༄༅།། ཚ་ཚ་ཡི་སྐོར་གཏམ་དུ་གླེང་བ།

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-15



ལྟག་ཨོ་རྒྱན་ཆོས་འཕེལ།

        ཚ་ཚ་དེ་བོད་གངས་ཅན་པའི་ཡུལ་དུ་དར་ནས་ཕལ་ཆེར་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན། ཆེས་སྔ་བའི་ཚ་ཚའི་སྐོར་གྱི་བཤད་པ་སོགས་དེང་སང་ཤིན་ཏུ་ལྐོག་གྱུར་སོང་ནས་ངོ་སྤྲོད་གསལ་ཐག་ཆོད་ཞིག་ཡོང་དཀའ་ནའང་། ངེད་ཅག་བོད་ཀྱི་ཚ་ཚ་དེ་བོད་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ནས་དངོས་སུ་དར་བའང་ཡང་ན་ཚ་ཚའི་བརྒྱུད་པ་དེར་གོང་འཕེལ་ཆེན་པོ་ཞིག་ཐེབས་པ་མངོན། འདི་ལོ་ངོ་སྟོང་ལྷག་གི་འཕོ་འགྱུར་ཁྲོད་བོད་ཀྱི་ཚ་ཚ་དེ་སྤུས་ཀ་དང་རྣམ་པ། ལག་རྩལ་དང་རྣམ་གྲངས་སོགས་ཇེ་ཡག་ཇེ་བཟང་དུ་སོང་ནས་འཛམ་བུ་གླིང་འདི་རུ་ངོ་མཚར་བའི་ཚ་ཚའི་ཞིང་ཁམས་ཞིག་གྲུབ་ཡོད། བོད་གངས་ཅན་པའི་ཡུལ་འདིར་ཚ་ཚ་ཞེས་ན་སྐུ་འདྲ་དང་འབུམ་པ་སོགས་ཀྱི་གཟུགས་སུ་རུང་བ། ལྷ་ཁང་དང་དགོན་པའི་རྟེན་དུ་ཆོག་པ། ཡང་ན་ཐད་ཀར་ཆེད་དུ་ཚ་ཚ་བཞུགས་སའི་ཚ་ཁང་དང་ས་དགྲ་བཅས་འགོག་སའི་རྟེན་དུ་བཀྲམ་པ། གང་ལྟར་ཚ་ཚ་དེ་ཕྱོགས་གང་ནས་ཀྱང་མཁོ་དགོས་ཆེ་བ་ཞིག་ཏུ་གྱུར་ནས་བོད་ཡུལ་འདི་ཚ་ཚ་མང་ཤོས་དང་ཚ་ཚའི་བཟོ་རྩལ་གྱི་ལག་རྩལ་མཐོ་ཤོས་ཞིག་ཏུ་ཆགས་ཡོད།
        སྤྱིར་ཚ་ཚ་ཞེས་བརྗོད་ན་པར་ཀོང་གང་རུང་ནས་ས་ལས་གྲུབ་པའི་མཆོད་རྟེན་ཆུང་ངུ་སོར་ལྔ་ལས་མ་ཡོལ་བ་དེ་ལ་གོ རྗེས་སོར་ཚ་ཚ་བསྐྲུན་པའི་ཐ་སྙད་ལ་འགྱུར་བ་སོང་སྟེ་ཤིན་ཏུ་ནས་རྣམ་པ་མང་ལ་ཕྱི་ནང་གི་བཀོད་པ་ལས་གྲོལ་བའི་ཚ་ཚ་སྣ་ཚོགས་པ་ཞིག་དོན་ཡོད། འདིར་ཚ་ཚ་ལ་དཔྱད་གླེང་བྱ་བའི་གོ་རིམ་དུ་ཚ་ཚ་ལ་འཇུག་པའི་སྒོ་ཐོག་མཐའ་བར་གསུམ་དུ་དབྱེ་ན།
སྒོ་དང་པོ། ཚ་ཚ་ཞེས་པའི་མིང་དང་དེའི་བྱུང་བ།
        ཐོག་མར་ཚ་ཚ་ཞེས་པའི་མིང་འདི་ནི་བོད་སྐད་གཙང་མ་ཞིག་ཡིན། ཚ་ཚ་ལ་དཔྱད་མཁན་ཁ་ཅིག་གིས་སྰཙྪ་ཞེ་ན་རྒྱ་གར་ལེགས་སྦྱར་གྱི་སྐད་དང་བོད་སྐད་དུ་དེ་ལ་ཟུར་ཆགས་ཏེ་ཚ་ཚ་ཞེས། ཡིན་ན་འདི་ལྟར་སྨྲ་བ་ལ་རྒྱབ་རྟེན་གྱི་བྲག་རི་མེད་པས་ཚ་ཚ་ཉིད་འཕགས་ཡུལ་ནས་དར་བའི་ལུང་ཙམ་ལ་དམིགས་པ་ཤུགས་དྲག་སྟེ་འདི་ལྟར་སྨྲས། སྤྱིར་ན་འཛམ་བུ་གླིང་འདིའི་སྒང་དུ་འདམ་པ་ལ་སྨྱུག་ལེབ་ཀྱིས་རི་མོ་ཕབ་སྟེ་ཡི་གེའི་ཚུལ་དུ་དོན་པ་དེ་ལོ་ངོ་སུམ་སྟོང་ལྔ་བརྒྱ་དང་བཞི་སྟོང་ལྔ་བརྒྱ་བར་གྱི་གཏམ་ཡིན། དེ་དུས་འཛམ་གླིང་ནུབ་ངོས་ཀྱི་ཨེ་ཇིན་མཚོ་འགྲམ་དུ་འདམ་པ་ལེབ་མ་ལག་ངོས་ཙམ་གྱི་རི་མོའི་ཡི་གེ་དང་ཐམ་ག་སོགས་ཐོག་མར་དར། ཡང་ན་འཛམ་གླིང་ཤར་ཕྱོགས་ཀྱི་ཆེས་གདོད་མའི་རྒྱལ་ཁབ་དག་ཏུ་ས་འདམ་བརྐོས་ཕོར་དུ་མནུར་ནས་ཐོན་པའི་ས་ཊམ། འདི་འབུ་སྲིན་ལྤགས་པ་དང་ལྷན་དུ་དངུལ་སྒོར་གྱི་རྣམ་པ་ཐོག་མའི་གྲལ། རྒྱ་གར་དུ་ས་འོག་ནས་དོན་པའི་ད་རུ་ཞེས་པའི་ལོ་ངོ་བཞི་སྟོང་ལྔ་བརྒྱའི་སྔོན་གྱི་གནའ་གྲོང་ནང་འདམ་ལེབ་མ་གྲུ་བཞིའི་ངོས་སུ་རི་མོ་སྣ་ཚོགས་ཕབ་པའི་གནའ་རྫས་སོགས་རྙེད་ཡོད་པ། དེ་དག་ནི་ཚ་ཚ་ཡི་རྣམ་པ་ཐོག་མ་དེ་ཡིན། རྗེས་སུ་ལོ་རྒྱུས་ཀྱི་འགྱུར་བ་ནས་འདམ་པའི་ཡི་གེ་ཉམས་པ་དང་ཐམ་གའང་འདམ་པ་ལས་ཡོལ། ཡིན་ན། རྒྱ་གར་གྱི་ཡུལ་ལུང་ཁག་དང་བོད་ཀྱི་ཡུལ་དུ་དར་བའི་ཚ་ཚ་རྣམ་པ་དེ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་བརྒྱུད་དེ་ད་བར་དུ་སླེབས་དུས། བོད་ཡུལ་ན་མུ་མཐུད་དེ་ཚ་ཚ་བཞེངས་སྲོལ་དང་བཤད་རྒྱུན་སོགས་ཕུན་སུམ་ཚོགས་པ་ལུས་ཡོད། མ་ཚད་པ་དེང་སང་ཡང་བོད་ཀྱི་ལུང་པ་ལ་ཁག་ཏུ་ལོ་ལྟར་ཚ་ཚ་འབོར་ཆེན་བཞེངས་བཞིན། སྔར་བོད་བརྒྱུད་ནང་བསྟན་གྱིས་རྐྱེན་པས་ཧོར་སོག་པོའི་ཡུལ་དུ་ཚ་ཚ་བསྐྲུན་པའི་ལུགས་གཙང་མ་དར། ཆིང་རྒྱལ་རབས་ཀྱི་སྐབས་སུ་དར་རྒྱས་ཆེ་བའི་སྒང་། ཚ་ཚའི་སྤུས་སོགས་ལེགས། དེང་ཉམས་ཆག་ཏུ་ཕྱིན་ཙམ།

        བོད་ཀྱི་ཚ་ཚ་ཞེས་པའི་མིང་དེ་རྒྱལ་པོ་སྲོང་བཙན་སྐབས་སུ་དངོས་སུ་འདོན་པར་སྙམ། ཡིན་ན། ལོ་རྒྱུས་སྨྲ་བ་ཁ་ཅིག་ནས་བོད་རྒྱལ་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་གཉན་པོ་གསང་བའི་དཀྱིལ་དུ་སྐུ་གསུང་ཐུགས་མཚོན་པའི་མདོ་ཟ་མ་ཏོག་དང་། སྙིང་པོ་ཡི་གེ་དྲུག་མ། སྤང་སྐོར་ཕྱག་རྒྱ་མ། གསེར་གྱི་མཆོད་རྟེན་སོགས་ཡོད་པ་མ་ཚད་དེ་དག་གི་མཉམ་དུ་སྐུ་མཚོན་པའི་ཙྪིན་ངྷ་མ་ཎི་ཚ་ཚའི་སྐུ་སྤར་༼སཙྪའི་ཀོང་བུ༽ཞིག་ཀྱང་ཡོད་པ་བཤད། དེས་ན་བོད་དུ་ཚ་ཚ་དོན་པའི་ལོ་དེ་རྒྱལ་པོ་སྲོང་བཙན་ལས་སྔ་བར་གྲགས། གཡུང་དྲུང་བོན་གྱི་གཞུང་དུ་ཆེས་སྔ་བའི་དུས་སུ་ཞང་ཞུང་འོལ་མོ་ལུང་པས་ཤེལ་གྱི་ཚ་ཚ་ཞིག་བསྐྲུན་པར་སྨྲ་ཡང་རྒྱུ་ཆ་དངོས་སུ་མཐོང་ཡུལ་ལས་འདའ་བའང་ལོ་ཚད་ཀྱི་ཡུན་ཐག་རིང་དྲགས་པས་ལོ་རྒྱུས་དངོས་སྨྲ་བ་དག་ཡིད་ཆེས་དཀའ། རེད་དེ་ཞང་ཞུང་པའི་རིག་གཞུང་གི་གནད་འགའ་ཤས་ཞིག་ཤིན་ཏུ་བསམ་ཡུལ་ལས་འདས་པས་དཔྱད་པ་གནད་དུ་འགྲོ་བར་གལ་ཆེ། དེས་ན་བོད་ཀྱི་རྒྱལ་པོ་སྲོང་བཙན་ནས་ཁྲི་རལ་བ་ཅན་གྱི་བར་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཚ་ཚ་དེ་མཆོད་རྟེན་གྱི་གཟུགས་སུ་ཤར་ཆེ་བ་དེ་རྒྱལ་བ་དང་སྲས་བཅས་ཀྱི་སྐུ་བརྙན་དུ་བསྒྱུར། ཁྱད་ཆོས་གཙོ་ཤོས་ཤིག་ནི་ཚ་ཚ་འབུར་མ་རིལ་རིལ་ཅན་དེ་ཚ་ཚ་ལེབ་མ་ཅན་དུ་འགྱུར་བ་འཕོས་ཡོད། འདི་ལ་བསྟན་པ་སྔ་དར་གྱི་ཚ་ཚ་ཞེས་སྨྲ་རུང་། བསྟན་པ་ཕྱི་དར་ནས་ཚ་ཚ་ཞེས་ན་འབུམ་པའི་གཟུགས་ཅན་ཡོད་ལ་སྐུ་འདྲའི་གཟུགས་ཅན་ཡིན་པ་ལའང་གོ་ཆོག འགྱུར་བ་འདི་ཉིད་སྒྲོག་པ་དེ་ལས་ཚ་ཚ་ཉིད་ཆེས་སྔ་རབས་ཀྱི་སྐབས་སུ་འབུམ་པའི་གཟུགས་ཅན་ཁོ་ན་ཡིན་ལ། འདི་ལྟ་ཡིན་པའི་སྒོས་ངེད་ཅག་ནས་དངོས་སུ་ཤེས་རྟོགས་ཐུབ་པ་ཞིག་ནི། སངས་རྒྱས་ཞལ་བཞུགས་པའི་དུས་ནས་འབུམ་པ་བརྩིགས་ཏེ་འབུམ་པར་མཆོད་པ་དེ་དར་བཞིན་པའི་སྒང་། དེ་དུས་སྐུ་བརྙན་བཞེངས་ཏེ་མཆོད་པ་བྱེད་པའི་སྲོལ་མེད་ལ། འོ་ན་འབུམ་པ་བཞེངས་པའི་ལོ་རྒྱུས་སུ་ཕལ་ཆེར་སོར་མོ་ལྔ་ལས་ཡོལ་ཚད་ལ་མཆོད་རྟེན་དང་བང་སོ་སོར་མོ་ལྔ་ཅན་ནང་ཚུད་དེར་ཚ་ཚ་ཞེས་འབོད་ཆོག ལོ་ངོ་ཉིས་སྟོང་ཡན་ལྔ་སྟོང་མན་དུ་མི་བོ་ཆེན་པོ་དག་གི་སྐུ་གདུང་དེ་དྲན་གསོའི་ཚུལ་དུ་བང་སོའང་མཆོད་རྟེན་དུ་འཇུག་པ། ལོ་ངོ་ཉིས་སྟོང་གི་སྔ་རོལ་དུ་སྐུ་གདུང་གང་ཞིག་མེ་ལྷ་ལ་འབུལ་དུས་སུ་གདུང་དེ་རིལ་བུའི་ཅན་ནམ་ཡང་ན་གདུང་ཐལ། སྐུ་རུས་ཆུང་ངུ་དེ་དག་ཚ་ཚ་རུ་སྒྲུབ་སྟེ་དྲན་རྟེན་དུ་འཇོག་པ། དེ་ནི་ཚ་ཚའི་རྣམ་པ་དངོས་མ་དེ་ཡིན། དེས་ན་ནང་པའི་རྗེས་འཛིན་པ་དག་གི་སྤྱི་ལོ་དུས་རབས་གསུམ་པ། བཞི་པ། ལྔ་པའི་ནང་གྲུབ་ཆེན་དང་བླ་མ་ཆེན་པོ་དག་གི་སྐུ་གདུང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དེ་མཆོད་རྟེན་ཆུང་ངུའི་ནང་འབུལ་ཏེ་ཕྱག་འཚལ་བའི་རྟེན་དུ་མཆོད་པའི་སྲོལ་ཆེར་དར། རྒྱུ་རྐྱེན་དེ་ནས་སྔོན་ལི་ཡུལ་དང་ཁ་ཆེ་སོགས་སུ་རིང་བསྲེལ་བཞུགས་པའི་ལི་དང་ཟངས་ཀྱི་མཆོད་རྟེན་ལུགས་མ་ཅན་ཆུང་ངུ་དེང་སང་ཡང་ས་འོག་ནས་མང་ཙམ་དོན་ཡོད། དེ་རྣམས་བཟོ་རྩལ་སྤུས་ལེགས་ཅན་ཤིན་ཏུ་རིན་ཐང་ཆེ་ལྡན། ཚ་ཚ་དེ་འདྲ་འགའ་ཞིག་ཆེ་ཤེལ་ལས་སྤྱན་གཡར་ཏེ་བལྟས་ན་ངོ་མཚར་ཆེ་མཐོང་། ཚ་ཚ་རང་གཟུངས་སུ་འཇུག་པ་དེ་ཡང་སྤྱི་ལོ་1064ལོའི་བླ་མ་འབྲོམ་སྟོན་པས་བྱ་འདབ་ཀྱི་འོག་དང་གཉའ་གོང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་རེར་བཞེངས། མཆོད་རྟེན་རེའིེ་ནང་བླ་མ་སྟོན་པ་ཉིད་ཀྱི་ཕྱག་ཕྲེང་རྡོག་རེ་དང་ཇོ་བོ་རྗེའི་གདུང་ཐལ་ལས་བཞེངས་པའི་སཱཙྪ་རེ་བཅུག་ཅེས་གསུངས།
        དུས་རབས་དྲུག་པ་ཡས་མས་སུ་བོད་ཀྱི་ཡུལ་དུ་ཚ་ཚ་དར་རུང་དེ་དུས་ཚ་ཚ་ཕལ་ཆེ་མཆོད་རྟེན་ཁོ་ན་ཅན། མཆོད་རྟེན་འདི་དེང་གི་བརྒྱ་ཚར་མ་ལྟར་མ་ཡིན་པ་མཆོད་རྟེན་ཆ་བརྒྱད་ཅན་པོ་དེ་ཡིན། ཆ་བརྒྱད་ཚ་ཚ་འདི་ཐེག་པ་ཆེན་པོ་བ་དག་གིས་ཤིན་ཏུ་དགའ་བསུ་གནང་བས་བྱིན་རླབས་ཆེ་བའི་དམ་རྫས་དང་འབྲུ་སོགས་གཟུངས་ཀྱི་ཚུལ་དུ་འབུལ་ལ། ཤིན་ཏུ་རྩིས་ཆེ་བའི་རིང་བསྲེལ་དག་གསེར་ཟངས་དང་ལི་ལས་བསྐྲུན་པའི་ཚ་ཚ་རུ་བཞུགས་ལ། ནང་པའི་ཚ་ཚ་ཐོག་མ་འདི་དར་ནས་སངས་རྒྱས་ཀྱི་མཛད་པ་བརྒྱད་མཚོན་པའི་ཚ་ཚ་དེ་དད་ཅན་སྐྱེ་རྒུའི་གླིང་དུ་ཁྱབ་པར་མཛད། བོད་ཡུལ་དུ་ཚ་ཚའི་རྣམ་གཞག་བརྗོད་ན་གཞི་ཆེ་བ་སྐུ་གདུང་གི་རྣམ་པ་ལས་ཡོངས་སུ་འདའ་ནས་ཐུགས་ཀྱི་རྟེན་དུ་འགྱུར་བ་ཟིན་པས། འདི་བསོད་ནམས་དམ་པ་གསོག་པའི་འཕྲིན་ལས་སུ་བགོས། དེར་བརྟེན་ཚ་ཚ་བརྒྱ་ཚར་མ་བཅས་དོན་ཡོད། སྤྱི་ལོ་996ནང་ལོ་རིན་ཆེན་བཟང་པོ་མཆོག་ནས་མཐོ་ལྡིང་དཔལ་གྱི་ལྷ་ཁང་བཞེངས་པས། དགོན་པ་འགྲུབ་རྗེས་དགོན་པའི་ནུབ་ངོས་སུ་སཙྪའི་མཆོད་རྟེན་ཆུང་ཆུང་བརྒྱ་རྩ་བརྒྱད་བཞེངས་པ་དང་གཟུངས་སུ་ལོ་ཆེན་ཉིད་ཀྱི་ཕྱག་ཕྲེང་རྡོག་རེ་གཞུག་ཏུ་མཆིས།
ཚ་ཚ་འདི་འབྲི་ལུགས་སུ་མི་འདྲ་བ་འགའ་ཡོད་ཅིང་། ཚ་ཚ། ཚཱ་ཚཱ། ཚྭ་ཚྭ། སཙྪ། དོན་ནི་པར་མ་ཞེས་པ་ལ་གོ་ཞེས་དཔྱད་མཁན་འགས་གསུངས། ཚ་ཚ་ནི་པར་ཀོང་གང་རུང་ལས་པར་བསྐྲུན་གནང་རྒྱུ། གྲངས་ཀ་ལ་གང་མང་མང་འདེབས་ཆོག་པས། དོན་ཉིད་ལེགས་པར་ཕབ་ན་འདམ་པའི་པར་ཞེས་པ་ལ་གོ་དགོས། རྒྱུ་འདམ་པ་ཅན་གཟུགས་སུ་མཆོད་རྟེན་དང་སྐུ་བརྙན་སྣ་ཚོགས་པར་ཏུ་བླངས་པ་དེར་ཚ་ཚ་ཞེས། རྗེས་སུ་ཚ་ཚ་བསྐྲུན་པའི་རྒྱུ་དང་ནང་དོན། དགོས་པ། རྣམ་པ་སོགས་ལ་འགྱུར་བ་ཐད་དེ་སྐབས་འགར་ས་འདམ་གྱི་བཞེངས་པའི་ཚ་ཚ་དང་ཚ་ཚ་གཞན་པ་ལས་དབྱེ་འབྱེད་གནང་དགོས་པས་ན་མིང་ལ་སཙྪ་ཞེས་འབོད་དགོས་ཐུག ཚད་དུ་སོར་མོ་ལྔ་ཞིག་དགོས་པ་དེ་ནང་པའི་ཡེ་ཤེས་ལྔ་མཚོན་པས་ན་ཚ་ཚ་འདི་ཤེས་རབ་སྐྱོངས་པའི་ཆ་རུ་གོ་དགོས། འབྱུང་ས་དེ་འཕགས་པའི་ཡུལ་ཡིན་ཡང་འགྱུར་བ་དང་རྗེས་འཛིན་དེ་བོད་ནས་འཐོབ། བོད་ཡུལ་འདི་ཚ་ཚ་རྣམས་མཚར་ལོངས་བསྐྱེད་པའི་གནས་གཙང་མ་དང་རྣམ་པར་དགའ་བའི་གཞལ་ཡས་ཁང་ལྟར་རོ། །
སྒོ་གཉིས་པ། ཚ་ཚའི་བཤད་པ་དང་དེ་ཡི་རིགས།
        ཚ་ཚ་འདི་ཐོག་མར་ས་འདམ་གྱི་རྒྱུ་ལས་བསྐྲུན་པའི་འབུམ་པ་དང་སྐུ་བརྙན། སྔགས་ཡིག་སོགས་ལ་གོ་ཡང་། རྗེས་སོར་བོད་གངས་ཅན་པ་དག་གིས་འགྱུར་བ་བཏང་ནས་རིགས་མི་མཐུན་པའི་ཚ་ཚ་སྣ་ཚོགས་ཞིག་པར་ལ། དཔེར་ན། སཙྪ། སྨན་ཚྭ། སྤོས་ཚྭ། རླུང་ཚྭ། ཆུ་ཚྭ། སྤགས་ཚྭ། ཕྱག་ཚྭ། རུས་ཚྭ། སྤུར་ཚྭ་སོགས་དུ་མ་ཞིག་མཆིས། དེ་ཡང་རྒྱུ་གང་རུང་ནས་བསྐྲུན་པར་བགྱིས་ན་ཤིན་ཏུ་བཟང་བས། ལི་ཚཱ། ཁྲོ་ཚཱ། རྡོ་ཚཱ། ཤིང་ཚཱ། དེས་ན་སྦྱིན་བདག་སོ་སོའི་ནུས་མཐུ་དང་བསྟུན་དེ་རིན་པོ་ཆེ་ཡི་རྒྱུ་གསེར་དང་དངུལ་དང་ལྕགས་དང་ཟངས་ལས་བསྐྲུན་པའི་ཚ་ཚ། ཡང་ན་རྡོ་ཡ་མཚན་དང་ཤིང་ཡ་རབས་ཅན་གྱི་ཚ་ཚ་སོགས་རྣམ་པར་མཐའ་ཡས་པ་ཡོད་དོ། །

        ཚ་ཚ་བསྐྲུན་སའི་རྒྱུ་ཆ་མ་མཐུན་པ་དེ་བོད་པས་ཚ་ཚ་ལ་འགྱུར་བ་བཏང་བའི་ནང་དོན་གཙོ་བོ་ཅིག་ཡིན། འདི་ལྟ་ནི་བོད་གདོད་མའི་ལུགས་ཀྱི་ཁམས་དང་འབྱུང་བ་ལ་རིགས་པ་དཔྱད་དེ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པ་ལ་ཐབས་ཁྱད་པར་ཅན་སྤྱད་པར་གོ སྣོད་བཅུད་ཀྱི་གཟུགས་ཅན་དག་འབྱུང་བ་ས་ཆུ་མེ་རླུང་ལས་གྲུབ་པ་དང་ཞིག་པའི་འདུས་བྱས་ཅན་ཁོ་ནའང་དེའི་བརྒྱུད་རིམ་ཞིག འདིས་ནུས་པ་མ་ཡོལ་གྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་གནས་གྱུར་ན་རྒྱུ་ས་ཆུ་མེ་རླུང་བཅར་བའི་རྒྱལ་བའི་སྐུ་བརྙན་དང་འབུམ་པ། གཟུངས་སྔགས་བཅས་ནི་ཐབས་མཁས་པས་བསོད་ནམས་ཀྱི་ཚོགས་བསགས་པའོ། །ལྷན་དུ་ནི་བོད་པའི་ཚ་ཚ་བཞེངས་པའི་ནང་དོན་ཟུར་ཅིག ཚ་ཚ་དང་ཤད་དུ་བྱུང་བའི་རིན་ཐང་བྲལ་བའི་སྒྱུ་རྩལ་དེ་ཡིན། འདི་འགྲོ་བ་མི་རིགས་ཀྱི་བླ་ན་མེད་པའི་རྣམ་དཔྱོད་ཀྱི་བརྗོད་པ་ཕུན་སུམ་ཚོགས་པ་དང་ཕྱི་ནང་གཉིས་ལས་མ་ཡོལ་བའི་དགོས་པ་དང་སྣོད་བཅུད་ཀྱི་ཐ་སྙད་ལྕི་ཡང་གི་ཆ་མ་ཕྱེད་པས་བོད་གངས་ཅན་པས་བརྩི་བཀུར་གྱིི་དོན་གཙང་མ་རྙེད་པའི་རྟགས། རྣམ་དཔྱད་འདིས་འབྱུང་བའི་གོ་རིམ་ནང་འཚེ་བ་མེད་པ་དང་ས་ཆུ་སོགས་ལ་གནོད་པ་འབག་བཙོག་བཏང་བའི་ལམ་བཀག་སྟེ་མཆོད་པ་དང་འབྱུང་བ་ཁམས་ལྔ་ལ་སྤྲུལ་བའི་སྒྱུ་རྩལ་གྱི་གླིང་ག་དེ་བསྐྲུན། དེར་བརྟེན་ཚ་ཚ་བཏབ་པ་དང་ཚ་ཚ་ལ་དགའ་ཞེན་གནང་བ་དེ་བོད་གངས་ཅན་པའི་འཚོ་བའི་གོམས་གཤིས་ལྟར་དུ་གནས། གལ་སྲིད་བོད་པ་ཞིག་ཡིན་ན་རྒན་གཞོན་མེད་པ་ཚང་མས་ཚ་ཚ་བཏབ་མྱོང་ཅེས་སྨོས་ཆོག གངས་ལྗོངས་སྣོད་བཅུད་མེད་པ་ཚ་ཚ་ཡིས་ཁེངས། གཞན་ཁམས་ལྔ་ལས་འཕོས་པའི་ཚ་ཚ་དག་ནས་འཇིག་རྟེན་འདིར་འབྱུང་བ་ས་ཆུའི་གནོད་པ་སྣ་མིན་འགོག་པ་དང་སྣོད་བཅུད་ཀྱི་བྲེ་མཉམ་སྟེ་མི་ཕྱུགས་བདེ་ཞིང་འབྲུ་འཕེལ་ལོ་ལེགས་པའི་ཆེད་དུའོ། །
        ཚ་ཚ་བཏབ་པའི་གོ་རིམ་ལས་སྟ་གོན་གྱི་ཚུལ་དུ། འདིར་ཐོག་མར་ཚ་ཚ་བཞེངས་སའི་ཁོར་ཡུག་སྟེ་ཡུལ་གཙང་མ། གནས་གཙང་མ། ཚ་ཚའི་རྒྱུ་གཙང་མ། གཟུངས་ཞུགས་གཙང་མ། ལག་དང་ཆ་བྱེད་གཙང་མ། ཆུ་གཙང་མ་བཅས། གཞི་ནས་དངོས་སྦྱོར་ལ་དམིགས་པ་དང་སེམས་བསྐྱེད་གཙང་མ། ཚིག་གཙང་མ། གས་ཆག་སོགས་མི་ཡོང་བའི་དོན་གཙང་མ། དངོས་སྦྱོར་ལས་ཀྱི་རྒྱབ་ལྗོངས་གཙང་མ། དཔེར་ན་ཚ་ཚ་གཅིག་ནས་མི་གསུམ་གོ་འཕང་འཐོབ་པའི་མོས་པ་གཙང་མ། ཚ་ཚ་ལ་ཕུལ་བའི་ན་བཟའི་ཚོས་དང་རྩི་གཙང་མ། འཇུག་བསྡུ་བ་ལ་རབ་གནས་གཙང་མ་དང་བསྔོ་བ་གཙང་མ། སྨོན་ལམ་གཙང་མ། ཚ་ཚ་བཞུགས་སའི་ཁང་བུ་གཙང་མ། མདུན་ངོས་སུ་རྒྱུག་ཆུ་གཙང་མ་ཡོད་པ་བཅས་སོ། །སྔ་རབས་བོད་ཀྱི་ཡུལ་ལུང་ཁག་ཏུ་ཞིང་ག་རྨོས་ཟིན་པའི་ནམ་ཟླའི་ཁྲོད་དུ་རྒན་གཞོན་ཚང་མ་ཡུལ་གཙང་མའི་ཕྱོགས་སུ་འཛོམས་ཏེ་ལོ་རྒན་པས་ཚ་ཚ་བཏབ། གཞོན་པས་ས་སྐྱེལ། ས་རྡུང་། ཆུ་འདྲེན་བཞིན་མ་ཎི་རྒྱང་འབོད་བཅས་སོལ་དལ་གྱིས་སྒྲོག་པ། ཤིན་ཏུ་མངོན་པར་མཚར་བའི་ཚ་ཚ་དག་མཇལ་དུས་བོད་པས་འཚོ་བ་དེ་ལྟ་ཞིག་རོལ་བའི་ངང་དུ་ཉིད་ཀྱི་རིག་གཞུང་ཡང་ན་དད་པ་གཙང་མས་ཡིད་ཀྱི་འཇིག་རྟེན་ཞིག་བསྐྲུན་པ་དེ་རྟོགས་སོ། །
བསོད་ནམས་བསགས་པའི་ལས་སུ་བསྡུ་བའི་ཚ་ཚ་གང་མང་བཞེངས་ན། འདི་འཕྲིན་ལས་སྣ་ཚོགས་དང་རིགས་དུ་མའི་དོན་དུ་མངོན་པར་སྒྱུ་རྩལ་གྱི་ཚུལ་དུ་ཡང་ཡོང་བཞིན། ཐོག་མར་ཚ་ཚ་འདི་ཡོངས་སུ་རྒྱལ་བའི་སྐུ་གསུང་ཐུགས་སུ་མཚོན་པ་སྤྲོས་པས། སྐུ་བརྙན་དང་འབུམ་པ། གཟུངས་སྔགས་སྣ་ཚོགས་བཀྲ་བས་རྒྱལ་བའི་སྐུ་གསུང་ཐུགས་ལ་མཆོད་པས་ཉིད་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་གཙང་མར་དག་ནས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཐོབ་པ། འདིར་ཞི་བ། རྒྱས་པ། དབང་། དྲག་པོ། ལས་སྣ་ཚོགས་སྒོས་ཚ་ཚའི་བཟོ་སྟངས་ལ་དབྱིབས་ཟླུམ་པོ་དང་ཟླ་གམ། གྲུ་བཞི། གྲུ་གསུམ། སྣ་ཚོགས་སུ་འོད་སྒོ་ཅན། བྱང་ཆུབ་ལྗོན་པའི་ལོ་མ་ཅན། ནོར་བུ་བརྩེགས་མ་ཅན་བཅས་དེ་དང་བལྟོས་པའི་ན་བཟའི་ཚུལ་དུ་ཚོས་མདོག་དཀར་པོ། སེར་པོ། དམར་པོ། ནག་པོ། སྔོན་པོ་བཅས་སོ། །ཚ་ཚ་འདི་དག་ནི་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ས་རྒྱན་པས་བཟོ་དབྱིབས་དང་བཀོད་པ། ཚོས་མདངས། ནང་དོན་སོགས་ནས་ཤིན་ཏུ་ཡིད་དབང་འཕྲོག་པས། དེང་སང་རྒྱལ་ཕྱི་ནང་ཀུན་གྱི་ཆོས་དད་པ་ཡིན་མིན་ལ་མ་ལྟོས་པར་ཚ་ཚ་བསྡུ་རུབ་དང་ཉར་ཚགས་གནང་རྒྱུ་ལ་དགའ་ཞེན་ཤུགས་དྲག་ཡོད། དེ་ཡང་རྒྱ་ནག་ནང་སའི་གྲོང་ཁྱེར་ཐེན་ཅིན་ལྟ་བུར་ཆེད་དུ་ཚ་ཚ་ངོ་སྤྲོད་གནང་སའི་བཤམས་སྟོན་ཁང་ཡང་འདུག འདི་ནི་ངེད་སཙྪའི་བདག་པོ་བོད་པ་ཚོ་ནས་དེ་བས་ཀྱང་ཚ་ཚ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེར་སྙམ། མ་གཏོགས་ནམ་ཞིག་ན་སཙྪ་བོད་ཡུལ་ནས་དོན་ཡང་ཞིབ་འཇུག་གཞན་ཡུལ་དུ་ཤོར་བའི་གནས་ཚུལ་ལོ། །

        འདིར་ཚ་ཚ་ནི་རིགས་སྣ་མིན་ཚོགས་ཀྱི་ཚ་ཚའི་སྤྱི་མིང་དུ་འཇོག་ཅིང་། ཞིབ་ཏུ་འབྱེད་ན་ནང་གསེས་མང་བ་ཞིག་ཡོང་ཐུབ། སཱཙྪ་ཞེས་ན་རྒྱུ་ས་འདམ་ལས་བཟོས་པའི་ས་ཡི་ཚ་ཚ། ཚ་ཚ་འདིའི་རིགས་དེ་བོད་གངས་ཅན་ཡུལ་དུ་དོན་པའི་ཚ་ཚའི་ཁྱོན་འབོར་གྱི་གྲུབ་ཆ་ཆེ་ཤོས་དེ་ཡིན། སཱཙྪ་འདི་ནང་གསེས་སུ་དབྱེ་ན། དབྱིབས་ལ་རྡོག་རྡོག་དང་ལེབ་མ་གཉིས། དོན་ནི་བོད་ཀྱི་སྲོལ་རྒྱུན་རིགས་གཞུང་དུ་དོན་པའི་གནམ་ས་གཉིས་ཡང་ན་ཕོ་ཁམས་དང་མོ་ཁམས་གཉིས། ཡང་ན་རི་དང་ཀླུང་། ཡང་ན་སྣོད་དང་བཅུད། ཡང་ན་ཉི་མ་དང་ཆུ་ཤེལ། ལེབ་མའི་རིགས་ལ་ས་འདམ་རློན་པ་རང་སྐམ་ཐེབས་པ་དང་མེར་བསྲེགས་སོ་བཏང་ཟིན་པའི་གྱོ་རྫའི་སཙྪ་གཉིས་ཡོད། སཙྪ་རིལ་རིལ་ཅན་དེ་བླ་མ་ཆེ་ཁག་གི་ཕྱག་ཚཱ་མ་གཏོགས་སོ་བཏང་བ་དེ་ཉུང་། འདི་གཉིས་ནས་སོ་བཏང་ཟིན་པའི་གྱོ་ཚཱ་དེ་ལག་ལེན་གྱི་སྐབས་སུ་ཅུང་དཀའ་བ་ཡོད་པས་ནམ་རྒྱུན་རྙེད་དུ་དཀོན། ས་འདམ་གྲུབ་པའི་འཇིམ་བཟོ་སོགས་མེར་སོ་བཏང་དུས་གལ་སྲིད་ལག་རྩལ་ལ་མ་བྱང་ན་མདོག་དང་བཟོ་དབྱིབས་དེ་འགྱུར་ཏེ་གཟུགས་མ་ཡག་པར་ཆགས་ཤོར། ཡིན་ན། གྱོ་ཚཱ་བཟོ་བ་ལ་བྱང་པ་ཞིག་ན་གྱོ་ཚཱ་དེར་བཟང་བའི་ཁྱད་ཆོས་འགའ་ཡོད། ཆུ་ཆར་ལ་མི་འཇིགས་པ། བཟོ་ལྟ་གཙང་མ། རྭ་སོགས་ནས་བཏབ་ན་ཏིང་ཏིང་གི་སྐད་འབྱིན་པ། གྱོ་ཚཱ་བཟོ་ན་དང་ཐོག་ཆེད་དུ་ཟླ་གཅིག་ཙམ་བསིལ་སྐམ་དང་བསིལ་ཟེར་འཕོག་པའི་ཚ་ཚ་དེར་གཞི་ནས་སོ་བཏང་བ། སོ་བཏང་ལུགས་ཀྱང་དང་ནས་མེ་ཆེན་མ་གོས་པ་མེ་ཆུང་སོག་མ་དང་རྩྭ་སོགས་ནས་སྐམ་ཆུག་པ། གཞི་ནས་གྲུབ་པ། འདི་ལྟར་གྱི་སྐུ་ཆེན་པོ་དེ་ཕོ་བྲང་པོ་ཏཱ་ལ་རུ་བཞུགས་པའི་ཁ་ཆེ་པཎ་ཆེན་གྱི་རྫ་སྐུ། དེ་ལས་ས་འདམ་རློན་བཟོ་རང་སྐམ་ཐེབས་པ་དེར་ངལ་བ་དང་རྙོག་གྲ་ཆེ་མེད་པས། འདི་ལྟར་ནི་ཚཱ་ཀོང་དུ་བྱུགས་པའི་སྣུམ་དང་ཉི་འོད་སྡེབས་ཏེ་བསིལ་སྐམ་འཇོག་ན་ལོ་བརྒྱ་ཕྲག་ཐུབ་པའི་སྲ་ནུས་འཐོབ། གང་སར་རྙེད་སླ་བ་དང་བཟོ་མང་བའང་དེ་རིགས་ཡིན། འཇིག་རྟེན་འདིར་ཚ་ཚ་ལས་སྔ་ཤོས་ནི་སཱཙྪ་མཆོད་རྟེན་གྱི་གཟུགས་ཅན། དབྱིབས་རིལ་བུ་ཅན་མཐོ་ཚད་ལ་སོར་གཅིག་ནས་བཞི་བར། རྗེས་སུ་སཱཙྪ་ལེབ་མ་ཅན་རྒྱབ་བ་སྲས་བཅས་ཀྱི་སྐུ་བརྙན་དང་གཟུངས་སྔགས་སོགས་དོན་པ། འདི་བསྟན་པ་ཕྱི་དར་ནས་བཟུང་སཱཙྪ་ལེབ་མ་ཅན་དེ་ཚ་ཚའི་གྲུབ་ཆ་གཙོ་བོ་རུ་གྱུར་ཡོད། རྒྱུ་ས་ལས་བསྐྲུན་པའི་སཱཙྪ་འདི་དག་གི་བཤད་པའི་ཁྲོད་དུ། ལོ་སྟོང་ཕྲག་བརྒྱུད་དེ་ད་བར་དུ་འོ་ཅག་ལ་ཤིན་ཏུ་གྲོལ་ན་དཀའ་བའི་གསང་བ་དུ་མ་ཞིག དཔེར་ན། ཚ་ཚ་དངོས་སུ་དར་བའི་ལོ་ཚིགས། ཚ་ཚ་ཞེས་པའི་མིང་བཏགས་དོན། ཚ་ཚ་བཞེངས་པའི་དགོས་པ་གཙོ་བོ། འཇིག་རྟེན་འདིའི་ཚ་ཀོང་ཐོག་མ་དང་ཡུལ་གང་ནས་དར་བ། སུ་ཞིག་གིས་བསྐྲུན། ཚ་ཀོང་དེའི་རྒྱུ་སོགས་གསང་བ་ཤིན་ཏུ་མང་བ་ཞིག གཞན་དུ་སཙྪ་ཡི་རྒྱུ་གྱུར་བའི་ས་འདམ་དེ་ས་རྒྱུ་མི་འདྲ་བའི་ཁྱད་པར་ཆེན་པོ་ཅང་མེད་རུང་། སཱཙྪ་བཞེངས་ཟིན་པའི་ས་དེ་ཡང་ན་ཚ་ཚ་རྙིང་པ་ཁ་རྒྱུན་ནང་ས་མིན་རྡོ་མིན་ཞེས་ས་དང་རྡོ་གཉིས་ཅར་འདྲ་བ་ཞིག་ཡིན། འདི་ལྟར་ཆགས་པའི་རྒྱུ་མཚན་དེ་དེང་སང་ཡང་ལན་གསལ་པོར་ཞིག་མ་རྙེད། ངོ་མཚར་ཅེས་བརྗོད་པ་ལས་ཐབས་གཞན་དང་བྲལ།
        སྤྱི་ན་སཱཙྪ་ནི་ལྡེར་བཟོའི་རིགས་སུ་གཏོགས་ཤིང་། འདིར་བརྐོས་ཕོར་གང་རུང་ནས་ས་འདམ་བླུགས་ཏེ་སྐུ་བརྙན་དང་འབུམ་པ་སོགས་ཐེངས་གཅིག་ལ་ལྡེབས་པར་རྒྱག་པ་དེར་སཙྪ་ཞེས་བརྗོད་ཆོག དེ་མིན་རེ་རེ་ནས་བསྐྲུན་དགོས་པ་དེར་འཇིམ་བཟོ་ཞེས། ཚ་ཚ་དེ་སྟབས་བདེ་བ་ལག་ལེན་ལ་དེ་ཙམ་རྙོག་གྲ་མེད། འཇིམ་བཟོ་ནི་ལག་རྩལ་ནས་བྱང་མ་ཆུབ་ན་འོ་བརྒྱལ་ཆེ་བས་སཙྪ་ལྟར་མ་ཡིན་ནོ། །
སྨན་ཚཱ་ནི་སྨན་གྱི་རྒྱུ་བའི་ཚ་ཚ། ནང་གསེས་སུ་གསུམ། སྨན་འདམ་འདྲེས་མ་ཅན། སྨན་ཁོ་ན་ཅན། ཤིང་སྣ་རྩྭ་སྣ་ཅན་བཅས་གསུམ། དབྱིབས་ནི་རིལ་རིལ་དང་ལེབ་ལེབ་གཉིས། སཙྪའི་མདངས་ཀ་ནི་ཤིང་སྣ་རྩྭ་སྣ་ཅན་ལས་གཞན་གཉིས་པོ་མདོག་ནག་རྐྱང་ཅན། འགྲམ་དུ་བླངས་ན་སྨན་གྱི་དྲི་མ་ཡང་ཡང་གཡོ་བ། སྨན་སྒྲུབ་སོགས་ཀྱི་དགོས་པ་ལས་ཆེད་དུ་དོན། སྨན་དང་སྲུང་འཁོར་མཉམ་སྤྱོད་ཅན་རི་མོའི་ནང་དོན་ལ་རྣམ་པ་སྣ་ཚོགས། གནས་ཁྱད་པར་ཅན་གྱི་ཤིང་དང་ཆུ་དང་། རྩྭ་དང་། ས་དང་། སྨན་སོགས་ལྷན་དུ་མཉམ་སྦྱོར་གྱིས་བཏབ་པའི་སྨན་ཚཱ་དེ། སྨན་ཚཱ་གཞན་དང་མ་འདྲ་བ་ཚ་ཚའི་ཕྱི་གོས་སུ་རས་ཀྱིས་བཏུམ་པ་ཞིག བྱིན་བརླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་གྲགས། སྨན་ཚཱ་ཁྱད་དུ་འཛིན་མཁན་འགའ་ནས་ཚ་ཚའི་རྒྱུ་ལ་གནས་ཆེན་བརྒྱད་དང་མཆོད་རྟེན་བརྒྱད་ཀྱི་ས་གཉེར་ནས་བསྐྲུན་པ་བྱེད། གཞན་ཡང་ས་འདམ་དུ་བ་དམར་པོ་དང་ར་དཀར་པོའི་འོ་མ་སྦྱར་བའང་ཡོད་དོ། །
        སྤོས་ཚཱ་ནི་སྤོས་འདམ་གྱི་རྒྱུ་གྱུར་བའི་ཚཱ་ཚཱ། སྤོས་ཚཱ་འདི་དྲི་མ་ཞིམ་ལ་ཤིན་ཏུ་ཡང་བ། སྐུ་འདྲ་མཐོ་གང་ལས་ལྷག་པའང་ལྗིད་ཚད་ཤིན་ཏུ་ཡང་བ། ཚ་ཚ་ལ་ན་བཟའི་ཚུལ་དུ་ཚོན་རྩི་བྱུགས་པ། ཚོན་དང་རྩི་ཡིས་རྐྱེན་པས་སྤོས་འདམ་དེ་སྲ་བརྟན་དུ་སོང་ནས། མཛེས་ཉམས་ཆེ་ལ་སྤུས་བཟང་ཅན་ཞིག་ཡིན།
        རླུང་ཚཱ་ནི་འབྱུང་བ་རླུང་གི་རྒྱུ་གྱུར་བའི་ཚ་ཚ། བརྐོས་ཕོར་གང་རུང་དེ་འཁོར་ལོ་ཡང་ན་ཆེད་དུ་རླུང་གི་ཕྱོགས་སུ་བཏབ་པའི་ཚ་ཚ། བསོད་ནམས་ཀྱི་སྟོབས་བསྐྱེད་པར་ཐབས་མཁས་སུ་འདྲེན་པའི་འབྱུང་བའི་ཟད་པ་མེད་པའི་རྒྱུ་ལ་བརྟེན་ནས་ཆོ་ག་དང་དེའི་ལས་སུ་འཇུག་པ།
        ཆུ་ཚཱ་ནི་འབྱུང་བ་ཆུ་ཡི་རྒྱུ་གྱུར་བའི་ཚ་ཚ་། འབྲུ་གཙང་མ་དང་མེ་ཏོག་སོགས་གཏོར་བ་མཉམ་དུ་ཚཱ་ཀོང་ཡུ་བ་ཅན་དེ་རྒྱུག་ཆུ་གཙང་མའི་ནང་ཐེངས་གྲངས་མེད་སྒོས་བཏབ་པ། ངག་ཏུ་སྔགས་ཚིག་སྐྱོང་བ། ལུས་སྤུས་མོ་སར་བཅས་ཞུམ་པའི་ཚུལ་གྱིས་ཚ་ཚ་བཞེངས་པའི་ལས་ལ་བཀུར་བ་བྱེད་པ། ཆུ་དང་རླུང་ལ་རྒྱུ་གཡར་བའི་ཚ་ཚ་དེ་སྐད་ཅིག་ཏུ་གྲུབ་ཞིག་མྱུར་བས་འབྱུང་བའི་ཁྱད་ཆོས་དང་བསྟུན་པས་མིག་སྔ་རུ་བསྟན་ཐབས་བྲལ། གཞན་པ་རྒྱུ་གྱོང་པོའི་རིགས་ཀྱི་སཙྪ་སོགས་སྐྱེ་དགུའི་མིག་ཤེས་ཀྱི་མགྲོན་དུ་སྐྱེལ་ནུས། འདི་ཡང་བོད་མི་རིགས་ཀྱི་བསམ་བློའི་འཇིག་རྟེན་དེ་སྲིད་ན་དཀོན་པའི་ནུས་མཐུ་དང་བརྗོད་པ་སོགས་མངའ་བ་མཚོན།
སྤགས་ཚཱ་ནི་ཟས་ཀྱི་རྒྱུ་གྱུར་བའི་ཚ་ཚ་ཞིག ཆོས་སྤྱོད་ཆོ་ག་ཁག་ཏུ་རྣམ་འབྱོར་བས་ཟས་ཟན་ལ་བརྟེན་ནས་མཆོད་པ་དང་སྦྱིན་པ་བཏང་བ། འདི་ཆུ་གཏོར་གྱི་སྐབས་སུ་ཚཱ་ཀོང་ནས་ཟན་པར་རྒྱག་སྟེ་གཙང་མ་ཆུ་མིག་ནང་བླུགས་པ། ཟན་ཚཱ་འདི་ལེབ་མ་ཅན་དང་ཤད་དུ་ཟན་རིམ་རྡོག་རྡོག་ཅན་ནམ་མཐེབ་སྐྱུས་གསོས་སུ་བཏང་། འདིས་ཕོ་ཁམས་དང་མོ་ཁམས་གྲུབ་པའི་ཟུང་གི་ལམ། འོག་མ་ཀླུ་ཡི་རིགས་ལ་ཆེད་དུ་དགོངས་པའི་ཆོས་འབྲེལ་ནས་ཉ་སྦལ་ལྕོང་སོགས་ལ་སྦྱིན་པ། སྤག་ཚཱ་དེ་རྣམས་ཆུ་ནང་གྲལ་བསྟར་དུ་བཞུགས་པས་འབྱུང་བ་ཆུའི་གཟེགས་མ་བརྒྱུད་དེ་བལྟས་སྐབས། འཇིག་རྟེན་འདིར་སྒྱུ་རྩལ་བ་སུ་གང་ཞིག་གིས་ཀྱང་བསྐྲུན་དུ་མི་ནུས་པའི་ངོ་མཚར་མཐོང་། ཆོ་ག་དེ་དག་ལས་ཡོལ་བའི་སྤག་ཚཱ་གཞན་མཐོང་བར་དཀའ།

        ཕྱག་ཚཱ་ནི་བླ་མ་ཆེན་པོ་དང་གྲུབ་ཆེན་དག་གི་ཕྱག་སོར་ལས་ཐོན་པའི་ཚཱ་ཚཱ་བྱིན་ཅན། བསྟན་པ་ཕྱི་དར་ནས་བཟུང་ཕལ་ཆེར་བོད་ཀྱི་སྐྱེས་ཆེན་དག་གིས་ཕྱག་ཚཱ་བཞེངས་པའི་སྲོལ་དར། རིམ་པར་བོད་དུ་སྙན་གྲགས་ཅན་གྱི་ཚ་ཚ་དུ་མ་ཞིག་ཀྱང་སྔ་ཕྱི་དོན། བོད་པས་ཕྱག་ཚཱ་ཞེས་ན། བྱིན་རླབས་འཐོབ་པས་སྐུ་ཡི་སྲུང་རྫས། ཡང་ན་ཐད་ཀར་ཁ་རུ་བླངས་ཏེ་སྨན་གྱི་ཚུལ་དུ་འཛིན་པ། དེ་དང་དེ་ལྟ་བུའི་སྒོས་ཧ་ཅང་རིན་ཐང་བྲལ་བའི་ཕྱག་ཚཱ་དག་རིམ་པར་དབུགས་ལྡན་བསོད་ནམས་ཀྱི་ཀློང་དུ་གསལ་མེར་མངོན། ཕྱག་ཚཱ་ལ་མདོག་དཀར་པོ་ཅན་དང་། སེར་པོ་ཅན། དམར་པོ་ཅན། ནག་པོ་ཅན། ཁྲ་བོ་ཅན་བཅས་ཡོད། དེ་དག་གི་ཁྲོད་དུ་སཙྪ་ཡི་རྒྱུ་ལ་ས་དཀར་རྩམ་པ་འདྲ་བ་དེ་དང་ས་ནག་ཐང་ཆུའི་ཚི་ལྟར་དེ་བླ་མ་རྣམས་ཀྱིས་ཐུགས་མོས་མཛད་ལ། ས་འདི་བཞིན་དེ་ནད་མེད་པ་དང་དུག་མེད་པ། རྒོད་མེད་པ། དགྲ་མེད་པ། ས་རོ་མིན་པ། ས་ངན་པ་མིན་པ། དེ་ཡང་རྒྱུ་རུང་བ་ཅན་ས་སྣུམ་པོ་དང། ས་བཟང་པོ། ས་འཇམ་པོ། བཅུད་དང་ལྡན་པ། ལྷན་དུ་བླ་མའི་ཕྱག་སོར་ལས་མོས་དང་དམིགས་པ་བཟང་པོ། སྨོན་པ་བཟང་པོ། དུས་ཚེས་བཟང་པོ། བྱིན་རླབས་བཟང་པོ། མཐུ་བཟང་པོ་སོགས་ནས་བཞེངས་གནང་ངོ། །
        རུས་ཚཱ་དང་སྤུར་ཚཱ་གཉིས་དེ་བླ་མ་སྐྱེས་ཆེན་རྣམས་ལ་ཡོད་ལ་སྐྱེ་བོ་ཐ་མལ་བ་རྣམས་ཀྱང་ཡོད་ཆོག རུས་ཚཱ་ནི་རྒྱུ་རུང་བ་ཅན་སེམས་ཅན་གང་ཞིག་ལྔ་ལམ་དུ་ཆས་ཟིན་རྗེས་ཕུང་བཅོས་ཀྱི་ལྷག་མ་རུས་པ་དེ་ཞིབ་ཏུ་རྡུངས་ནས་ས་འདམ་དང་བསྲེས་སྦྱོར་བྱེད་དེ་བཏབ་པའི་ཚ་ཚ་ཞིག སྤུར་དང་རུས་གཉིས་ཀྱི་ཚ་ཚ་དེ་བླ་མ་གོང་མ་དང་གྲུབ་ཆེན་ཁག་གི་ཡིན་ན་བྱིན་རླབས་ཀྱི་ཚན་ཁ་མཐོ་བས་སྐུ་རྟེན་གྱི་གཟུངས་དང་མཆོད་འབུལ་དུ་འགྲོ་བ། དེ་མིན་མི་སྐྱ་གང་རུང་གི་རུས་དང་སྤུར་ཚཱ་དེ་མཆོད་པའི་ཡུལ་དུ་མི་རུང་བ། འདི་ནི་ཆེད་དུ་སྡིག་སྒྲིབ་སྦྱོང་བའི་ཚ་ཚ་ཞིག ཕྱོགས་རྒྱང་བའི་གནས་བྲག་ཕུག་དང་མཐོ་སྒང་ཆར་ཁེབས་ཡོད་པའི་འོག་ཏུ་འཇོག་དགོས། འཇོན་ན་མདུན་ངོགས་སུ་རྒྱུག་ཆུ་ཡོད་པའི་གནས་དེ་བཟང་ངོ། །
        རུས་ཚཱ་དང་སྤུར་ཚཱ་གཉིས་ཀྱི་བརྗོད་བྱ་ཐད་དུ་ཆེས་གནའ་ཞིག་གི་ཚ་ཚ་ཡི་དགོས་པ་དང་མཚུངས། མི་བོ་ཆེ་རྣམས་ཀྱི་འཕེལ་གདུང་འཇུག་པའི་ཚ་ཚ་དེ་བཤད་ན་རུས་སྤུར་གཉིས་ཀྱི་རྣམ་པ་དང་མཐུན། ཡོངས་རྫོགས་དེ་འདས་པོ་གང་རུང་ཞིག་གི་ཆེད་དུ་སྤྱད་པ། འདས་པོ་དེ་འགྲོ་བ་མི་ཡི་རིགས་ལ་ཕན་པའི་ཤུགས་ཆེ་ན་དེའི་འཕེལ་གདུང་སོགས་གཟུངས་སུ་སྤྱད་པའི་འབུམ་པ་ཆེ་བ་བྱེ་བ་ཕྲག་བརྒྱ་དང་ཆུང་ཆུང་ཚ་ཚའི་སྒོས་འབུམ་ཕྲག་ལས་བརྒལ་བ་བཞེངས།
ཟུར་དུ་འགོད་རྒྱུ་ལ་རྙེད་དང་མཐོང་ན་དཀོན་པའི་ཚ་ཚ་ཁག་ཅིག་ནི་རྒྱུ་ཆ་ལི་ནས་བཟོས་པའི་ལི་ཚཱ། རྒྱུ་ཆ་ངར་ལྕགས་ལས་བཟོས་པའི་ཁྲོ་ཡི་ཚ་ཚ་། འདིའི་དཀྱིལ་དུ་སྐབས་འགར་ཐོག་ཆ་ཅན་གྱི་ཚ་ཚ་ལེབ་མ་ཅན། སྤུས་དག་ལ་ལོ་ཡུན་རིང་གི་སྣུམ་རྩི་འབགས་པས། ནང་དོན་ལ་མི་གཡོ་བ་དང་རྟ་མགྲིན། གུ་རུ་སོགས་མང་། རྒྱུ་ཆ་རྡོ་ནག་དང་ཀ་མ་རུ་པ་ནས་བཟོས་པའི་རྡོ་ཚཱ་དེ་རྡོ་ཡི་ཚ་ཚ། སྐབས་སུ་རྡོ་ཤེལ་ཅན་ནས་གྲུབ་པ། ཙནྡན་སྨུག་པོ་དང་སྦྲུལ་གྱི་སྙིང་པོ། ཤིང་ཨ་ག་རུ་སོགས་ནས་བཟོས་པའི་ཤིང་གི་ཚ་ཚ། ལི་སོགས་ཚ་ཚ་དེ་དག་ནི་ཆེ་བ་རྟ་ཡི་མགོ་ཙམ། ཆུང་བ་མཛུབ་མོའི་རྩེ་ཙམ། ལེབ་མ་ཅན་དེ་ཆེ་བ་ལ་བྱིས་པའི་གདོང་ཙམ། ཆུང་བ་ལ་མཐེ་བོའི་ངོས་ཙམ་རྣམ་པ་མང་བ་ཡོད། ཡང་ན་ཆེ་ཆུང་དེ་བྱ་དང་བྱིའུ་ཡི་སྒོ་ང་ལ་དཔེ་སྦྱར་ནས་སྤྱད་ཆོག རྒྱུ་འདི་དག་ལས་གྲུབ་པའི་ཚ་ཚ་དེ་གཞན་དང་མ་འདྲ་བ་ཞིག་ནི་དམིགས་སུ་ཚཱ་ཀོང་དགོས་མེད་པ་དེ་ཡིན། རེ་རེ་ནས་བཟོས་ཀྱང་དཔེ་ཚ་ཚ་ལ་བླངས་ན་ཚ་ཚ་ཞེས་འབོད་དེ་རིགས་ཀྱང་དེའི་ཁུངས་སུ་འཇོག་གོ །
སྒོ་གསུམ་པ། ཚ་ཚ་དང་ཚཱ་ཀོང་།

        ཚ་ཚ་ཞིག་བཞེངས་ན་ཚཱ་ཀོང་ནི་མེད་དུ་མི་རུང་བ་ཞིག་ཡིན། སྤྱི་ཚཱ་ཀོང་ཡོད་ནས་ཚ་ཚ་ཅེས་པའི་མིང་དང་དགོས་པ། ཐ་སྙད་སོགས་འབྱུང་བ། ཚ་ཚ་ལེགས་ཉེས་ཀྱི་འགག་དེ་ཚཱ་ཀོང་ལ་ཐུག་ཡོད་ཅིང་། ཚཱ་ཀོང་དེ་སྤུས་དག་པོ་དེ་ཙམ་མེད་ན་ཚ་ཚ་ཡང་དེ་དང་མཐུན་ཆ་གྱུར་བས་སྤུས་ངན་དུ་ཆགས་ཤོར། དེས་ན་བོད་ཀྱི་ཁ་རྒྱུན་དུ་སློབ་མ་བཟང་པོ་དགེ་རྒན་ཚ་ཚ་ཡག་བཙོག་ཚཱ་ཀོང་ཅེས་པའི་ཟེར་ལུགས་ལྟར་རོ།
བོད་ཀྱི་ཚ་ཀོང་གི་འབྱུང་གྱུར་དེ་ཅུང་སྤྲོས་ན། ཐོག་མར་ཚ་ཀོང་མ་ཡིན་པའི་བརྐོས་ཕོར་གང་རུང་དེ་གངས་ལྗོངས་སུ་དར་བ་ཆེས་སྔ་ཞིང་། ཡིན་ན། ཆེད་དུ་ནང་པ་སངས་རྒྱས་པའི་བསམ་ལུགས་ལྡན་པའི་ཚ་ཀོང་ཉིད་དེ་དུས་རབས་དྲུག་པ་ནས་རིམ་པར་དར་འགོ་ཚུགས། སྔོན་གྱི་དུས་ཚ་ཀོང་བསྐྲུན་པའི་རྒྱུ་ལ་ཟངས་རག་སོགས་དཀོན་པས། དེས་ན་ཆེས་ཐོག་མའི་ཚ་ཀོང་དེ་མང་ཤོས་རྒྱུ་ཤིང་དང་རྡོ་དང་རྭ་ལས་གྲུབ་པ་ཤ་སྟག་ཡིན། རྗེས་སོར་ནང་བསྟན་ཤུགས་ཆེ་རུ་ཕྱིན་པ་དང་རྒྱ་ཆེ་དམངས་ཚོགས་ནང་དར་ཁྱབ་ཡངས་པས། འཇིམ་བཟོ་ལས་འཐོར་བའི་ཚ་ཚའི་རིགས་དེ་མཐོ་དམན་མེད་པར་ཚང་མ་དགའ་བསུ་གནང་། དེ་དང་བསྟུན་པས་ཚ་ཀོང་གི་སྤུས་ཀ་ཇེ་བཟང་དང་རྒྱུ་ཆ་ཇེ་ཡག་གི་ཚུལ་དུ་ཕྱིན། དུས་ནམ་ཞིག་ན་ཚཱ་ཀོང་མང་ཤོས་ལི་དམར་དང་ལི་སེར་ལས་གྲུབ་པ། ཕལ་ཆེར་དུས་རབས་བརྒྱད་པ་དང་དགུ་པའི་བོད་ཀྱི་ཚ་ཚ་དེ་སྒྱུ་རྩལ་ཐད་དུ་གསོན་ཉམས་ལྡན་ལ་མཛེས་ཆ་དག་པ། སྐབས་དེ་དུས་ཚ་ཚ་རྡོག་རྡོག་ཅན་གྱི་མཆོད་རྟེན་ཆུང་ངུ་དེས་སྐུ་བོང་གི་ཚད་ཆེ་རུ་བཏང་བ་དང་ཚ་ཚ་ལེབ་མ་ཅན་དེ་ཡང་མང་བ་ཞིག་དོན། ནང་དོན་ཕལ་ཆེར་ཐུབ་དབང་དང་འོད་དཔག་མེད། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། རྗེ་བཙུན་བྱམས་མགོན། སྒྲོལ་མ་སོགས་མང་། ཁྱད་པར་དུ་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་པ་སྣ་ཚོགས་ཞིག་བྱོན་ཡོད། བསྟན་པ་ཕྱི་དར་ནས་པར་ལུགས་འདི་མུ་མཐུད་དེ་བརྒྱུད་འཛིན་གནང་ནས་དུས་རབས་དེའི་ཁྱད་ནོར་ལྟ་བུ་ཆགས། རྗེས་སོར་ཚ་ཀོང་ལའང་འགྱུར་བ་ཕྲན་བུ་བཏང་སྟེ་སྔགས་ཕྲེང་གྱི་གཟུངས་བརྒྱན་བཀོད་པ། རིམ་པར་བཀའ་གདམས་པའི་དགེ་བཤེས་ནས་ཚ་ཚ་འདེབས་པ་ལ་ནང་ཆོས་དང་། ཆོ་ག་དང་། སྒྱུ་རྩལ་དང་། སེམས་ཁམས་དང་། ཕྱག་རྒྱ་བཅས་ནས་མཚོན་པའི་ཤུགས་རྐྱེན་ཆེ་སྟེར། བཀའ་གདམས་བླ་མ་འགས་ཚ་ཚ་བཞེངས་པ་རི་བཞིན་སྤུངས་པ་ཡོད་ཅེས། ཡང་ན་སྐུ་འབུམ་བཞེངས་པ། འདི་ལུགས་ཀྱི་རྒྱུན་སྲོལ་དེ་གྲུབ་མཐའ་ཁག་ཏུ་ཚ་ཚ་ལ་སྔར་ཡང་མེད་པའི་གོང་འཕེལ་ཕྱིན་ཡོད། འཕེལ་གདུང་གི་ཚབ་དུ་ནས་འབྲུ། དགོས་པ་ལ་དུར་གྱི་རྗེས་ཆོས་ཙམ་མ་ཡིན་པར་དུས་ནམ་ཡང་པར་ཆོག་པ་བཅས། གཞན་ཡང་དགོན་པ་འགའ་ནས་སྔར་གྱི་དུས་སུ་ལྷ་ཁང་ནང་སྟོང་སྐུ་ཁང་ཞེས་པ་མང་ཤོས་ཤིག་ནི་ཚ་ཚ་ཆུང་ཆུང་དུ་མ་སྟོང་དང་ཁྲི་ཡི་གྲངས་འདྲེན་དེ་ལྷ་ཁང་གི་གྱང་ངོགས་སུ་གྲལ་བསྟར་སྦྱར་བ་སོགས་ཡོད་མོད། དུས་རབས་བཅུ་བདུན་གྱི་རྗེས་ཙམ་ནས་ཚ་ཚ་ཀོང་ལ་འགྱུར་བ་ཐེབས་སྟེ་བརྒྱ་ཚར་མ་རྟའི་མགོ་ཙམ་དེ་དོན།
        ཚ་ཀོང་གི་རྒྱུ་ལ་དབྱེ་ན་ཤིང་ཅན། རྡོ་ཅན། རྭ་ཅན། ལི་མ་ཅན། ཤིང་ཅན་པོ་ཙནྡན་དང་ཤིང་སེར། རྡོ་ནི་མང་ཤོས་རྡོ་ནག་ལས་གྲུབ་པ། རྭ་ནི་གཅོ་བོ་བསེ་རུའི་རྭ། ལི་མའི་རྒྱུ་དེ་རྙེད་དཀའ་བ་དང་ལག་རྩལ་ལ་ཁྱད་ཞུགས་པས། ཚ་ཀོང་མང་ཤོས་དེ་གཙོ་བོ་བལ་ཡུལ་དང་སྟོད་ལ་དྭགས། གཙང་། སྨད་དུ་ཁམས་སྡེ་དགེ་དང་རྒྱལ་རོང། ཧོར་དང་རྒྱ་ནག་སོགས་ཀྱི་ཡུལ་དུ་སྐྲུན་བཞིན་ཡོད། ལི་རྒྱུ་སོགས་ག་ཚོད་བཟང་ན་དེ་ཙམ་གྱི་ཚ་ཀོང་ལ་གས་ཆག་དང་ཁུང་བུ། བཞའ་ཚན་སོགས་འཕོག་དཀའ་བས། སྣུམ་གྱིས་ཡང་ཡང་གསོས་ན་ལོ་རབས་དུ་མར་གཉེར་ཐུབ། ཚ་ཀོང་གི་དབྱིབས་ལ་གཏོར་གཟུགས་ཅན་སྣ་ཚོགས་དང་ལེབ་མ་ལ་གྲུ་བཞི་ཅན། ཟླ་གམ་ཅན། གྲུ་གསུམ་སོགས་ཆེ་ཆུང་གང་མང་། ཚ་ཀོང་དེ་རིགས་ཕལ་ཆེ་ཡུ་བ་ཅན། ཚ་ཚ་འདེབས་ན་ཤིན་ཏུ་སྟབས་བདེ་བའི་ཆེད་དུ། གཞན་འཇིམ་སྐུའི་ཚ་ཀོང་དེ་དག་དང་མི་འདྲ་བ་བདུན་རྒྱབ་ཁ་སྤྲོད་ཅན། རང་གི་ཅན་དང་གཉིས། སྤྲོད་སྤར་དེ་མདུན་རྒྱབ་ཁ་འཕྲལ་ཆོག་པ། མདུན་གྱི་བཞིན་རས་དང་ཕྱག་མཚན་དེ་མདུན་ཀོང་། རྒྱབ་ཀོང་ནས་སྐུ་འདྲའི་རྒྱབ་ངོགས་པར་བ། འདི་གཉིས་ནས་ས་འདམ་བཅུག་སྟེ་ཁ་སྤྲོད་དེ་སྤར་ན་ས་སྐུ་སྟབས་བདེར་མགྱོགས་སུ་དོན་ཐུབ། གཟུངས་བཞུགས་ཀྱང་འཕུལ་སླ་བའི་དགེ་མཚན་དུ་མ་ཡོད། རང་གི་ཅན་ནི་ས་འདམ་རྡོག་མ་ཀོང་དུ་བླངས་ཏེ་ཐད་ཀར་པར་བ། མདུན་རྒྱབ་ཀྱི་ཁ་འཕྲལ་དུ་མི་དགོས།
ཟུར་དུ་སྤར་ཀོང་ཐུན་མིན་ཞིག་དཔེར་སྒྲོག་ན། འདི་རྭ་པར་མ་ཞེས་པ་དེ་ཡིན། འདི་ཐོག་མར་ཇོ་བོ་རྗེ་དང་རྭ་ལོ་ཙཱ་བའི་ཕྱག་པར་ལ་གོ རྗེས་སོར་པཎ་ཆེན་བཟང་པོ་རྒྱལ་མཚན་མཆོག་གི་བསེ་རུའི་རྭ་ནས་གྲུབ་པའི་ཕྱག་པར་བསྣམས་པས་ན་རྭ་པར་མའང་གྲགས། སྔར་བོད་ཡུལ་དུ་བསེ་རུའི་རྭ་སྤར་དེ་ཆེས་ངོ་མཚར་བའི་ནོར་བུ། ཆེ་ཚད་སོར་ལྔ་དང་དྲུག་ཙམ། རྭ་ཡི་མཐར་ཤན་དུ་དངུལ་དཀར་པོས་རྒྱན་སྤྲས་པ། རྭ་རྩེ་ནས་ཁང་བུ་བཏོད་དེ་དངུལ་ཐག་ཡང་ན་ཐག་པས་ལུང་འདོགས་པ་ཡོད།
སྒོ་བཞི་པ། སྙན་གྲགས་ཅན་གྱི་ཚ་ཚ།

        བོད་ཀྱི་ལོ་རྒྱུས་ཐོག་ས་གྲགས་གནམ་གྲགས་ཅན་གྱི་ཚ་ཚ་དུ་མ་ཞིག་མཆིས། སྰཙྪ་འདིའི་སྐོར་ཕལ་ཆེར་བླ་མ་གོང་མ་རྣམས་ཀྱི་ཕྱག་ཚཱ་ཤ་སྟག་ཡིན། གྲུབ་མཐའ་རིས་མེད་ཀྱིས་བླ་མ་ཡོངས་ནས་ལོ་རྒྱུས་ཐོག་ཕྱག་ཚཱ་བཞེངས་པ་ཡོད་ཀྱང་། ཡོངས་གྲགས་སུ་སྙན་པ་ལྡིར་བ་དེ་ཙམ་དཀོན། འདིར་སྙན་གྲགས་ཀྱི་རྒྱུན་མ་ཆད་པའི་ཕྱག་ཚཱ་འགར་ངོ་སྤྲོད་ཞུས་ན།
སྨྲི་ཏི་ཚ་ཚ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུངས་ལས། ཇོ་བོ་ལྷ་གཅིག་སྨྲི་ཏི་ཛྙ་ན་དང།།ཞང་སྟོན་གཡུ་བྲག་པ་ཡི་ཕྱག་ཚ་དང་། །འཕགས་འོད་གདུང་ཚ་ཁྲོ་ཕུ་ཐོག་ཐུབ་གསུམ། །ཅེས་པའི་ཐོག་མའི་སྨྲི་ཏི་སཱཙྪ་འདི་ཤིན་ཏུ་སྐད་གྲགས་ཆེ་ལ་ཚ་ཚ་བཞེངས་པའི་རྒྱུན་ཡང་མ་ཆད་ནས་ད་བར་དུ་གནས། དུས་རབས་བཅུ་གཅིག་པའི་སྐབས་སུ་པཎྚི་ཏ་སྨྲི་ཏི་ཛྙ་ན་མཆོག་ནི་རྒྱ་གར་ནས་བོད་ཡུལ་དུ་ཕེབས་པའི་བླ་མ་ཡོངས་ནས་མཁས་ཤོས་ཞིག་ཡིན། སྨྲི་ཏི་ཚ་ཚ་འདི་ཡང་ཁོང་ནས་ཐོག་མ་བཞེངས་སྲོལ་བཏོད་ཡིན། དེའི་སྐོར་བླ་མ་སྨྲི་ཏི་མཆོག་ནས་མ་ཡུམ་གྲོངས་ནས་ཐུགས་དམ་གྱི་གཟིགས་ངོར། གཙང་རྟ་ནག་དུད་ཚང་ཆེ་ཁག་ཞིག་གི་ཐབ་ཀ་འོག་གི་འབུ་སྲིན་ཞིག་ཏུ་སྐྱེས་པ་རྟོགས། འབུ་སྲིན་དེ་གངས་གཡའ་མ་གཉིས་ཀྱི་མཚམས་སུ་སྐྱེལ་ཏེ་འཕོ་བ་དང་སྨོན་ལམ་མཛད་དེ་མ་ཡུམ་ནས་གཙོས་འགྲོ་དྲུག་ཡོངས་ལ་ཚ་ཚ་ཅི་ཡང་འདེབས། ཡང་ན་རྩྭ་ཀུ་ཤ་རེའི་རྩེ་ལ་ཕྱག་ཚྭ་རེ་བཏབ་པ་སོགས་གསུངས། ཚ་ཚ་དེ་ནི་སྙན་གྲགས་རྒྱང་པའི་སྨྲི་ཏི་ཚ་ཚ། འདི་གཏུམ་མོ་མེ་ཡིས་སོ་བཏང་ནས་བཟོས་པས་སྲིད་ན་དཀོན་པའི་ནོར་བུ་ཞིག་ཡིན། རྗེས་སུ་སྨྲི་ཏི་མཆོག་ཁམས་སུ་བྱོན་ནས་གླིང་གེ་སར་རྒྱལ་པོའི་བླ་མ་མཛད། རྒྱལ་པོ་ནས་སྔར་ཧོར་གྱི་བུ་བསད་པ་མནའ་ཟོས་པའི་འབྲས་བུས་རྒྱལ་པོ་རྩིག་པའི་སྟེང་ནས་ལྷུང་སྟེ་དབུ་ཆག་པར་པཎ་ཆེན་ནས་ཚ་ཚའི་ལྷག་གི་འཇིམ་པ་བླངས་ཏེ་དབུ་འཕྲལ་བ་གསོས་པའི་བཤད་པ་ནས་པཎ་ཆེན་འདིས་ཚེ་གང་ལ་ཕྱག་ཚཱ་འདེབས་པ་དང་ཕྱག་ཚཱའི་རྒྱུ་དེའང་ཐུན་མིན་ཞིག་གི་གྲུབ་ཆ་ཡོད་པ་སྣང་། ཤད་དུ་ཚ་ཚ་དང་ཚ་ཚའི་བཟོ་རྒྱུན་དེ་ས་གང་སར་ཁྱབ་ཐུབ་ཡོད།
        སྨྲི་ཏི་ཚ་ཚ་འདི་མདོག་ནག་རྐྱང་ཆེ་ཆུང་མཐེ་མོ་ཙམ། གཟུགས་ནི་མཆོད་རྟེན། ཁྱད་པར་ནི་ཚ་ཚའི་ཞབས་ར་ལེབ་མ་མ་ཡིན་ཟུར་གསུམ་རྩེ་མོ་ཅན། སྨྲི་ཏི་ཚ་ཚ་དངོས་མ་དེ་མཐིལ་ཏོག་ནས་ཁུང་བུ་བཏོད་ཡོད། འདི་རྩྭ་མཆོག་རྩེར་བཏབ་པའི་མཚན་མ། ཚ་ཚའི་བྲང་ཀ་ཐད་དུ་ཁུང་བུ་བཟོས་པ་དེ་ལག་རྒྱུན་ཕྱི་མའི་གྲས་དད་ལྡན་ཅན་གྱིས་སྲུང་འཁོར་གྱི་ཚུལ་དུ་མགུལ་དུ་ཐོགས་རྒྱུ། ལག་རྒྱུན་ཕྱི་མའི་གྲས་དེ་ཚཱ་ཚཱ་བསྟར་མའི་གཟུགས་བརྙན་ལྟར་ཕྱོགས་སུ་དར། ཚ་ཚའི་བཟོས་ཟིན་པའི་རྒྱུ་དེ་ནི་ས་ཡིན་རྡོ་ཡིན་ཅན། གཏུམ་མོ་མེ་ཡིས་གསོས་པ་རེད་ཟེར་བ་ལས་བརྗོད་ཐབས་གཞན་མ་རྙེད་དོ། །ཕྱག་ཚཱ་རྣམས་བྱིན་རླབས་ཆེ་བས་བོད་པས་རྩིས་ཆེ་འཛིན་དེ་སྐུ་འདྲའི་གཟུངས་སུ་འཇུག་པ་མ་ཟད་གའུ་ནང་དུའང་བཅུག་སྟེ་མི་རབས་དུ་མར་བརྒྱུད་ད        ཚ ཚ་ཨ་བསྟར་མ། ཚ་ཚ་ཨ་བསྟར་མའང་ཨ་རྟགས་མ་དེ་བོད་ཀྱི་ཚ་ཚའི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་ལ། ཨ་བསྟར་མ་འདིར་སྔ་ཕྱི་གོང་འོག་གཉིས། གོང་མ་དེ་དུས་རབས་བཅུ་གཅིག་ནང་ཕེབས་པའི་རྭ་ལོ་ཙྰ་བ་རྡོ་རྗེ་གྲགས་ཀྱི་ཕྱག་ཚྭ། འོག་མ་དེ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཕྱག་ཚཱ་ཡིན། གོང་མ་དེ་ལཉྫ་པར་མ་ཅན་ཞིག འོག་མ་དེ་ཚ་ཚ་མཆོད་རྟེན་གཟུགས་ཅན། བཟོ་ཡི་ཁྱད་ཆོས་ནི་བལ་པོའི་མཆོད་རྟེན་འདྲ། ཆུང་ངུ་མཛུབ་མོའི་རྩེ་ཙམ། མདོག་ནག་རྐྱང་། ཞབས་རའི་མཐའ་ངོས་སུ་ཨ་ཡིག་ཆུང་ཆུང་ཞིག་བཀོད་ཡོད། དེ་ནས་མིང་ལ་ཨ་བསྟར་མ་ཞེས་གྲགས། རྗེ་ཙོང་ཁ་པ་ཆེན་པོ་སེ་ར་ཆོས་སྡིངས་སུ་བཞུགས་དུས་དངོས་སུ་བཏབ་ནས་རབ་གནས་མཛད་པ་གྲགས། སྔོན་གྱི་སྐུ་འདྲ་རྩིས་ཆེན་དག་གི་གཟུངས་སུ་བཅུག་ཡོད་པ་ལས་དམངས་ཁྲོད་དུ་རྙེད་ན་དཀའ། ཡང་སྐབས་འགར་ཚ་ཚ་གཞན་པ་ཐར་ཐོར་ལ་ཡི་གེ་ཨ་པར་བ་ཡོད་ཀྱང་། དེ་རྣམས་ནི་ཚ་ཚ་ཨ་བསྟར་མ་མ་ཡིན་ཞིང་མིང་ཡང་དེ་ལྟར་མི་འབོད་དོ། །
རྭ་ལོ་ཕྱག་ཚ། འདི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པས་དངོས་སུ་འདེབས་པའི་ཚ་ཚ་གྲགས་ཅན་ཞིག་མིང་གཞན་ལ་ཨ་བསྟར་མ། ཚ་ཚ་ནི་ཆུང་ངུ་དབྱིབས་གྲུ་བཞི་མ་ཅན། མདུན་ནི་ལཉྫ་ནས་བཀོད་པའི་རྒྱལ་བའི་གཟུངས་སྔགས། རྒྱབ་དེ་རྭ་ལོ་ཙཱ་བ་མཆོག་གི་ཕྱག་མཛུབ་ཀྱི་རི་མོ་བཀྲ་བ་ཅན་ཞིག་གོ །
        གཡུ་བྲག་ཕྱག་ཚ། ཞང་འགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས་པའི་ཕྱག་ཚ་བསྟར་མ། རྙེད་ཟོན་དཀའ་བས་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན།

        ཁྲོ་ཕུ་ཐོག་ཐུབ་མ། ཁྲོ་ཕུ་ཐོག་ཐུབ་མ་འདི་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་ལོ་ཙྰ་བ་བྱམས་པ་དཔལ་གྱི་ཕྱག་ཚཱ་ཡིན། ཁྲོ་ཕུ་དགོན་པར་བྱམས་ཆེན་བཞེངས་མཁན། ཁྲོ་ཕུ་བཀའ་བརྒྱུད་ཀྱི་བླ་མ་གཙོ་བོ། ཁོང་གི་ཕྱག་ཚཱ་དེ་བྱིན་ཆེ་བ་སྲིད་ན་དཀོན་པས་མཇལ་དཀའ་བའོ།
        རྗེ་ཡི་ཚོགས་བདག་གླང་སྣ། རྗེ་བླ་མའི་ཚ་ཚ་ཨ་བསྟར་མ་དང་ཚོགས་བདག་གཉིས་སྙན་གྲགས་ཆེ་ལ། དེ་ལས་ཚོགས་བདག་གླང་སྣ་འདི་ཤིན་ཏུ་དཀོན་པ་ཞིག་ཡིན། ཚ་ཚ་འདེབས་པའི་གྲངས་བརྒྱ་རྩ་བརྒྱད་ལས་མེད་ཅེས་ཤོད་སྲོལ་འདུག །
        རྫོགས་ཆེན་དམར་ཏོག་ཚ་ཚ་འདི་གུ་རུ་བདེ་བ་གཤེགས་པ། ཞབས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་སྟེང་དུ་ཀ་པཱ་ལ་འཛིན་པ། ཚོས་མདངས་ཅན་དབུ་ཞྭ་དམར་རྐྱང་། ན་བཟའ་ཟླ་གམ་ཡང་དམར་པོ། དེས་ན་མཚན་ལ་དམར་ཏོག་ཅན། རྒྱང་ནས་མཇལ་ན་དམར་རིལ་རིལ་ཞིག་བཞུགས། ཞབས་མཐིལ་ནས་གཟུངས་དང་ཐིག་འགོད་པ་ཞིག་ཡིན། སྡེ་དགེ་རྫོགས་ཆེན་ཕྱོགས་སུ་དར། སྔར་རྫོགས་ཆེན་རིན་པོ་ཆེ་འཇིགས་བྲལ་བྱང་ཆུང་རྡོ་རྗེ་མཆོག་ནས་སྐུ་གོང་མའི་གདུང་རུས་ནས་འདེབས་པའི་སཱཙྪ། མཚོན་སྲུང་གི་མཆོག བྱིན་རླབས་ཀྱི་ཚན་ཁ་ཆེ་ཞེས་གུ་དྲག་སྲུང་ཚཱ། ཡེ་ཤེས་རང་འབར་མའི་ཚ་ཚ་འདི་གུ་རུ་དྲག་པོའི་ཕྱག་མཚན་སྡིག་རྭའི་གཟུགས་ཅན། ལས་གང་རུང་ལ་བལྟོས་པས་ཚོས་མདངས་དང་ཆེ་ཆུང་སྣ་ཚོགས། དེ་ལ་རྒྱུ་ཆ་ས་མ་ཡིན་པའི་ཐོག་ཆ་ཅན་ཡང་ཡོད།
        འཇིགས་བྱེད་མ་ཧེ། ཚ་ཚ་འདི་ཆེ་ཆུང་གཉིས་ཡོད། གཅིག་ནི་ཆེ་ཙམ་ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བརྙན་པར། དབྱིབས་ནི་འོད་སྒོ་ཅན། རྒྱབ་ཏུ་གསེར་ཡིག་ལས་བཛྲ་དྷ་ར་ཅེས་ཡིག་གཟུགས་ལེགས་པ་དབུ་ཅན་བྲིས་མ་ཞིག་མདོག་དམར་བོ། ཆུང་བ་དེ་དབྱིབས་ཟླུམ་པོ་ཅན། མདོག་དཀར་པོ། འདམ་རྒྱུ་ནི་ཤིན་ཏུ་ཞིབ་པའི་ས་དཀར་ཞིག་ནང་དོན་ལ་མ་ཧེའི་གཟུགས་རྐྱང་པ་པད་གདན་དུ་བགྲོད་པ་ལྟར། སྒལ་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཞིག་སྐེད་ནས་དར་སྣས་བརྒྱན་པ་ཞིག་བཀོད་ཡོད།
པཎ་ཆེན་སྦྲུལ་མདུད། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་ནས་འདེབས་པའི་ཕྱག་ཚཱ་གྲགས་ཅན། བོད་ཡུལ་དམངས་ཁྲོད་དུ་གསེར་ལས་དཀོན་པའི་མཐོང་ཆེན་བྱེད། ཚ་ཚ་འདི་སྒོར་དབྱིབས་ཅན། མདོག་ནག་པོ། མདུན་ངོས་སུ་ཕུར་པ་ཞིག་ལ་སྦྲུལ་གྱི་མདུད་པ་ཐེབས་པ། རྒྱབ་ངོགས་སུ་རྡོ་རྗེ་རྒྱ་གྲམ་དང་སྔགས་ཡིག་ཡོད། དེ་ཡང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པས་གནང་བ་དེ་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཤིན་ཏུ་ནུས་པ་ངར་བར་གྲགས།
        ཉག་ཚཱ། ཉག་ཚཱ་ནི་ཉག་བླ་པདྨ་བདུད་འདུལ་གྱི་ཕྱག་ཚཱ། ཁམས་ཕྱོགས་སུ་དར་ཁྱབ་ཆེ། དབྱིབས་མཆོད་རྟེན་ཆ་བརྒྱད་ཅན། མདོག་ནག་པོ། སྨྲི་ཏི་ཚ་ཚ་ལས་ཆེ་ཙམ་གཟུགས་ཅན་གཅིག་པ། བྲང་ངོས་ཐད་ཁུང་བུ་བཏོད་དེ་མགུལ་དུ་འདོགས་ཆོག་པ། བྱིན་བརླབས་    ཆེ་ལ་མཚོན་སྲུང་གི་མཆོག

        དེང་སང་ཆོས་ལུགས་རྐྱང་པ་མ་ཡིན་པར་སྒྱུ་རྩལ་གྱི་ཕྱོགས་སུ་ནས་བསམ་གཞིག་བྱེད་ན་བསྟན་པ་ཕྱི་དར་གྱི་དུས་རབས་བཅུ་པ་དང་། བཅུ་གཅིག བཅུ་གཉིས། བཅུ་གསུམ་བཅས་ཀྱི་སྟོད་མངའ་རིས་ཡུལ་གྱི་སྤུ་རངས་དང་གུ་གེ ཕྱི་དབང་། དུང་དཀར་སོགས་ནས་དོན་པའི་ཚ་ཚ་དེ་ཤིན་ཏུ་རྩིས་ཆེར། ཚ་ཚའི་ས་རྒྱུ་དེ་ཡུལ་དེ་ནས་དོན་པའི་ས་དཀར་ཞིག ཞིབ་ཅིང་འཇམ་ལ་ཁ་རུ་འཇུག་ཆོག་པ། ལོ་དུ་མའི་རྗེས་སུ་ས་དེའི་མདངས་ཇེ་ལེགས་དང་ཉམས་ཀྱང་ཇེ་ཡག། བརྗོད་བྱའི་ནང་དོན་མང་ཤོས་ཐུབ་དབང་། སྤྱན་རས་གཟིགས། འཇམ་དཔལ་དབྱངས། ཁྲོ་བོ་མི་གཡོ་བ། མཆོད་རྟེན་ཅི་རིགས། སྐུ་བརྙན་གཡས་གཡོན་དུ་སྔགས་ཕྲེང་བཀོད་པ། ཡི་གེ་དབུ་ཅན། ནང་དོན་ལ་ཡིག་དྲུག་དང་རྟེན་འབྲེལ་གྱི་གཟུངས། རི་མོའི་འགྲོ་ལུགས་དེ་བལ་པོ་དང་ཁ་ཆེའི་སྒྱུ་རྩལ་གྱི་རྣམ་པ་ཤར་བ། འདི་ལི་ཡུལ་ཁག་ནས་དོན་པའི་ཚ་ཚ་དང་འདྲ་གཞི་མང་། ཚ་ཚའི་མདུན་དུ་གཟུངས་སྔགས་བཀོད་པ་དེ་རྗེས་སོར་དུས་རབས་བཅུ་བཞི་དང་བཅོ་ལྔའི་དུས་སུ་འགྱུར་བ་བཏང་སྟེ་རྒྱབ་ལ་ཨོ་ཨཱ་ཧཱུྃ་པར་བའང་ཡང་ན་གསེར་ཡིག་བྲིས་མ། ཡང་ན་ཕྱག་ཚཱ་ནས་བསྟན་དྲག་པའི་བླ་མ་སོ་སོའི་རྟགས་འགོད་པ་བཅས་སོ། །
        འོ་ཅག་ནས་ཚ་ཚ་བསྐྲུན་པའི་ལོ་རྒྱུས་ཀྱི་འགྱུར་རིམ་ཁྲོད་དུ་ཕྱིར་བལྟས་ན། བསྟན་པ་ཕྱི་དར་འགོ་ཙམ་གྱི་ལོ་ཉིས་བརྒྱའི་ནང་བོད་ཀྱི་ཚ་ཚ་དེ་སྔ་ཕྱི་གཉིས་ན་མེད་པའི་ཤིན་ཏུ་དར་ཆེ་བའི་དུས་ཞིག་ཡིན། ཁྱད་པར་དུ་བཀའ་གདམས་པའི་དགེ་བཤེས་དག་གིས་ཚ་ཚ་བཞེངས་ལུགས་དེ་སྲིད་ན་མེད་ཅེས་སྨྲ་ཆོག དཔེར་ན། དཔལ་ལྡན་ཇོ་བོ་རྗེ་སྔོན་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་དུས་ཐེངས་གཅིག་མེེཏྲི་པཎ་ཆེན་ལ་མ་གུས་པའི་སྡིག་པ་འབྱང་པའི་ཚུལ་དུ་བོད་དུ་བྱོན་པ་དང་། ཉིན་རེ་ལ་སཙྪ་བདུན་རེ་བཏབ་ཅེས། དེ་ནས་ཇོ་བོ་ཡར་རླུང་གཙང་པོའི་འགྲམ་དུ་བྱོན་དུས་སུ་བུ་མོ་དད་པ་ཅན་དང་འཕྲད་དེ་ཉིད་ཀྱི་རྒྱན་ཆ་ཇོ་བོ་ལ་ཕུལ་བས་ཁྱིམ་དུ་ལོག་དུས་ཕ་མས་བུ་མོ་ལ་འཐབ་པས་བུ་མོ་དད་པ་ཅན་དེ་གཙང་པོར་མཆོངས་ནས་འཆི་བ། ཤི་བ་གསན་ནས་དེའི་སྒྲིབ་སྦྱངས་ལ་ངན་སོང་སྦྱོང་བའི་ཆོ་ག་དང་སཙྪ་གང་མང་བཏབ་པས་རིགས་ཀྱི་བུ་མོ་ལྷ་རུ་སྐྱེ་བར་གསུངས། དེ་བཞིན་སཙྪ་གདབ་པའི་ཆོ་གའང་མཛད་པ། དགེ་བཤེས་བྱ་འཆད་ཁ་པས་མལ་འགྲོ་རུ་ཚ་ཚ་འདེབས་པ་རི་བཞིན་སྤུངས་པ་འགའ་ད་ལྟ་བར་དུ་དངོས་སུ་མཇལ་རྒྱུ་ཡོད། གཞན་བཀའ་གདམས་བླ་མ་རྣམ་པས་ཚ་ཚ་རི་རྒྱལ་བཞིན་སྤུངས་པའི་ངོ་མཚར་བའི་ལོ་རྒྱུས་སོགས་ཤིན་ཏུ་མང་། དེ་དུས་ནི་བོད་ཀྱི་ནང་བསྟན་ལོ་རྒྱུས་ཐོག་ཚ་ཚ་ཡི་དུས་རབས་ཅེས་བརྗོད་ཆོག རིམ་བཞིན་ཚ་ཚ་བཞེངས་པའི་སྲོལ་ལུགས་དེ་ཉམས་པའི་ཚུལ་དུ་ཕྱིན་ཡོད། དེང་སང་དགོན་པ་ཁག་དང་བླ་གྲྭ་རྣམ་པས་ཚ་ཚ་འདེབས་རྒྱུ་ལ་དོ་སྣང་དང་དགའ་ཞེན་དེ་ཙམ་གནང་གིས་མེད་དོ། །དེར་བརྟེན་ཤིན་ཏུ་རྒྱང་ཐག་རིང་བའི་ཚ་ཚའི་དུས་རབས་དང་བླ་མ་གོང་མའི་མཛད་རྣམ་དེ་ནམ་ཡང་ཡིད་ལ་འཁོར།                 བོད་ཀྱི་ཚ་ཚའི་དུས་རབས་དེའི་སཱཙྪ་མང་ཤོས་དེ་མཆོད་རྟེན་གྱི་གཟུགས་ཤ་སྟག་ཡིན། ཚ་ཚ་འབུམ་ཅིག་འདེབས་ན་མཆོད་རྟེན་གཅིག་བཞེངས་པའི་གོ་ཆོད་པས་། དེས་ན་ཚ་ཚ་འབུམ་ཐེར་ལྷག་གི་ས་འབོར་ལ་ཆོས་འཁོར་ཡོད་མེད་མ་བལྟོས་པར་འབུམ་པ་དང་མཆོད་རྟེན་ཞེས་བཀུར་བ། གཞན་དུ་འབུམ་པ་ཞེས་ཚ་ཚ་འབུམ་དུ་མ་སྤུངས་པ་ལས་དམིགས་སུ་མཆོད་རྟེན་གྱི་ཐིག་ཚད་དེའང་མེད་པ་ཡིན། རིམ་པར་འབུམ་པ་ཞེས་པའི་ཚིག་དེ་ཐད་ཀར་མཆོད་རྟེན་ལ་གོ་ཆོག་པ་ཆགས། དེ་ཡང་བླ་མ་གོང་མ་རྣམ་པས་བཅུ་ཕྲག་རིག་པའི་གནས་ལ་སྦྱངས་པ་མཐིལ་ཕྱིན་ཏེ་ཕལ་ཆེར་དགོན་པ་སོ་སོའི་རྟེན་ཁྱད་པར་ཅན་ཚོ་བླ་མ་དེ་དག་གི་ཕྱག་བཟོ་མ་ཤ་སྟག་ཡིན། བྱིན་རླབས་ཀྱི་ཚན་ཁ་དང་སྒྱུ་རྩལ་གྱི་ནུས་མཐུ་བཙན་པས་སྐུ་དེ་རྣམས་གསུང་བྱོན་མ་ཆེས་མང་། དེང་སང་དེ་འདྲའི་ལུགས་དང་སྟོབས་སོགས་ཆེས་ཉམས་པའོ། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1