གཙོ་ངོས།>> དེང་རབས་མི་སྣ།>>བླ་སྤྲུལ་མི་ཆེན།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༢༡ཉིན།

༄༅།། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ།

མཁས་བཙུན་གྲུབ་པའི་བདག་ཉིད་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ།
དབང་ཆེན་གྱིས་བྲིས། དཀོན་རྡོར་དང་བཀྲ་ཤིས་ཀྱིས་པར་བླངས།

        མཁས་བཙུན་གྲུབ་པའི་བདག་ཉིད་ཆེན་པོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོ་སྟེ་(སྤྱི་ལོ1943)ལོར་ཁམས་གྱི་གནས་མཆོག་མི་ཉག་དཔལ་ལྷ་སྒང་དུ་སྐུ་བལྟམས། དགུང་ལོ་བཞིའི་ཐོག་ཏུ་ཚད་མའི་སྐྱེས་བུ་དུ་མས་ཁོང་སྔགས་འཆང་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྤྲུལ་པའི་སྐུ་ཡི་རྣམ་རོལ་དུ་ངོས་བཟུང་། དེ་ནས་བཟུང་ཁོང་གིས་ཡི་གེ་འབྲི་ཀློག་གི་འགོ་བཙུགས། སྐུ་ན་ཆུང་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་བཟང་པོའི་མཚམས་སྦྱར་བའི་སྦྱངས་སྟོབས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་བྱམས་དང་སྙིང་རྗེའི་ཐུགས་རྒྱུད་བརླན་པའི་ཡ་རབས་དམ་པའི་མཛད་སྤྱོད་ལྷན་སྐྱེས་སུ་གྲུབ།
        1981ལོར། ཁོང་གིས་སྔོན་ཆད་ཀྱི་སི་ཁྲོན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་དང་མཉམ་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་པ་མ་ཟད། སློབ་གཙོ་གཞོན་པ་དང་སློབ་ཁྲིད་ཀྱི་སྤྱིའི་ལྟ་སྐུལ་བའི་འགན་གཅིག་ལྕོགས་སུ་བཞེས། སློབ་གྲྭ་དེ་ནི་ཀྲུང་གོ་གསར་པ་བཙུགས་ཚུན་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱེད་གནས་ཀྱི་སློབ་གྲྭ་དང་པོར་གྱུར་ལ། རང་རྒྱལ་ལ་བོད་སྐད་ཡིག་ཐད་ཀྱི་ཕུལ་བྱུང་མི་སྣ་གང་མང་གསོ་སྐྱོང་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་པའི་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་ལགས་ནི་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྙན་གྲགས་ཆེ་བའི་བོད་རིག་པའི་མཁས་ཆེན་ཞིག་ཡིན་ཞིང་། རང་རྒྱལ་དུ་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དེ་འཕེལ་རྒྱས་གཏོང་བའི་བྱ་བ་གལ་ཆེན་རེ་རེའི་རྒྱབ་ན་ཁོང་གི་དཀའ་ལས་སྐུ་ཚེགས་གང་མང་མྱངས་ཡོད་ལ། ཁོང་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དེ་འཕེལ་རྒྱས་གཏོང་བའི་མདུན་སྐྱོད་པ་ཞིག་ཡིན་ཞེས་བརྗོད་ཆོག་ཆོག་ཡིན།
        སྤྱི་ལོ1978ལོ་ནས་བཟུང་ཐུབ་བསྟན་ཉི་མ་ལགས་ཀྱིས་《བོད་རྒྱ་ཚིག་མཛོད་ཆེན་མོ》ཡི་གཙོ་སྒྲིག་པ་གཞོན་པ་དང་མཇུག་མཐའི་ཞིབ་བཤེར་བའི་འགན་ཁུར་ལ། ཚིག་མཛོད་ནང་གི་ཚད་མ་རིག་པ་དང་ཆོས་ལུགས་ཕྱོགས་ཀྱི་ཐ་སྙད་བརྒྱ་ཆ་དགུ་བཅུ་ཡན་རྩོམ་སྒྲིག་གནང་བ་ཡིན་ཞིང་། ཚིག་མཛོད་དེར་ཝུའུ་དབྱི་ཀྲང་བྱ་དགའ་ལས་སྐད་དང་ཡི་གེའི་ཐད་ཀྱི་ཨང་དང་པོ་ལོན།
        ལོ་ངོ20ཡི་རིང་ལ་བཀའ་བསྟན་ཡིག་སྒྱུར་དང་དཔེ་སྒྲིག་བྱེད་པར་སྐུ་ཚེགས་ཕུད།
        1987ལོ་ནས་2008ལོའི་བར་དུ། ཁོང་གིས་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་འགྱུར་དཔེ་བསྡུར་ཅུས་བཙུགས་པ་མ་ཟད་ཅུས་ཀྲང་གཞོན་པའི་འགན་བཞེས་ལ། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སྐུ་ཚེགས་ལ་མ་འཛེམས་པར་ཕྱག་ལས་ཞིབ་ཚགས་གནང་སྟེ། བཀའ་བསྟན་འགྱུར་དཔེ་བསྡུར་ཅུས་ཀྱིས་《བསྟན་འགྱུར་དཔེ་བསྡུར་མ།》(པོད124)དང་《བཀའ་འགྱུར་དཔེ་བསྡུར་མ།》(པོད108)པར་སྐྲུན་འགྲེམས་སྤེལ་བྱས་ལ། དེ་ནི་རྒྱལ་ཁབ་དབུ་ཚུགས་པའི་ཚུན་ལ་རང་རྒྱལ་གྱིས་བོད་རིག་པའི་ཁྱབ་ཁོངས་ནས་སྤེལ་བའི་ལས་གཞི་རླབས་ཆེན་ཞིག་ཡིན་པ་རེད།
        2001ལོ་ནས་བཟུང་། ཁོང་གིས་ཀྲུང་གོའི་རྩོམ་རིག་བསྒྱུར་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་དང་མཉམ་དུ་《བཀའ་བསྟན།》རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་བའི་བྱ་བར་། འགོ་འཛིན་གནང་།

ཐུབ་བསྟན་ཉི་མ་མཆོག་ལྷ་སྒང་དུ་ཕེབས་པ། 

        《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》རྩོམ་སྒྲིག་གནང་བར་བསྐུལ་བ།
        2002ལོར། སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པའི་སྟེང་དུ། ཁོང་གིས་《བོད་ཀྱི་ལོ་རྒྱུས་ཡིག་ཚགས་མྱུར་སྐྱོབ་དོ་དམ་དང་དེར་སྲུང་སྐྱོབ་བྱེད་པའི་ཡིག་ཚགས་བཟོ་བའི་གྲོས་ཡིག》ཅེས་པ་སྤྲད་ཅིང་། དེར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གཞུང་ལས་ཐིང་གིས་གཙིགས་མཐོང་ཆེན་པོ་གནང་ལ། 2003ལོར་གོང་གི་གྲོས་ཡིག་དེ་མགྱོགས་མྱུར་དུ་ལག་བསྟར་ཡོང་ཆེད། ཐུབ་བསྟན་ཉི་མ་མཆོག་གིས་དེའི་ཁར་ཁ་གསབ་གྲོས་ཡིག་ཡར་སྤྲད་པ་རེད།
        མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་གིས་སྐུལ་སློང་གནང་བར་བརྟེན་ནས། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》རྩོམ་སྒྲིག་གནང་བའི་བྱ་བ་དེ2013ལོའི་ཟླ7པའི་ཚེས12ཉིན་པེ་ཅིང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་འགོ་བཙུགས་ལ། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》ནི2011ལོར་ཆོག་མཆན་བཀོད་པའི་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་རིག་གནས་ལས་གཞི་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་དེ་དར་སྤེལ་གཏོང་བའི་ཚབ་མཚོན་རང་བཞིན་གྱི་ལས་གཞི་ཞིག་ཀྱང་ཡིན་པ་རེད།
        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་ལགས་ཀྱིས་བསྟན་དོན། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》རྩོམ་སྒྲིག་གནང་ནས་ད་ལྟའི་བར་མི་ཤུགས་དང་རྒྱུ་ཤུགས་འདོན་ཚད་ཆེས་མང་ཞིང་། ཕྱོགས་སོ་སོ་དང་གཞི་ཁྱོན་ཡངས་ལ་མ་ལག་ལྡན་པའི་སྒོ་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་དེ་འཕེལ་རྒྱས་གཏང་བའི་ལས་གཞི་ཆེན་པོ་ཞིག་ཡིན་པ་དང་། དེར་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།
        བོད་ཡིག་གི་དཔེ་རྙིང་ལ་སྲུང་སྐྱོབ་གང་ལེགས་གནང།
        བོད་ཡིག་གི་དཔེ་རྙིང་ལ་སྲུང་སྐྱོབ་བྱས་པའི་ལོ་ངོ་30ལྷག་གི་རིང་ལ། མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་གིས་རྒྱལ་ཁབ་ལ་གང་མགྱོགས་སྒོས་བོད་ཡིག་གི་དཔེ་རྙིང་རྩ་ཆེན་ལ་སྲུང་སྐྱོབ་བྱེད་པར་སྐུལ་བའི་དུས་མཚུངས་སུ། ཁོང་རང་ཉིད་ཀྱིས་ཀྱང་དཔེ་རྙིང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དངོས་ལ་ཞུགས།
        ཁོང་གིས་སྔ་རྗེས་སུ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བརྒྱུད་ནས། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ལ《ཤེས་བྱ་ཀུན་ཁྱབ།》དང་《རྫ་དཔལ་སྤྲུལ་གྱི་གསུང་འབུམ་དང་རྣམ་ཐར།》《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》《ཐེག་པ་རིམ་པ་དགུའི་རྣམ་བཤད།》སོགས་དཔེ་དེབ་རྩ་ཆེན་ཁག་པར་སྐྲུན་འགྲེམས་སྤེལ་གནང་།
        ཁོང་གིས་སི་ཁྲོན་ཞིང་ཆེན་མི་རིགས་དམངས་ཁྲོད་སྒྱུ་རྩལ་ཞིབ་འཇུག་ཁང་ནས་བོད་བརྒྱུད་ནང་བསྟན་གྱི་སྒྲུབ་བརྒྱུད་ཁག་གི་ཤིང་དཔར་དང་བྲིས་མ་སྟོང་ལྷག་ལ་ཚོན་པར་རྒྱག་པར་མཛུབ་སྟོན་གནང་སྟེ། སྐབས་ཐོག་དེར་དགོན་པ་དང་ཀློག་མཁན་ཚོར་དཔེ་ཆོས་ཡིག་ཆ་མེད་པའི་གནད་དོན་ཐག་གཅོད་བྱས།
        དུས་ཕྱིས་སུ་ཁོང་གིས་《བྲག་དཀར་བློ་བཟང་དཔལ་ལྡན་གྱི་རྣམ་ཐར། 》དང་《དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་གསུང་འབུམ། 》སོགས་དཔེ་དེབ་རྩ་ཆེན་ཁག་སོ་སོར་བརྒྱ་རེ་པར་སྐྲུན་མཛད་ཅིང་། དཔེ་རྙིང་ཡིག་ཆ་རྩ་ཆེན་དེ་དག་བོར་བརླག་མི་འགྲོ་ཆེད་ཁོང་གིས་ཁག་ལྔ་བཅུ་ཐམ་པ་རྒྱལ་ནང་གི་དཔེ་མཛོད་ཁང་དང་དགོན་པ་གཙོ་བོ་རྣམས་ལ་གནང་བ་དང་། གཞན་པའི་ལྔ་བཅུ་ཐམ་པ་དེ་ཡོ་རོབ་དང་ཨ་མེ་རི་ཁའི་དཔེ་མཛོད་ཁང་གཙོ་གྲས་ཁག་ལ་གནང་།
        ཁོང་གིས་དེ་མིན་ད་དུང་《ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།》དང་《ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་འབུམ།》སོགས་ལོ་རྒྱུས་དཔེ་རྙིང་ཡིག་ཆ་རྩ་ཆེན་པོད་སྟོང་ལྷག་པར་སྐྲུན་འགྲེམས་སྤེལ་གནང་ཞིང་། སྒོས་སུ་ཁོང་གིས་སྒྲུབ་བརྒྱུད་རྙིང་མའི་དཔེ་ཆོས་གང་མང་ལེགས་སྒྲིག་བྱས་ཤིང་། དེ་འབྲེལ་གྱི་དཔེ་དེབ་རྣམས་པར་སྐྲུན་འགྲེམས་སྤེལ་མཛད་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་ཐད་ནས་དགའ་འོས་པའི་མཛད་རྗེས་བཞག་ཡོད།
   2002ལོར་ཁོང་གིས་བོད་ལྗོངས་ལྷ་ས་རུ་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་བཙུགས་ཤིང་ མི་སྣ་རྩ་འཛུགས་བྱས་ཏེ་རྒྱལ་ནང་གི་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་སོགས་ས་ཁུལ་གྱི་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ། འཚོལ་སྡུད་དང་ལེགས་སྒྲིག་བྱས་ལ། དེ་དང་དུས་མཚུངས་སུ་ཁོང་གིས་ཕྱི་རྒྱལ་ནས་སློབ་ཁྲིད་ཀྱི་སྟབས་བདེ་ལ་བརྟེན་ནས། ཕྱི་རྒྱལ་དུ་ཤོར་བའི་དཔེ་རྙིང་རྩ་ཆེན་སོགས་བླུ་གཡར་བྱས་ལ། མི་སྣ་རྩ་འཛུགས་བྱས་ཏེ་དཔེ་རྙིང་དེ་དག་ལེགས་སྒྲིག་བྱས་ནས་དཀར་ཆག་བསྒྲིགས་པ་མ་ཟད། བྲིས་མ་དང་དཔེ་ཆོས་རྩ་ཆེན་ལ་པར་སློག་བརྒྱབ་པའམ་གློག་ཀླད་དུ་གཏགས་པ་དང་། པར་སྐྲུན་འགྲེམས་སྤེལ་བྱས་ཏེ་ཡུན་རིང་ཉར་ཚགས་ཐུབ་པར་གནང་།
        ལོ་ངོ་བཅུ་གྲངས་ལྷག་གི་རིང་ལ། ཁོང་གིས་གསར་འཛུགས་དང་དབུ་ཁྲིད་པའི་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་དཔེ་དེབ་སྟོང་གྲངས་ལྷག་པར་སྐྲུན་བྱས་ཡོད་ཅིང་། ཐེངས་མང་པོར་རྒྱལ་ཁབ་ཀྱི་གསར་འགྱུར་པར་སྐྲུན་བྱ་དགའ་རིགས་གང་མང་ཐོབ་པ་སྟེ། བསྟུན་མར་ལོ་གཉིས་རིང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཇོ་མོ་གླང་མའི་དགའ་རྟགས་ཨང་གཉིས་པ་དང་། བསྟུན་མར་ཐེངས་གཉིས་ལ་རྒྱལ་ནང་གི་པར་སྐྲུན་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཏེ་ཀྲུང་གོའི་པར་སྐྲུན་སྲིད་གཞུང་བྱ་དགའ་སོགས་ཐོབ།
        ངང་རྒྱུད་ཞི་ཞིང་དུལ་བ་དང་རྒྱལ་སྤྱིའི་སྟེང་གྲགས་སྙན་ཆེ་བ།
        མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་རྒྱུན་པར་ཕྱི་རྒྱལ་དུ་ཕེབས་དགོས་ལ། ཁོང་བོད་རིག་པར་མཁས་ཤིང་རྒྱལ་སྤྱིའི་སྟེང་ནས་ཁས་ལེན་པ་རེད། ཨ་མེ་རི་ཁའི་བོད་རིག་པའི་མཁས་པ་གྲགས་ཅན་ཅིན་སི་མུའུ་སི་ཡིས་ཁོང་གིས་ཚེ་འདིར་དཀའ་བ་སྤྱད་དེ་བསྡུ་ཉར་བྱས་པའི་བོད་ཡིག་ཡིག་ཆ་12000ལྷག་གི་ཐག་གཅོད་དབང་ཆ་མཆོག་སྤྲུལ་ཁོང་ལ་སྤྲད་ཅིང་། 2007ལོར་ཡིག་ཆ་རྩ་ཆེན་དེ་དག་མཉམ་འབྲེལ་བྱས་པ་བརྒྱུད་ནས་ལྷོ་ནུབ་མི་རིགས་སློབ་ཆེན་དཔེ་མཛོད་ཁང་དུ་ཉར།
        གཡུར་དུ་ཟ་བའི་གྲུབ་འབྲས་གང་མང་བླངས་ཡོད་ཀྱང་། དགུང་ལོ་བདུན་ཅུར་སོན་པའི་མཆོག་སྤྲུལ་ཐུབ་བསྟན་ཉི་མ་ལགས་ཀྱི་ངང་རྒྱུད་ཞི་ཞིང་དུལ་བ་དང་། ཁོང་གིས་བསྒྲུབས་མྱངས་པའི་བྱ་བ་བཟང་པོ་དེ་དག་གླེང་བའི་སྐབས་སུ་ཁོང་གིས་དེ་དག་ནི་མི་གཞན་གྱིས་བསྒྲུབས་པ་ཡིན་ཞིང། ཁོང་གིས་དེར་རོགས་རམ་ཙམ་བྱས་པ་ཡིན་ཞེས་གསུངས་སྲིད། དུས་ད་ལྟ་ཁོང་ཡང་ཕྱག་ལས་གནང་བར་བྲེལ་ལ། ཁོང་གི་ཞི་ཞིང་དུལ་བའི་ཐུགས་རྒྱུད་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སྦྱོར་བ་དེ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལོན་པའི་རྒྱུ་རྐྱེན་གཙོ་བོ་རེད། །  

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས་པ། 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1