༄༅།། གཉེན་སྟོན་དང་འབྲེལ་པའི་དར་བཤད་མེས་པོའི་ཞལ་རྒྱུན།

རབ་བརྟན་དགེ་ལེགས་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-17


        དེ་ཡང་ཡུལ་གངས་ཅན་པའི་གནའ་བོའི་ལུགས་སྲོལ་བཟང་པོའི་རྗེས་སུ་འབྲངས་སྟེ་གཉེན་སྟོན་སྐོར་ལས་དར་བཤད་བྱ་ཚུལ་ནི། དེ་རིང་ལྷ་ཉིན་དཀར་པོ་ལ། གནམ་ལ་གཟའ་སྐར་དང་ཚེས་གྲངས་བཟང༌། ས་ལ་འབྱུང་བ་ལྔ་བཞིའི་དུས་ཚོད་བཟང༌། བར་ལ་ལ་ཉེ་དང་གཉེན་ཉེ་བཟང༌། བཟང་པོ་གསུམ་གྱི་རྟེན་འབྲེལ་འགྲིགས་པའི་སྐབས། དབུས་རི་རྒྱལ་ལྷུན་པོའི་སྐུ་མདུན། ཡོངས་འདུ་དཔག་བསམ་ཤིང་གི་རྩེ་མོ། མེ་ཏོག་པདྨ་འཁྲུངས་པའི་དགའ་ཚལ། འཛམ་གླིང་བདེ་བ་ལྷ་ཡི་གཞལ་ཡས། དབྱར་འཇའ་ཚོན་སྣ་ལྔ་ཤར་བའི་གུར་ཁྱིམ་ནང༌། ནམ་མཁའ་གཡུ་ཡི་འཁོར་ལོ་རྩིབས་དགུ་གདུགས་ལྟར་ཕུབ་པའི་མ་འོག ཕ་རྒྱུད་དེ་སྒ་ནས་ཆད། མ་རྒྱུད་དེ་ལྡོང་ནས་ཆད། བུ་རྒྱུད་དེ་འབྲུ་ནས་ཆད། བོད་སྒ་འབྲུ་ལྡོང་གསུམ་འཛོམས་པའི་མི་འདི། མི་ཚེ་ཆུ་ལས་རིང༌། མི་སྲོག་བྲག་ལས་སྲ། མི་རྒྱུད་དར་ལས་འཇམ། འཛོམས་ནས་འཕོ་འགྱུར་མེད་པའི་བཀྲ་ཤིས་ཤོག བྲག་རི་རིན་ཆེན་སྤུངས་པའི་གཡོན་ཟུར། ཆུ་བོ་གསེར་ལྡན་ཁྲ་མོའི་གཡས་ཟུར། རྒྱབ་རི་ལ་ཉི་མ་ཤར་འདྲ། མདུན་རི་ལ་ཟླ་བ་ཚེས་འདྲ། མཁར་མི་འགྱུར་དངུལ་དཀར་གྲུ་བཞིའི་ནང༌། ཐབ་ཆེན་གཡུང་དྲུང་གཡས་འཁྱིལ་ལ། ཐབ་ལྷ་མེ་ལྷ་རང་འཁོར་ཤོག མ་སྲུ་མོ་སྨན་གནས་ར་གསུམ། ཟས་ནོར་ལོངས་སྤྱོད་འཛོམ་པར་ཤོག འཛོམས་ནས་དར་གུད་མེད་པར་ཤོག ཕུ་སྤང་དཀར་མེ་ཏོག་ཡར་སྐྱེས་ཀྱི་ར་བ་ལ། སྟེང་ལྷ་ཆེན་ཚངས་པ་གདོང་བཞི་མན་ཆད། འོག་ཀླུ་རྒྱལ་གཙུག་ན་དགའ་བོ་ཡན་ཆད། བར་གཉན་ཆེན་ཨ་བོ་གེ་འཛོ་ཚུན་ཆད། ཕྱི་གསེར་རིའི་རི་བདུན། ནང་རོལ་པའི་མཚོ་བདུན། དེར་གནས་ཀྱི་ལྷ་སྲིན་སྡེ་བརྒྱད། དེ་རིང་རུ་ང་དང་ཕྲག་དོག་མི་མཛད་པའི་ཉི་མ་ལ། ས་སྐྱིད་རིན་ཆེན་ལྡོང་རྒྱུད་ནས། ང་མི་ཆུང་བསམ་པའི་དོན་འགྲུབ་ཡིན། ཚིག་གཅིག་བཟླས་ན་ཁ་དགེ ཚིག་གཉིས་བཟླས་ན་བཀྲ་ཤིས། ཚིག་གསུམ་བཟླས་ན་དོན་འགྲུབ། ཁས་ཅི་བཟླས་ལ་བཀྲ་ཤིས། ལག་གར་བཞག་ལ་གཡང་ཆགས། རྡོག་གར་རྫིས་ལ་རྩྭ་སྐྱེ། ངས་ལག་ལ་བཟུང་བའི་རྒྱ་དར་དཀར་པོ་ཡུག་དགུ་འདི། བྱུང་བ་ནག་པོ་རྒྱ་ནས་བྱུང༌། བཀལ་བ་སྨུག་ཆུང་དྲེལ་ལ་བཀལ། སླེབས་པ་དབུ་ནག་བོད་ལ་སླེབས། དར་བ་སྤུར་རྒྱལ་བོད་ལ་དར། ལྷ་བླ་མ་བཟང་པོའི་མཇལ་དར། གོང་དཔོན་ལུ་བཟང་པོའི་ཁྲིམས་དར། མ་སྲུ་མོ་བཟང་པོའི་གནས་དར། བུ་དཔའ་བོོ་བཟང་པོའི་དཔའ་དར། རྟ་ཅང་ཤེས་མགྱོགས་པའི་མགྱོགས་དར། མ་བྱས་དར་རྩི་ཧྲུག་པོ་ཡོད། དར་དཀར་པོ་ཉིན་མོ་བདེ་ལེགས་འདི། དར་སྟོད་ཚེ་ལྷ་རྣམ་གསུམ་བཞུགས། ཚེ་དང་བསོད་ནམས་འཕེལ་བའི་རྟེན་འབྲེལ་ཡིན། དར་སྐེད་ཛཾ་ལྷ་རིགས་ལྔ་བཞུགས། རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་ཡིན། དར་མཐར་དཔའ་བོ་མཁའ་འགྲོ་བཞུགས། བར་ཆད་བདུད་ལས་རྒྱལ་བའི་རྟེན་འབྲེལ་ཡོད། མཐའ་ནས་རྒྱ་ནག་ལྕགས་རིས་བསྐོར། ལྕགས་ཀྱི་སྲོག་རྩ་འགྲུབ་པའི་རྟེན་འབྲེལ་ཡིན། ཕྱི་མི་འགྱུར་བཀྲ་ཤིས་རྟགས་བརྒྱད་ཡོད། ནང་མི་འགྱུར་དགོས་འདོད་ནོར་བུ་ཡོད། ཚེ་མི་ཉམས་རྡོ་རྗེའི་མདུད་པ་ཡོད། གཡང་མི་ཉམས་ཕྱུགས་ཀྱི་ར་བ་ཡོད། བདག་ཅག་གི་འགལ་རྐྱེན་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པ་དང་བདེ་ལེགས་ཀྱི་དཔལ་དམ་པ་ཐོབ་པ་གཅིག་ཏུ་གྱུར་ཅིག །  


རྩོམ་ཡིག་སྔོན་མ།
༄༅།། ཅོ་ནེ་ཡུམ་ཚེ་རིང་།
རྩོམ་ཡིག་རྗེས་མ།
ཁྱོད་དང་ང་ཡི་གཏམ་རྒྱུད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1