གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རྡོ་རྗེ་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༡༧ཉིན།

༄༅།། བོད་ཀྱི་དེང་རབས་བརྩམས་སྒྲུང་ཐུང་འབྲིང་ལས་ཅོ་ནེ་ཡུམ་ཚེ་རིང་ དང་ཁོང་གི་བརྩམས་སྒྲུང་གསར་རྩོམ་སྐོར་གླེང་བ།

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། རྡོ་རྗེ་དོན་གྲུབ། 



གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་དེང་རབས་བརྩམས་སྒྲུང་ཐུང་འབྲིང་ལས་ཅོ་ནེ་ཡུམ་ཚེ་རིང་གི་གསར་རྩོམ་སྤྱིའི་གྲུབ་འབྲས་དང་སྦྲགས་ཚབ་མཚོན་བརྩམས་སྒྲུང་འགའི་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར་ལ་དཔྱད་པ་ཅུང་ཟད་བྱས་པ།
གནད་ཚིག དེང་རབས་བརྩམས་སྒྲུང་། ཅོ་ནེ་ཡུམ་ཚེ་རིང་། གསར་རྩོམ་སྒྱུ་རྩལ།
དང་པོ།ལོ་རྒྱུས་དང་གསར་རྩོམ། 
        ཅོ་ནེ་ཡུམ་ཚེ་རིང་ནི1977ལོའི་ཟླ3པའི་ཚེས18ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཆས་བུ་གཤིས་ནས་སྐྱེས།སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སྐད་བརྡ་རིག་པའི་ཤེས་རམས་པ་དང་སི་ཁྲོན་སློབ་ཆེན་ནས་མཚན་ཉིད་རིག་པའི་འབུམ་རམས་པའི་ཆེད་ལས་སོགས་སྦྱངས་ཏེ་སློབ་མཐར་ཕྱིན།1996ལོ་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་།ད་ལྟའི་བར་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་ཆེད་རྩོམ་དང་རྩོམ་རིག་བརྩམས་ཆོས་མང་པོ《ཆོས་ལུགས་རིག་པ་ཞིབ་འཇུག》དང《ཀྲུང་གོའི་བོད་རིག་པ》《ཏཱ་ཅ》《ཧྥང་ཚོ》《མི་རིགས་རྩོམ་རིག》《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་དུས་དེབ་སྟེང་བཀོད། སྔ་གཞུག་ཏུ་བོད་ཡིག་བརྩམས་སྒྲུང་གཅེས་བཏུས《སྡོམ་པ་སྲུང་བ》དང《གཟན་ཤམ་གྱོན་པའི་གཡག་རྭ》 ལྷུག་རྩོམ་གཅེས་བསྡུས་དེབ《ཁང་རྙིང》 རྒྱ་ཡིག་གི་འབུམ་རམས་པའི་དཔྱད་རྩོམ《བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ》(རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་སྐྱོར་མ་དངུལ་ཐོབ)དང་སྒྲུང་རིང《སྤྲིན་པ་འཚོ་བའི་ཟིན་ཐོ》སོགས་དཔར་སྐྲུན་འགྲེམ་སྤེལ་བྱས། 
        དེང་གི་ཆ་འདིར་བོད་ཀྱི་དེང་རབས་བརྩམས་སྒྲུང་ལ་དཔྱད་པ་མང་པོ་ཞིག་སྤེལ་འདུག་ཅིང་། ན་གཞོན་རྩོམ་མཁན་ཚོས་སྨྱུག་རྒྱུན་གྱི་ཁ་ལོ་བར་མེད་སྒྱུར་གྱིན་དུ་རང་མི་རིགས་ཀྱི་དམངས་ཁྲོད་འཚོ་བའི་གཏིང་རུམ་བསྔོགས་ཤིང་། མི་གཤིས་ཀྱི་བློ་ཁ་སོགས་ལ་འཚོལ་ཞིབ་བྱས་ཏེ་རྩོམ་སྟངས་གསར་པའི་བརྩམས་སྒྲུང་གང་མང་ཞིག་མཐོང་རྒྱུ་འདུག ཉེ་དེང་གི་ཆ་གང་ནས་བཤད་ན་བོད་ཀྱི་བརྩམས་སྒྲུང་གསར་པའི་ཐབས་རྩལ་དང་སྒྱུ་རྩལ་གྱི་མཚོན་སྟངས།བརྗོད་བྱའི་ནང་དོན་གྱི་ཆ་གང་ནས་ཀྱང་ཅུང་ཐོད་བརྒལ་བྱུང་ཡོད་པ་རེད།དེ་བཞིན་ཅོ་ནེ་ཡུམ་ཚེ་རིང་ཡང1996ལོ་ནས་བཟུང་།རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་། བརྩམས་སྒྲུང་གཙོར་བྱས་པའི་སྙན་ངག་དང་ལྷུག་རྩོམ།བསྒྱུར་རྩོམ་དང་གཞས་ཚིག་སོགས་བརྩམས་ཆོས་འབོར་ཆེན་བོད་ཁུལ་དང་ནང་ལོགས་ཀྱི་དཔེ་དེབ་སྟེང་དུ་བསྟུད་མར་སྤེལ། རེ་འགར་ཞིང་ཆེན་རིམ་པའི་རྩོམ་རིག་བྱ་དགའ་ཡང་ཐོབ་པར་མ་ཟད། ཀློག་པ་པོའི་སྡེ་ལ་གསལ་ཆ་ཡོད་ཅིང་དུངས་ཞེན་གྱི་འདུན་པ་འཁྲེང་སའི་རྩོམ་མཁན་ཞིག་ཏུ་གྱུར། 
        ཁོང་རང་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་པ་ནས་བཟུང་། སྐད་གཉིས་ཀྱི་ལམ་ནས་རྩོམ་རིག་གསར་རྩོམ་ལ་སྨྱུག་མཚམས་ལྷོད་མ་མྱོང་ཞིང་། དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བའི་ཟུར་སྣེ་ཞིག་བདམས་ནས་བརྩམས་སྒྲུང་ཧྲིལ་པོའི་སྒྲིག་གཞི་ཞིག་གྲུབ་པའམ་རང་བྱུང་ཁོར་ཡུག་གི་སྣང་ཚུལ་དེ་ལས་མི་སྣའི་བསམ་སྤྱོད་དང་། འདུ་ཤེས་ཀྱི་འཛིན་སྟངས། སེམས་ཁམས་ཀྱི་འགྱུར་ལྡོག་སོགས་ཞིབ་ཕྲའི་བྱུང་རིམ་ལ་བརྟེན་ནས་མངོན་མཚོན་བྱས་ཡོད། དེ་ནི་རྩོམ་པ་པོས་སྤྱི་ཚོགས་འཚོ་བར་འགན་ཁུར་པ་དང་། སྤྱི་ཚོགས་འཚོ་བའི་ཁྲོད་དུ་གནས་པའི་གནད་གཞི་སོགས་ཟུར་མཚོན་བྱས་ཡོད་པ་རེད། 
གཉིས་པ། ཚབ་མཚོན་བརྩམས་སྒྲུང་འགའི་སྒྱུ་རྩལ་གྱི་ཁྱད་ཆོས། 
        རྩོམ་པ་པོས་བརྩམས་སྒྲུང་ཁག་ཏུ་མི་སྣའི་སེམས་ཁམས་ཞིབ་འབྲི་གཙོར་སྤྱད་དེ་གཏམ་རྒྱུད་ཀྱི་ཁུངས་སྣེ་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་དག་ག་གེ་མོ་ཞིག་དང་སྦྲེལ་ཏེ། མི་སྣའི་སྣང་བརྙན་འབྲི་བཞེངས་ཀྱི་ཐབས་རྩལ་དང་། སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས། དྲང་ལྡོག་ཕྱོགས་གཉིས་ཀྱི་མི་སྣའི་འགལ་འདུ་མཚོན་ཐབས་སོགས་ཀྱི་ཟུར་སྣེ་ཞིག་ནས་བརྩམས་སྒྲུང་སྤྱིའི་སྒྲིག་གཞི་ཞིག་གྲུབ་པར་བྱས་པའི་ཁྱད་ཆོས་ཀྱང་འདུག རྩོམ་པ་པོས་མཛེས་དཔྱོད་ལྡན་པའི་ངང་དུས་རབས་དང་མི་རིགས་ཀྱི་གཤིས་ཉམས་ལ་འཚོལ་རྟོགས་བྱས་ཏེ་རྩོམ་པ་པོའི་བརྩམས་ཆོས་ཀྱི་གཤིས་ཉམས་སམ་རྩོམ་པ་པོའི་གཤིས་ལུགས་སོགས་ཀྱིས་བརྩམས་སྒྲུང་ཁག་ཏུ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གྱུར་འདུག 《རྩོམ་རིག་གི་རྣམ་བཤད་བློ་གསར་འཇུག་ངོགས》སུ“རྩོམ་པ་པོ་ཞིག་ལ་ཆ་བཞག་ནས་བཤད་ན།སྒྱུ་རྩལ་གྱི་གཤིས་ཉམས་མངོན་པར་གསལ་པ་ཞིག་ཐོན་ཐུབ་པ་བྱེད་རྒྱུ་དེ་ནི་རང་ལ་ཐུན་མོང་མ་ཡིན་པའི་གསར་རྩོམ་གྱི་རང་གཤིས་ཆགས་པའི་མཚོན་རྟགས་དང་མཛེས་དཔྱོད་ཁྱབ་ཁོངས་ལ་བཞག་པའི་ལེགས་སྐྱེས་ཤིག་ཡིན་པར་མ་ཟད་།བརྩམས་ཆོས་དེ་ཉམས་པ་མེད་པར་གནས་པའི་སྒྱུ་རྩལ་གྱི་ནུས་པའི་གནད་འགག་ཡིན།”①(པར་ངོས14པར་མཐུད་པ།)དེ་བཞིན《རྩོམ་འཇུག་རྣམ་བཤད》ཅེས་པར“བརྩམས་སྒྲུང་ཞེས་པ་ནི་མི་སྣའི་སྣང་བརྙན་གསར་བཟོ་བྱེད་པ་དང་།བྱུང་རིམ་འཕྱོར་འབྲི་བྱེད་པ་བརྒྱུད་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་སྤྱི་ཚོགས་འཚོ་བ་མཚོན་པའི་དོན་གྱི་བྱུང་རབས་བརྗོད་པའི་བརྩམས་ཆོས་ཀྱི་རིགས་ལ་ཟེར”②ཞེས་གོ་དོན་བཞག་ཡོད་ལ། ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་ཁག་ཏུ་མི་སྣའི་སྣང་བརྙན་བཞེངས་སྐྲུན་དང་བྱུང་རིམ་འཕྱོར་འབྲི་བཅས་ཀྱི་ལོགས་སུ་མི་སྣའི་ཞིབ་ཕྲའི་སེམས་ཁམས་འགྱུར་ལྡོག་གི་བཀོད་འབྲི་དེར་གཞན་དྲིང་མི་འཇོག་པའི་ཁྱད་ཆོས་ཤིག་འབུར་དུ་ཐོན་པར་བྱས་ཡོད། 
        སྤྱིར་འཛམ་གླིང་ཤར་ནུབ་ཀྱི་རྩོམ་པ་པོ་མང་ཐད་ནས་བཤད་ན་ཁོ་རང་ཚོར་ཆུང་དུས་ཀྱི་འཚོ་བའི་གོམས་གཤིས་སམ་ཁྱིམ་གྱི་སློབ་གསོ། སྤྱི་ཚོགས་འཚོ་བའི་ཤུགས་རྐྱེན་སོགས་ཀྱིས་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་ཤན་ཤུགས་མི་དམན་པ་ཞིག་ཐེབས་ཡོད་པ་ཡིན་ཏེ།《རྩོམ་རིག་གི་རྣམ་བཤད་བློ་གསར་འཇུག་ངོགས》སུ“སྤྱི་ཚོགས་འཚོ་བ་ནི་རྩོམ་རིག་གིས་གཙོས་སྒྱུ་རྩལ་ཡོ་དོ་ཅོག་གི་མཚོན་བྱའི་ཡུལ་ཉག་ཅིག་ཡིན་ནའང་། དེ་ནི་རྙོག་འཛིང་ཆེ་ཞིང་གཏིང་མཐའ་མི་ལོན་པས་རེ་རེ་བཞིན་བློར་ཤོང་རྒྱུ་ནི་ཆེས་དཀའ་བ་ཞིག་ཡིན། དེས་ན་རྩོམ་རིག་གི་མཚོན་བྱར་དྲངས་པའི་སྤྱི་ཚོགས་འཚོ་བ་ནི་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པ་དང་།མཛེས་དཔྱོད་ཀྱི་རིན་ཐང་ལྡན་པར་མ་ཟད།རྩོམ་པ་པོས་དངོས་སུ་མྱོང་རྟོགས་བགྱིས་པ་ཞིག་ཀྱང་ཡིན་དགོས།”③དེ་བཞིན་དུ་ཅོ་ནེ་ཡུམ་ཚེ་རིང་ཡང་ཆུང་དུས་ཀྱི་སྤྱི་ཚོགས་འཚོ་བའི་གོམས་གཤིས་སམ་རང་ཁྱིམ་གྱི་ཆ་རྐྱེན་སོགས་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་རྩོམ་རིག་གསར་རྩོམ་གྱི་སྙེག་ལམ་དང་།རྩོམ་གཤིས་སོགས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་རེད། 
        དེ་ཡང《རྩོམ་འཇུག་རྣམ་བཤད》ཅེས་པར“སྒྲིག་གཞི་ནི་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་པའི་གྲུབ་ཆ་ཡིན་ཞིང་། རྩོམ་པ་པོས་འཚོ་བར་མྱོང་རོལ་དང་དཔྱད་འཇོག མི་སྣའི་སྣང་བརྙན་བཞེངས་སྐྲུན་དང་།བརྗོད་དོན་གཙོ་བོ་གསལ་མཚོན་བྱེད་པའི་དགོས་མཁོར་གཞིགས་ཏེ་རྩ་འཛུགས་བཀོད་སྒྲིག་བྱེད་རྒྱུ་དེ་ཡིན།”④ཞེས་བརྗོད་པ་ལྟར་དུ་ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་ཁག་གི་སྤྱིའི་སྒྲིག་གཞི་ངོས་ཐད་ནས་བལྟས་ན་ཁོར་ཡུག་དང་བྱུང་རིམ་ནས་མི་སྣའི་སྣང་བརྙན་བཞེངས་སྐྲུན། རྩོམ་པ་པོས་སྒྱུ་རྩལ་བློས་བསླངས་སམ་དཔེ་འཇོག་གཟུགས་འགོད་སོགས་ཀྱི་ཁྱད་ཆོས་ཤིག་ཀྱང་སྐྲུན་པར་བྱས་ཡོད། དཔེར་ན།《སྡོམ་པ་སྲུང་བ》ལས“དགོང་དྲོའི་གྲིབ་རིས་ཡལ་མ་ཐག ཡངས་པའི་རྩྭ་ཐང་དུ་སྨག་གི་ལྭ་བ་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྲོ་བཞིན་ཡོད། གྲུ་བཞི་ཤོ་འདྲའི་སྦྲ་ནག་གི་འདབས་སུ་འབྲི་དང་མཛོ་མོ་རྣམས་གོས་སྐུད་ཀྱིས་བརྒྱུས་པའི་གཟི་ཡི་ཕྲེང་བ་བཞིན་ནོར་རྡང་ལ་བསྟར་ཡོད་ཅིང་། རྟ་ཡི་འཚེར་སྒྲ་དང་ལུག་གི་འབའ་སྒྲ། ནོར་གྱི་ངུར་སྒྲ། མི་ཡི་ཀུ་ཅོ་སོགས་རིམ་གྱིས་འཇམ་ཐང་ངེར་སོང་ལ། བསིལ་འཇམ་གྱི་དྲི་བཞོན་དལ་གྱིས་ལྡང་བའི་ཤུགས་སྒྲའི་ཁྲོད་གསལ་ལ་མི་གསལ་བའི་ཁྱི་ཡི་ཟུག་སྒྲ་རེ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་རྣ་བའི་བུ་གར་ལྷུང་ཡོང་།”⑤ཞེས་པ་འདི་ལྟ་བུ་ཡིས་འབྲོག་ཐང་གི་དགོང་དྲོའི་ཁོར་ཡུག་གི་རྣམ་པ་དེ་གཟུགས་རིས་བཞིན་དུ་མངོན་མཚོན་བྱས་ཡོད། ཡང《སྡོམ་པ་སྲུང་བ》ལས“སྐད་མ་རྒྱག...... ”“ཨ་མ། ཅི་ཞིག་བྱུང་སོང་།”བྱིས་པ་དེས་ཨ་མ་འགུལ་ཙམ་ཡང་མི་བྱེད་པར་ཁ་མལ་ན་ལངས་འདུག་པ་མཐོང་བས། གདོང་ལ་ཐེ་ཚོམ་གྱི་ཉམས་ཤིག་ཤར་ནས་ཨ་མར་འཐམས་པ་གློད་ཅིང་། པྲ་ཆལ་སློང་བའི་ཚུལ་གྱིས་སེམས་ཆུང་བག་ཟོན་ལ་གནས་པའི་སྐལ་བཟང་གྲགས་པ་ལ་བལྟས་ནས“ཨ་ཁུ་གྲགས་པ། ངའི་ཨ་མ་ལ་ཅི་ཞིག་བྱུང་སོང”⑥ཞེས་དྲིས། སྤྱིར་མདོ་སྨད་ཁུལ་གྱི་སྐྱ་སེར་ཕོ་མོ་དང་གྲྭ་བཙུན་སོགས་ལྷ་ལྡན་དབུས་གཙང་ཆོས་ཀྱི་ཆོལ་ཁར་དད་སྟོབས་ཀྱིས་མཇལ་སྐོར་དུ་ཕྱིན་རྒྱུ་ནི་མི་ཚེའི་དོན་ཆེན་ཞིག་ཏུ་རྩི་བཞིན་ཡོད་ཅིང་། རྩོམ་པ་པོས་སྐལ་བཟང་གྲགས་པ་ལྟ་བུའི་དཔེ་མཚོན་ཅན་གྱི་གྲྭ་བཙུན་ཞིག་བཞེངས་སྐྲུན་བྱས་ཤིང་། གྲྭ་བཙུན་ཕུགས་སེམས་ཅན་དེ་དབུས་ལྡན་ལྷ་སར་འགྲོ་བའི་ལམ་བར་དུ་འབྲོག་ཁྱིམ་ག་གེ་མོར་ཨ་མཆོད་དུ་ཕྱིན་ཏེ།ཡོན་བདག་མ་ཚེ་རིང་ལྷ་མོ་དང་ཕན་ཚུན་སོ་སོའི་ནང་སེམས་ཀྱིས་སྒོམ་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལས་ཟུར་མི་འདྲ་བའི་མི་སྣ་གཉིས་ཀྱི་ནང་སེམས་ཀྱི་འཕག་འཚག་དང་མི་གཤིས་ཀྱིས་བསླངས་པའི་བྱ་བྱེད་དེ་ཤུགས་བསྟན་གྱིས་རྟོགས་ཐུབ།《ཀྲུང་གོའི་དེང་རབས་སྒྲུང་གཏམ་པའི་གཏམ་གླེང》ལས“རྩོམ་རིག་ནི་མིའི་རིགས་ཡིན་ཞིང་། དེ་ནི་མི་གནས་པའི་རྣམ་པའི་ཕྱོགས་ཡོངས་དོ་ཁུར་དང་མི་གཤིས་ཀྱི་ཁ་ཕྱོགས་མངོན་ཚུལ་ཡིན། མི་གནས་པའི་རྣམ་པར་བར་ཁྱད་ཡོད་ལ། མི་གཤིས་ལ་ཡང་མི་མཐུན་པའི་བང་རིམ་ཡོད། འཁྱེར་སོ་མི་མཐུན་པའི་རྩོམ་རིག་དེ་ནི་མིག་ཟུར་མི་མཐུན་པ་ཡི་མིའི་མངོན་ཚུལ་དང་ཡང་ན་མི་གཤིས་ཀྱི་བང་རིམ་མི་མཐུན་པར་དོ་ཁུར་བྱེད་པ་ཡིན།”⑦ཞེས་བརྗོད་ཅིང་། ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་ཕལ་ཆེ་བར་མི་སྣ་ཡི་ཞིབ་ཕྲའི་སེམས་ཁམས་ཞིབ་འབྲི་ལ་བརྟེན་ནས་མི་གཤིས་ཀྱི་ཁ་ཕྱོགས་སམ་མི་གཤིས་ཀྱི་བང་རིམ་དེ་མངོན་པར་མཚོན་པའི་རྣམ་པ་ཞིག་འདུག 
        ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་ཕལ་ཆེ་བར་འབྲོག་ཁྱིམ་ག་གེ་མོ་ཞིག་གམ་དགོན་པའི་ཆོ་ག་ལྟ་བུ་སོགས་ཀྱིས་ཐིམ་ཡོད་ཅིང་། རེ་འགར་གཏན་འཇགས་ཀྱི་མི་སྣ་བཀོད་སྒྲིག་བྱེད་པ། དཔེར་ན། 《སྡོམ་པ་སྲུང་བ》དང《ཕྱིར་ལོག་པ》ལྟ་བུར་མི་སྣ་སྟེ། ཚེ་རིང་ལྷ་མོ་དང་མོའི་བུ་གདུགས་དཀར་བཀྲ་ཤིས་སོགས་གཏན་འཇགས་ཀྱི་མི་སྣ་ཡང་མཐོང་ལ།བརྗོད་བྱ་ཡང་མདོ་སྨད་རོང་མ་འབྲོག་ཁུལ་གྱི་འཚོ་སྟངས་དང་གནས་ཚུལ་གཞིར་བཅས། བོད་ཁུལ་གྱི་དངོས་ཡོད་འཚོ་བ་མཚོན་པ་དང་། ཡུལ་སྲོལ་གོམས་གཤིས་ཀྱིས་བསླངས་པའི་འགྲོ་འདུག་སྤྱོད་གསུམ། རིག་གནས་འཚོ་བ། ཆོས་ཀྱི་ཆོ་ག་བསྒྲུབས་ཚུལ་སོགས་ཐུན་མོང་དུ་བོད་ཀྱི་འཚོ་བ་མངོན་མཚོན་བྱས་ཡོད་ཅིང་། རྩོམ་པ་པོས་བརྩམས་སྒྲུང་དུ་འདི་འདྲའི་མི་སྣ་དང་བྱུང་རིམ། ཁོར་ཡུག་ཅིག་བཀོད་སྒྲིག་བྱེད་པ་དེར་རྩོམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་དེ། རྩོམ་པ་པོ་ཁོ་རང་འཚར་ལོངས་བྱུང་སའི་ཁོར་ཡུག་གི་ཤུགས་རྐྱེན། རིག་གནས་འཚོ་བའི་ཤུགས་རྐྱེན་སོགས་ཡོད་པར་མ་ཟད། སྤྱི་ཚོགས་འཚོ་བའི་ཤུགས་རྐྱེན་སོགས་ཀྱང་ཡོད་པ་རེད། 
        བརྩམས་སྒྲུང《འདས་མཆོད》ལྟ་བུ་ཡིས་ཨ་མདོ་ས་ཁུལ་གྱི་ཆོས་ཀྱི་ཆོ་གས་བསླངས་པའི་ཕན་ཚུན་བར་གྱི་འཁོན་འཛིང་དང་རུས་རྒྱུད་ཀྱིས་འཛིན་པའི་འཁོན་རེས་སོགས་དངོས་ཡོད་ཀྱི་འཚོ་བ་དངོས་དེ་མཚོན་ཡོད་ལ།རུས་རྒྱུད་འཁོན་འཛིང་གིས་བསླངས་པའི་གྱོང་གུད་དམ་གནོད་འཚེ་ནི་མིའི་རིགས་ཀྱི་འཚོ་བའི་བདེ་འཇགས་དང་འཕེལ་རྒྱས་ལ་བགེགས་རྐྱེན་བཟོ་བར་མ་ཟད།སྲིད་འབྱོར་རིག་གསུམ་སོགས་ཕྱོགས་ཡོངས་ལ་ཤན་ཤུགས་མི་ལེགས་པ་ཞིག་ཐེབས་ཀྱིན་ཡོད།རྩོམ་པ་པོས་ཉེ་འཁོར་གྱི་དོན་དག་ག་གེ་མོ་ཞིག་གི་བརྗོད་གཞི་ཞིག་ཁུངས་སྣེ་རུ་བཟུང་སྟེ།དངོས་དོན་དེ་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མངོན་པར་མཚོན་ཡོད། 《ཆུ་ཤོག》དང《སྲིབ་ལུང་ནང་གི་ཉི་འོད》《ཕྱིར་ལོག་པ》ལྟ་བུ་ཡིས་ཨ་མདོའི་རོང་འབྲོག་ས་ཁུལ་གྱི་ཕྱུགས་ལས་གཙོར་གཉེར་བའི་འབྲོག་པའི་འཚོ་བ་བརྗོད་པ་དང་ལོགས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ཡང་ཤུགས་བསྟན་གྱིས་རྟོགས་ཐུབ་ལ།ཕ་ས་ཕ་ཡུལ་ལ་བདག་སྲུང་དང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ལ་གཅེས་སྤྲས་བྱེད་པ།རྒན་པར་བཀུར་བསྟི་དང་ཆུང་བ་བྱམས་ཀྱིས་སྐྱོང་བ།དགེ་ཚུལ་གྱི་སྡོམ་པ་བསྲུངས་ནས་རྣམ་དཀར་དགེ་བའི་ཕྱོགས་སུ་འབད་པ་སོགས་རང་ཤུགས་ཀྱིས་རྟོགས་ཐུབ།
        ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང《གཞུང་རྒྱུགས་དང་བུད་མེད》《རྟ་རྒན་རྔོག་རིང་དང་རྟ་ལོའི་ལོ་གསར》སོགས་རེ་འགར་རྩོམ་པ་པོས་འབོད་པའི་ཐ་སྙད་དང་པོ་སྤྱད་ནས་བྲིས་ཤིང་། ང་ཚོ་ཀློག་པ་པོ་ཞིག་གི་ཆ་ནས་བལྟས་ཚེ། དོན་དམ་དུ་རང་ཉིད་ཀྱི་འཚོ་བའམ་འཆར་སྣང་། སྤྱོད་ཚུལ་སོགས་བྲིས་ཡོད་པ་ལྟ་བུའི་བདེན་སྣང་འབའ་ཞིག་བཅོས་མིན་དུ་སྐྱེ་རུ་འཇུག ན་གཞོན་སློབ་གཉེར་པ་ཞིག་གི་ཆ་ནས་བཤད་ན། སློབ་སྦྱོང་དང་རང་ཉིད་ལ་འཚམ་པའི་ལས་གནས་ཤིག་འཚོལ་རྒྱུ་ནི་གལ་ཆེན་ཞིག་ཏུ་བརྩི་སྟེ། ནང་སྒོས་སུ་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་ལས་གནས་སུ་རྒྱུགས་སྤྲོད་པ་དེ་གལ་འགངས་ཆེ་བའི་གནད་གཞི་ཞིག་ཏུ་གྱུར་ཡོད། དཔེར་ན།《སེམས་ཁུར》དང《གཞུང་རྒྱུགས་དང་བུད་མེད》ལྟ་བུ་ནི་དེང་དུས་ཀྱི་སློབ་གཉེར་པར་འཕྲད་པའི་གནད་གཞི་དེ་མངོན་མཚོན་བྱས་པ་ལྟ་བུ་དཔེ་གཞི་གསོན་ཉམས་ལྡན་ཞིང་བྱ་བྱེད་ཀྱི་བཀོད་འབྲི་གསལ་བ་སོགས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་རེད། 
        གཞན་ཡང་བརྩམས་སྒྲུང་ཕལ་ཆེ་བ་བབ་ཆགས་ཤིང་གནད་ལ་ཁེལ་བའི་དཔེ་འཇོག་གཟུགས་འགོད་ཀྱི་ཉམས་ཕུན་སུམ་ཚོགས་པ།ཡུལ་དུས་དང་མཐུན་པ། གཏན་ཆགས་བབ་ཅོལ། སྒྱུ་རྩལ་གྱི་བློས་བསླངས་མཚར་བ། མི་སྣའི་རགས་འབྲི་དང་ཞིབ་འབྲི་སོགས་བབ་བསྟུན་གྱིས་སྤྱད་པ། ཚིག་སྦྱོར་ལ་སྙན་ཆ་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། ཁོར་ཡུག་དང་བྱུང་རིམ་བཀོད་འབྲི་ལ་བརྟེན་ནས་ཟུར་ཞིག་ནས་མི་སྣའི་བཞེངས་སྐྲུན་ལ་རོགས་འདེགས་བྱེད་པར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད། ། 

———
ཟུར་བལྟའི་དཔྱད་གཞི།
①③《རྩོམ་རིག་གི་རྣམ་བཤད་བློ་གསར་འཇུག་ངོགས》བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱིས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བཏབ། 1996ལོའི་ཟླ8པར་ཐོག་མར་བཏོན།
②④《རྩོམ་འཇུག་རྣམ་བཤད》རྣམ་སྲས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2005ལོའི་ཟླ10པར་པར་དུ་བསྐྲུན།
⑤⑥《སྡོམ་པ་སྲུང་བ》སྦྲང་ཆར། 2006ལོའི་དེབ་གཉིས་པ།(སྤྱིའི་དེབ་གྲངས101པ) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
⑦ 《中国当代小说家群论》黄伟林著,中央编译出版社 2004年1月第1版第1次印刷

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1