གཙོ་ངོས།>> དེང་རབས་མི་སྣ།>>མཁས་པའི་དབང་པོ།

བློ་གྲོས་མཐའ་ཡས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༡༧ཉིན།

༄༅།། དཀོན་མཆོག་བསྟན་འཛིན།

རིག་པའི་འོད་སྣང་སྦར་བའི་དེང་རབས་ཀྱི་མུན་སེལ་སྒྲོན་མེ།བོད་ཀྱི་མཁས་དབང་ཆེན་མོ་དཀོན་མཆོག་བསྟན་འཛིན་མཆོག་གི་གནས་ཚུལ་བཀོད་པ།

བློ་གྲོས་མཐའ་ཡས་ཀྱིས་བྲིས་ཤིང་པར་མཁོ་འདོན་བྱས།



ཐོག་མར་ཐོས་བསམ་གྱི་སྒྲོ་འདོགས་བཅད་པ།
        དེ་ཡང་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་དུ་བཟོ་རིག་གི་གཞུང་དང་ལག་ལེན་བཅས་ལ་མཁྱེན་དཔྱོད་ཀྱིས་རྟོགས་པའི་མངའ་བརྙེས་ཤིང་ཟོལ་མེད་ཀྱི་ལྷག་བསམ་དཀར་བའི་མཁས་དབང་དཀོན་མཆོག་བསྟན་འཛིན་ལགས་ནི། 1950ལོར་བོད་ཀྱི་ལོ་རྒྱུས་ཐོག་གི་དཔའ་བོའི་གཟུགས་བརྙན་ལོངས་སུ་སྤྱོད་པའི་ཁམས་དཀར་མཛེས་ཡུལ་གྱི་ལྟེ་བ། རི་རབ་ཀྱི་ལྷོ་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་ལ་གཡུ་འབྲུག་སྔོན་མོའི་ང་རོ་དྲག་པོའི་སྒྲ་སྐད་བཞིན་དུ་ཁེབས་མྱོང་བའི་དཔའ་རྒོད་མགོན་པོ་རྣམ་རྒྱལ་ལམ་བུ་ལོང་མའི་འཁྲུངས་ཡུལ་ཁམས་ལྕགས་མདུད་འབྲུག་མོ་རྫོང་ངམ་ཉག་རོང་རྫོང་དུ་སྐུ་བལྟམས། ཆུང་བྱིས་པའི་དུས་ནས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་རི་མོ་འབྲི་བ་སོགས་ལ་སྔོན་གོམས་ཀྱིི་བག་ཆགས་ལྷན་སྐྱེས་སུ་མངའ་ཞིང་། སློབ་གྲྭ་ཆེ་ཆུང་རིམ་པ་ནས་སློབ་ཐོན་བརྒྱུད་དེ་སྤྱི་ལོ་1972ལོར་རང་གི་ཕུགས་འདུན་ལྟར་རྒྱལ་ས་པེ་ཅིང་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་ཆེད་སྦྱོང་ལ་སློབ་སྦྱོང་བྱེད་པའིི་གོ་སྐབས་རྙེད། སྐབས་དེར་མི་སེར་དཀྱུས་མ་ཞིག་གི་བུ་རྒྱུད་ཡིན་པའི་ཁོང་ལ་མཚོན་ན། འདི་ནི་སྐོམ་པ་ཅན་ལ་ཆུ་དང་། ལྟོགས་འདུན་ཅན་ལ་ཟས་ཟེར་བ་ལྟར་བསམ་ཡུལ་ལས་འདས་པའི་དོན་བཟང་ཞིག་མངོན་དུ་འགྱུར་བ་ཡིན་པས། ཁོང་གིས་དགེ་བའི་བཤེས་གཉེན་ཆེན་མོ་དུ་མའི་མདུན་གྲལ་ནས་དགོང་ཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་ངལ་བ་ཁྱད་དུ་བསད་དེ་བརྩོན་འགྲུས་ཀྱི་དཔུང་པ་མཉམ་དུ་བསྡེབས་ཏེ་སྔོན་བྱོན་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱི་ཤུལ་དུ་བཞག་པའི་རིན་བྲལ་གྱི་ནོར་བུ་སྟེ་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་དང་ལོ་ཙཱ་བའི་རིག་གཞུང་སྣ་ཚོགས་ལ་ཐོས་བསམ་གྱི་མཐའ་རྒྱ་བཅད་པར་མཛད།

བར་དུ་གཞན་དོན་གྱི་ལས་ལ་གཞོལ་བ།
        དེ་ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལས་ཆུ་བོའི་ཕ་རོལ་བརྒལ་རྗེས་ཟམ་པ་བརྗེད་མི་རུང་ཞེས་པ་ལྟར། ཁོ་རང་སྤྱི་ལོ་1975ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་ཁམས་འབའ་ཐང་ཡུལ་དུ་ཕེབས་ཏེ། ལྷག་བསམ་རྣམ་དག་གིས་ཉག་ཕྲ་བའི་བོད་ཀྱི་སློབ་གསོ་ལ་སྲི་ཞུ་ཅུང་ཟད་རེ་བསྒྲུབ་པའི་ཕུགས་འདུན་དྭངས་མ་སྙིང་ལ་རུམ་སྟེ་བོད་ཀྱི་སློབ་གསོའི་ལས་རིགས་སུ་ཞུགས་ཏེ་འབའ་པ་དགེ་ཐོན་སློབ་གྲྭའི་དགེ་རྒན་ཞིག་ཏུ་གྱུར། ཁོང་ཉིད་ལས་སྨོན་བཟང་པོའི་མཚམས་སྦྱར་བའི་རྟེན་འབྲེལ་ལ་བརྟེན་ནས་ཀུན་སྤྱོད་གཙང་ལ་གཤིས་རྒྱུད་འཇམ་པ་དང་། རྒན་ལ་བཀུར་ཞིང་བྱིས་པར་སྐྱོང་བ། སྙིང་སྟོབས་ཆེ་ལ་བརྩོན་འགྲུས་ལྡན་པ། རིགས་ལ་དུངས་ཤིང་ལྷག་བསམ་ཅན་གྱི་སློབ་བུ་མང་པོ་བསྐྱངས། དེ་ནས་དཀར་མཛེས་ཁུལ་གྱི་འདས་མ་ད་གསུམ་ལ་ཐུགས་འདང་བཞེས་སྟེ་སྔོན་རྗེས་སུ་དཀར་མཛེས་ཁུལ་རིག་སློབ་ཁང་། གངས་ཅན་རིག་པའི་འབྱུང་གནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་རྩོམ་སྒྱུར་ཁང་སོགས་སུ་རིམ་པར་དགེ་རྒན་དང་། སློབ་གཙོ་གཞོན་པ། ཅུས་ཀྲང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞིི་གཞོན་པ་སོགས་ཀྱི་འགན་བཞེས་ཤིང། སྔོ་ལྗང་ཅན་གྱི་ཁམས་པ་དང་ཐང་བླ་ཚེ་དབང་རིག་གནས་སྒྱུ་རྩལ་ཚོགས་པ། དཀར་མཛེས་ཁུལ་གྱི་ལག་ཤེས་ཚོགས་པ། ཁམས་པའི་རྒྱལ་སྤྱིའི་སྐྱེ་དངོས་ཡུལ་སྐོར་བགྲོ་གླེང་ཚོགས་འདུ་སོགས་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ་སྔར་མེད་གསར་བྱུང་གི་བྱས་རྗེས་རླབས་པོ་ཆེ་བཞག ད་དུང་ཀྲུང་གོའི་ཚན་རིག་ཁང་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཁང་། སི་ཁྲོན་བོད་རིག་པའི་མཐུན་ཚོགས། སི་ཁྲོན་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་སོགས་རྒྱལ་ཕྱི་ནང་གི་སློབ་ཆེན་དང་ཞིབ་འཇུག་ཁང་། ཚོགས་པ་བཅས་བཞི་བཅུ་ལྷག་གི་ཤེས་ལྡན་མི་སྣའི་འགན་བཞེས། གཞན་ཡང་ཁོང་ཉིད་ལ་མངའ་བའི་ཤེས་རབ་ཀྱི་ཉིང་བཅུད་ཆུད་ཟོས་སུ་མ་བཏང་སྟེ། ལས་མང་ལག་ཉུང་གིི་འོག་ཏུ་བོད་ཀྱི་བཟོ་རིག་པའི་ཁོངས་གཏོགས་ལ་དུས་བབས་ཀྱི་ཆར་པ་བཞིན་དུ་མཁོ་གལ་ཆེ་བའི་《བཟོ་གནས་སྐྲ་རྩེའི་ཆུ་ཐིགས།》དང་། སྡེ་དགེ་པར་ཁང་གི་《བོད་རིས་ཤིང་པར་ཀུན་འདུས།》 བོད་ལུགས་ཀྱི་མཆོད་རྟེན། བོད་ཀྱི་《ལག་ཤེས་ཀུན་འདུས་ཆེན་མོ།》སོགས་དཔེ་ཆ་སུམ་ཅུ་ལྷག་ཅིག་པར་དུ་བསྐྲུན། ཡང་སྒོས་བོད་བཟོ་མི་རིགས་གཞན་དུ་དར་ཚུལ་དང། བོད་རྒྱ་ལོ་ཙཱའི་ཚད་ཡིག་སྐབས་བསྟུན་དུ་སྤྱོད་ཚུལ། བོད་ཀྱི་རྩོམ་ཡིག་འབྲི་ཚུལ་གྱི་བསམ་ཚུལ་འགའ་ཞེས་པ་སོགས་ཆེད་རྩོམ་དྲུག་ཅུ་ལྷག་བྲིས་ཤིང་རྒྱལ་ཕྱི་ནང་དུ་བཀྲམས་ཏེ། ཐེ་ཚོམ་གར་འཛུགས་མེད་པའི་ལོང་བའི་འཁར་རྒྱུག་འདྲ་བར་ཤེས་རབ་ཀྱི་འོད་ཟེར་གྱིས་སྣེ་ཁྲིད་བྱས་ཤིང་རིག་གཞུང་རྟོག་ཞིབ་དང་སྙན་སྒྲོན་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། འཆད་རྩོད་རྩོམ་གསུམ་མཁས་པའི་བྱ་བ་རྣམ་གསུམ་ཞེས་པ་ལྟར། ཨ་རིའི་ཨིན་དྷི་ཡ་ན་སློབ་གྲྭ་ཆེན་མོ་དང་། འཇར་མན་བྷང་སློབ་གྲྭ་ཆེན་མོ། པེར་ལིང་སློབ་གྲྭ་ཆེན་མོ། ཕྱི་སོག་ཕྱོགས་བསྡུས་སློབ་གྲྭ་ཆེན་མོ། ཨ་རིའི་ཀོ་ལན་པུས་ཡ་སློབ་གྲྭ་ཆེན་མོ་སོགས་སུ་རིག་གཞུང་གི་འཆད་ཁྲིད་དུ་མ་སྤེལ། ལོ་ངོ་སྟོང་ཕྲག་ལྷག་གི་རིང་མི་རིགས་ཀྱི་འཚོ་བའི་བརྒྱུད་རིམ་དང་ཁ་གྱེས་མ་མྱོང་བའི་སྲོལ་རྒྱུན་གྱི་རིག་གནས་དང་ལག་ཤེས་རྒྱུན་འཛིན་དར་སྤེལ་གྱི་ཐད་ལ་ཐུགས་ཁྲལ་ཤིན་ཏུ་ཆེ་བས་སྔོན་རྗེས་སུ་སི་ཁྲོན་བོད་ཡིག་དཔེ་རྙིང་གི་དཀར་ཆག་དང། སྡེ་དགེ་པར་ཁང་དཀར་ཆག་ཆེན་མོ་སོགས་ཀྱི་གཙོ་སྒྲིག་གཞོན་པ་དང་། སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་སོགས་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་གྱི་འཆར་གཞིའི་གྲས་དུ་མའི་གཙོ་འགན་དང་། ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་སྣ་ཚོགས་དང་། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་སོགས་ཀྱི་ཞུ་ཆེན་པའི་གྲས་སུ་ཞུགས། རྒྱ་བོད་བཀའ་བསྟན་གྱི་ཟེར་སྡེར་དང་གློག་རྡུལ་དཔེ་ཆའི་ལས་ཀ་དང་། ཐེངས་དང་པོའི་ཀྲུང་གོ་ཐང་གའི་སྒྱུ་རྩལ་དུས་ཆེན་སོགས་ཀྱི་གཙོ་འགན་གཞོན་པ་དང་། ཀྲུང་གོ་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ་དང་། གེ་སར་སྟོང་ཐང་ཆེན་མོ། སློབ་དཔོན་པདྨའི་རྣམ་ཐར་སྟོང་ཐང་ཆེན་མོ་སོགས་གསར་རྩོམ་གྱི་སྤྱིའི་བཀོད་པ་མཁན་པོའམ་སྒྱུ་རྩལ་སྤྱིའི་ལྟ་སྐུལ་པ་སོགས་ཀྱི་འགན་བཞེས་ཏེ་གངས་ཅན་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱི་རླབས་ཆེ་བའི་འཕྲིན་ལས་ཁུར་དུ་བཞེས།

        2006ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་ལས་གནས་སྤོས་ནས་འབུམ་རམས་པའི་སློབ་མའི་འཛུབ་སྟོན་དགེ་རྒན་དང་། མི་རིགས་ཞིབ་འཇུག་གླིང་གི་མཚན་འཛིན་གླིང་གཙོ། བོད་ཀྱི་ལག་ཤེས་ཞིབ་འཇུག་ཁང་གི་གཙོ་འགན་པ། སློབ་གྲྭའི་དངོས་མཛོད་ཁང་གི་འཆར་འགོད་པ། བོད་རྒྱ་ལོ་ཙཱའི་གོ་གནས་ཁང་གི་གཙོ་གཞོན་སོགས་ཀྱི་འགན་ཁུར་ཏེ་ལུས་ངག་ཡིད་གསུམ་དང་ཤ་ཁྲག་རུས་གསུམ་བོད་རིག་པ་དང་ཡང་སྒོས་བཟོ་རིག་པའི་ཞིབ་འཇུག་གི་ཆེད་དུ་འབུལ་བཞིན་པའི་སྒང་ཡིན།

ཕུལ་བྱུང་གི་མཚན་རྟགས་བཞེས་ཤིང་བསུབ་ཏུ་མེད་པའི་མཛད་རྗེས་བཞག་པ།
        སྤྱིར་དགེ་རྒན་ཆེན་མོ་ཁོང་ལ་མཚོན་ན། མཚན་སྙན་གྲགས་དང་ཐོབ་གོ་གནས་སོགས་གྱང་ཁའི་རྩྭ་བཞིན་དུ་རྒྱང་དུ་དོར་ཏེ་ལྷག་བསམ་རྣམ་དག་གིས་མི་རིགས་ལ་ཕན་པའི་སྲི་ཞུ་བསྒྲུབས་པ་དེ་ཀུན་གྱིས་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ཇི་སྐད་དུ། དམ་པའི་ཡོན་ཏན་སྦས་གྱུར་ཀྱང་།། འཇིག་རྟེན་ཀུན་ལ་ཁྱབ་པར་གསལ།། སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་།། དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར།། ཞེས་པ་ལྟར་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་ཐོས་པས་རང་རྒྱུད་གྲོལ་བའི་གཟུར་གནས་སྐྱེ་བོ་ཁོང་ཉིད་ལ་བསྔགས་པའི་མེ་ཏོག་འཐོར་བ་དང་བསྟོད་པའི་རོལ་མོ་དཀྲོལ་བ་ནི་གཤིས་ལུགས་སུ་གྲུབ་པ་ཡིན་ཏེ། 《བཟོ་གནས་སྐྲ་རྩེའི་ཆུ་ཐིགས།》ལ་རྒྱལ་ཡོངས་ཕུལ་བྱུང་ཅན་གྱི་བྱ་དགའ་ཨང་དང་པོ་དང་། ཇོ་མོ་གླང་མའི་བྱ་དགའ་ཨང་གཉིས་པ་ཐོབ། 2003ལོར་སྡེ་དགེ་པར་ཁང་གི་བོད་བརྒྱུད་《ཤིང་བརྐོས་རི་མོ་ཀུན་འདུས།》ལ་རྒྱལ་ཁབ་དཔེ་ཆའི་བྱ་དགའ་ཨང་དང་པོ་དང་། 2004ལོར་《ཀུན་འདུས་ཞལ་ཐང་ཆེན་མོའི་གསལ་བཤད་ཀུན་གསལ་མེ་ལོང་།》 ལ་རྒྱལ་ཁབ་མི་རིགས་དཔེ་ཆ་ཕུལ་བྱུང་ཅན་གྱི་བྱ་དགའ་ཨང་གཉིས་པ་ཐོབ། ད་དུང་དགའ་འོས་པ་ཞིག་ལ་མི་རིགས་གཞན་གྱི་ས་ཁུལ་དུ་བོད་བཟོ་དར་ཚུལ་ཞེས་པའི་རྩོམ་ཡིག་ལ་1997ལོར་རྒྱལ་སྤྱིའི་དུས་རབས་ལས་བརྒལ་བའི་བརྩམས་ཆོས་ཞེས་པའི་དཔང་རྟགས་ཐོབ། ང་ཚོས་སྤོབས་པ་སྐྱེ་འོས་པ་ཞིག་ལ་ཁོང་གིས་ད་དུང་ཕོ་བྲང་པོ་ཏ་ལར་ཕུལ་བྱའི་གནའ་རྫས་དང་། ཁྲུང་ཆིང་ཧྲན་ཤཱ་དངོས་མཛོད་ཆེན་མོར་ཉར་བའི་གནའ་རྫས་སོགས་དམངས་སྒོར་དུང་ཕྱུར་དུ་མའི་རིན་གྱི་བོད་ཀྱི་གནའ་རྫས་མང་པོར་བརྟག་དཔྱད་པའི་འགན་བཞེས། 2001ལོར་བརྩོན་པའི་གྲུབ་འབྲས་སྤྱིའི་སྒོ་ནས་སི་ཁྲོན་ཞིང་ཆེན་ཕུལ་བྱུང་ཅན་གྱི་གསར་གཏོད་མི་སྣའི་བྱ་དགའ་དང་། 2005ལོར་སི་ཁྲོན་ཞིང་ཆེན་གྱི་གྲུབ་འབྲས་འབུར་ཐོན་ཅན་གྱི་ཤེས་ཡོན་པ། 《ཤེས་བྱ་ཀུན་ཁྱབ།》 དཔེ་ཁྲིད་སྤུས་ཀ་ཅན་གྱི་བྱ་དགའ་སོགས་མང་པོ་ཐོབ་པ་དང་། གཞན་རྒྱལ་ཡོངས་ཀྱི་གནའ་རྫས་བརྟག་དཔྱད་པ་མཁས་ཅན་དང་། བོད་རྒྱའི་ཞུ་ཆེན་པ། སི་ཁྲོན་ཞིང་ཆེན་ཕུལ་བྱུང་ཅན་གྱི་མི་སྣ་གྲགས་ཅན་སོགས་ཀྱི་མཚན་སྙན་དང་གཟེངས་རྟགས་མང་པོ་ཐོབ་ཡོད། །  

39.7K

རྩོམ་ཡིག་སྔོན་མ།
ཁྱོད་དང་ང་ཡི་གཏམ་རྒྱུད།
རྩོམ་ཡིག་རྗེས་མ།
བྱིས་གླུ་ངུ་མ་དགོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1