལྗང་མདོག་གིས་འབུས་འོངས།
དབྱར་གསུམ་གྱི་མེ་ཏོག་མཛེས་སྡུག་གིས་བཞད་ཡོང་།
སྟོན་གསུམ་གྱི་འབྲས་བུ་གསེར་མདོག་གིས་ཚེས་ཡོང་།
ཡུལ་ཤུལ་གྱི་གནམ་སའི་མཚམས་སུ།
གླིང་གེ་སར་དཔའ་སྤོབས་ཀྱིས་འགྲེངས་ཏེ།
སྟོད་ཀྱི་གངས་རིར་ཕྱག་གསུམ་བསྒུར།
གླིང་འབྲུག་མོ་འཛུམ་མདངས་ཀྱིས་བཞེངས་ཏེ།
སྨད་ཀྱི་མཚོ་མོར་མཆོད་གསུམ་འཕེན།
འོ། ཡུལ་ཤུལ་གསར་པ། ཁྱེད་ནི་ཉི་མའི་སྲས་པོ།
འོ། ཡུལ་ཤུལ་གསར་པ། ཁྱེད་ནི་ཟླ་བའི་སྲས་མོ།
རྡུལ་འཚུབ་ཀྱི་སྨུག་པ་དྭངས་ཤུལ་དུ།
སྟེང་ལྷ་ཡུལ་ལ་འགྲན་པའི་ཡིད་འོང་གི་ཞིང་བཀོད་ཅིག
རྒ་སྐྱེ་རྒུའི་རི་རབ་ཀྱི་ཁོང་དུ་བརྩིགས།
འོ། ཡུལ་ཤུལ་གསར་པ། ཁྱེད་ནི་མེ་ཏོག་གི་གང་བུ།
འོ། ཡུལ་ཤུལ་གསར་པ། ཁྱེད་ནི་འཇའ་ཚོན་གྱི་འོད་གུར།
སྐྱོ་སྡུག་གི་ཤུགས་རིང་ཡལ་ཤུལ་དུ།
འོག་ཀླུ་ཡུལ་ལ་འགྲན་པའི་མཛེས་སྡུག་གི་གྲོང་ཁྱེར་ཞིག
རྒ་སྐྱེ་རྒུའི་རྩྭ་ཐང་གི་པང་དུ་བཞེངས།
ཀྱེ་མ། ང་ཡི་ཡུལ་ཤུལ། ཡུལ་ཤུལ་གསར་པ།
ཁྱེད་ནི་བྱིས་པ་ཚོའི་དགོད་སྒྲ་ལྷང་ལྷང་ལས་འཛུམ་ཡོང་།
ཁྱེད་ནི་གཞོན་པ་ཚོའི་ཡིད་ཆེས་བརྟན་པོ་ལས་འགྱིང་ཡོང་།
ཁྱེད་ནི་རྒན་པ་ཚོའི་སྐྲ་དཀར་གྱི་ཉག་མ་ལས་འཇུར་ཡོང་།
ཁྱེད་ནི་ཕོ་རྒོད་ཚོའི་ལག་ཟུང་གི་སྙིམ་པ་ལས་འཕགས་ཡོང་།
ཁྱེད་ནི་མོ་གསར་ཚོའི་མཁུར་ཚོས་ཀྱི་དམར་མདངས་ལས་མངོན་ཡོང་།
གླུ་གཞས་ཀྱི་འགྱུར་ཁུགས་སྙན་མོ་ཁྱེད་ལ་ཕུལ་བའི་ངག་གི་མཆོད་པ་ཡིན།
བྲོ་གར་གྱི་སྟངས་སྟབས་མཉེན་མོ་ཁྱེད་ལ་ཕུལ་བའི་སེམས་ཀྱི་བསུ་མ་ཡིན།
ང་ཡི་ཡུལ་ཤུལ་ལགས། དེ་རིང་དུས་ཆེན་གྱི་འཁར་རྔ་རི་གསུམ་གྱི་རྩེ་ནས་རྡུང་དུས།
ང་ཚོས་བརྗེད་མི་རུང་སྟེ། ང་ཚོས་ནམ་ཡང་བྱམས་བརྩེ་དྲོན་མོ་དེ་དག་བརྗེད་མི་རུང་།
ང་ཡི་ཡུལ་ཤུལ་ལགས། དེ་རིང་དུས་ཆེན་གྱི་རོལ་མོ་ལུང་གསུམ་གྱི་མདོ་ནས་དཀྲོལ་དུས།
ང་ཚོས་བརྗེད་མི་རུང་སྟེ། ང་ཚོས་ནམ་ཡང་འཛུམ་མདངས་དྲོན་མོ་དེ་དག་བརྗེད་མི་རུང་།
ང་ཚོས་བརྗེད་མི་རུང་། ང་ཚོས་གཏན་དུ་བརྗེད་མི་རུང་།
ང་ཚོས་ངོ་གདོང་སྨུག་པོ་དེ་དག་བརྗེད་མི་རུང་།
ང་ཚོས་ལག་ཟུང་འཇམ་པོ་དེ་དག་བརྗེད་མི་རུང་།
ང་ཚོས་སེམས་གསོ་དྲོན་མོ་དེ་དག་བརྗེད་མི་རུང་།
ང་ཚོས་ཅིས་ཀྱང་བརྗེད་མི་རུང་སྟེ། ང་ཚོས་གཏན་ནས་བརྗེད་མི་རུང་།
ང་ཚོས་དཔྱིད་ཀ་དེ་བརྗེད་མི་རུང་།
ང་ཚོས་དབྱར་ཁ་དེ་བརྗེད་མི་རུང་།
ང་ཚོས་སྟོན་ཁ་དེ་བརྗེད་མི་རུང་།
ང་ཚོས་དགུན་ཁ་དེ་ཡང་བརྗེད་མི་རུང་ངོ་།  
39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1