གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༢༣ཉིན།

༄༅།། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།

        བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། བུད་མེད་ཀྱིས་རང་བརྩི་རང་བཀུར་དང་། རང་ལ་ཡིད་ཆེས། རང་མགོ་རང་ཐོན། རང་སྤོབས་རང་བསྐྱེད་བཅས་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ།  
1.རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་རྒྱུ། 
        བུད་མེད་རྣམས་ལ་ཐབས་ལམ་དང་རྣམ་པ་འདྲ་མིན་སྣ་ཚོཊ་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་ལས་དོན་བདག་སྐྱོང་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་བདག་སྐྱོང་། སྤྱི་ཚོགས་ཀྱི་ལས་དོན་བདག་སྐྱོང་བཅས་བྱེད་པའི་དབང་ཆ་ཡོད། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་འདེམས་བསྐོ་བྱེད་དབང་དང་གདམ་བྱའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོཊ་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ནང་དུ་བུད་མེད་ཀྱི་འཐུས་མིའི་ཁ་གྲངས་འོས་འཚམ་ཡོད་དགོས་པ་མ་ཟད། བུད་མེད་འཐུས་མིའི་བསྡུར་ཚད་རིམ་བཞིན་མང་དུ་གཏོང་དགོས། རྒྱལ་ཁབ་ནས་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་ཧུར་ཐག་བྱ་རྒྱུ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་། འདེམས་བསྐོ། བཀོལ་སྤྱོད་བཅས་བྱེད་དུས་སྐྱེས་པ་དང་བུད་མེད་འདྲ་མཉམ་ཡིན་པའི་རྩ་དོན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། འགོ་ཁྲིད་པའི་ཁོངས་མིའི་ཁྲོད་དུ་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་བྱེད་རྒྱུར་མཐོང་ཆེན་བྱ་དགོས། རྒྱལ་ཁབ་ནས་གྲངས་ཉུང་མི་རིགས་ཀྱི་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་བྱེད་རྒྱུར་མཐོང་ཆེན་བྱ་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རིམ་པ་ཁག་དང་དེའི་ཁོངས་ཀྱི་ཚོགས་པ་དག་གིས་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ལ་བུད་མེད་ལས་བྱེད་པ་འོས་སྦྱོར་བྱས་ཆོག བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ལུགས་སྐོར་གྱི་སྐྱོན་བརྗོད་དམ་ལུགས་མཐུན་གྲོས་འཆར་རྣམས་འབྲེལ་ཡོད་སྡེ་ཁག་གིས་གསན་འཇོག་དང་དང་ལེན་བྱ་དགོས། བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་སྐོར་གྱི་རེ་འབུལ་དང་། ཞུ་གཏུག ཐེར་འདོན་བཅས་བྱེད་རིགས་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་དོན་དངོས་རྩད་གཅོད་དང་ཐག་གཅོད་བྱེད་འགན་འཁུར་དགོས་ཤིང་། རྩ་འཛུགས་གང་ཞིག་དང་ཡང་ན་སྐྱེ་བོ་སུས་ཀྱང་བཀག་འགོག་གམ་རྡུང་རྡེག་འཁོན་སློག་བྱེད་མི་ཆོག
2.རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་རིག་གནས་སློབ་གསོ་ཐོབ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་རྒྱུ། 
        སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་བསྟར་ནས་བུད་མེད་སློབ་གྲྭར་ཞུགས་པ་དང་། སློབ་རིམ་སྤོར་བ། སློབ་ཐོན་ལས་བགོས། ཡོན་གནས་སྤྲོད་པ། ཕྱི་རྒྱལ་དུ་སློབ་གྲྭ་གཏོང་བ་སོགས་ཀྱི་ཐད་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་དགོས། སློབ་གྲྭས་ཕྲུ་གུ་བུ་མོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་གསོ་དང་། བདག་སྐྱོང་བྱེད་ལུགས། བཀོད་སྒྲིག་བཅས་ཀྱི་ཐད་ལ་ཐབས་ཤེས་སྤྱད་དེ་ཕྲུ་གུ་བུ་མོ་ལུས་སེམས་གཉིས་བདེའི་ངང་འཚར་ལོངས་ཡོང་བའི་འགན་སྲུང་བྱ་དགོས། ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་སློབ་ལོ་རན་པའི་ཕྲུ་གུ་བུ་མོ་ཚོར་འོས་འགན་སློབ་གསོ་འཐོབ་པ་འགན་སྲུང་བྱ་རྒྱུའི་འོས་འགན་ངེས་པར་དུ་བསྒྲུབ་དགོས། ནད་ཡོད་པའམ་ཡང་ན་དམིགས་བསལ་གྱི་གནས་ཚུལ་གཞན་དག་ཡོད་པའི་དབང་གིས་ས་གནས་དེ་གའི་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཐོབ་རིགས་ཕུད་སློབ་ལོ་རན་པའི་ཕྲུ་གུ་བུ་མོ་སློབ་གྲྭར་མི་གཏོང་པའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་ལ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་སྐྱོན་བརྗོད་དང་སློབ་གསོ་རྒྱག་རྒྱུ་དང་འབྲེལ་བྱེད་ཐབས་ནུས་ལྡན་བཟུང་ནས་སློབ་ལོ་རན་པའི་ཕྲུ་གུ་བུ་མོ་སློབ་གྲྭར་གཏོང་འགན་དཀྲི་རྒྱུ། སྲིད་གཞུང་དང་། སྤྱི་ཚོགས། སློབ་གྲྭ་བཅས་ཀྱིས་ལོ་ན་རན་པའི་ན་ཆུང་བུ་མོ་སློབ་གྲྭར་ཞུགས་དཀའ་བའི་དོན་དངོས་ལ་དམིགས་ཏེ། བྱ་ཐབས་ནུས་ལྡན་སྤྱད་ནས་ལོ་ན་རན་པའི་ན་ཆུང་བུ་མོ་རྣམས་ས་གནས་དེ་གས་གཏན་འཁེལ་བྱས་པའི་ལོ་གྲངས་ལྟར་འོས་འགན་སློབ་གསོ་འཐོབ་པའི་འགན་སྲུང་བྱ་དགོས། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་གཏན་འབེབས་ལྟར་བུད་མེད་ནང་གི་ཡིག་རྨོངས་དང་ཡིག་རྨོངས་ཕྱེད་ཙམ་སེལ་བའི་ལས་དོན་དེ་ཡིག་རྨོངས་སེལ་བ་དང་ཡིག་རྨོངས་བསལ་རྗེས་མུ་མཐུད་སློབ་གསོ་གཏོང་རྒྱུའི་འཆར་གཞིའི་ནང་བཅུག་ནས་བུད་མེད་ཀྱི་ཁྱད་ཆོས་དང་མཐུན་པའི་རྩ་འཛུགས་ཀྱི་རྣམ་པ་དང་ལས་ཀའི་བྱེད་ཐབས་བཟུང་ནས་འབྲེལ་ཡོད་སྡེ་ཁག་གིས་དངོས་སུ་དོན་འཁྱོལ་བྱེད་པའི་སྒྲིག་འཛུགས་དང་ལྟ་སྐུལ་བྱ་དགོས།རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བུད་མེད་སྒྲིག་འཛུགས་བྱས་ནས་ལས་རིགས་སློབ་གསོ་དང་ལག་རྩལ་སྦྱོང་བརྡར་འཐོབ་པའི་བྱ་ཐབས་སྤྱོད་དགོས།
        རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱས་ནས་བུད་མེད་རྣམས་ཚན་རིག་དང་། ལག་རྩལ། རྩོམ་རིག སྒྱུ་རྩལ་བཅས་དང་རིག་གནས་ཀྱི་ལས་སྒོ་གཞན་དག་སྒྲུབ་པར་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ལོངས་ སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་དགོས།
3.རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ངལ་རྩོལ་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་རྒྱུ། 
        སྡེ་ཚན་ཁག་གིས་ལས་བཟོ་བསྡུ་སྐབས་བུད་མེད་རྣམས་ལ་མི་འཚམ་པའི་ལས་རིགས་སམ་ལས་གནས་ཕུད་ཕོ་མོའི་དབྱེ་བར་ཁ་གཡར་ནས་བུད་མེད་མི་བསྡུ་བའམ་བུད་མེད་བསྡུ་རྒྱུའི་ཚད་གཞི་མཐོ་རུ་གཏོང་རིགས་བྱེད་མི་ཆོག ལོ་ན་བཅུ་དྲུག་མ་ལོན་པའི་བུ་མོ་ལས་བཟོ་པར་བསྡུ་རིགས་བཀག་འགོག་བྱེད་དགོས། སྐྱེས་པ་དང་བུད་མེད་ལས་ཀ་འདྲ་བར་ཐོབ་ཆ་འདྲ་མཚུངས་སྤྲོད་དགོས། གོ་གནས་སྤོར་བ་དང་། རིམ་པ་སྤོར་བ། ཆེད་ལས་ལག་རྩལ་གྱི་གོ་གནས་དཔྱད་བསྡུར་གཏན་འབེབས་བྱེད་པ་ལ་སོཊ་པའི་ཐད་སྐྱེད་པ་དང་བུད་མེད་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་ལས་བུད་མེད་ལ་མཐོང་ཆུང་བྱེད་མི་ཆོག སྡེ་ཚན་གང་ཡིན་ལ་མ་བལྟོས་པར་ཚང་མས་བུད་མེད་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཁྲིམས་མཐུན་ངང་བུད་མེད་རྣམས་ལས་ཀ་དང་ངལ་རྩོལ་བྱེད་དུས་ཀྱི་བདེ་འཇགས་དང་བདེ་ཐང་ལ་འགན་སྲུང་བྱེད་དགོས་པ་ལས་བུད་མེད་ཚོར་མི་འཚམ་པའི་ལས་ཀ་དང་ངལ་རྩོལ་བཀོད་སྒྲིག་བྱེད་མི་ཆོག བུད་མེད་ཚོར་ཟླ་མཚན་སླེབས་པ་དང་། མངལ་ཆགས་པ། ཕྲུ་གུ་སྐྱེ་བ། ནུ་མ་སྣུན་པ་བཅས་ཀྱི་དུས་སུ་དམིགས་བསལ་སྲུང་སྐྱོང་བྱ་རྒྱུ། སྡེ་ཚན་གང་ཞིག་གིས་ཀྱང་གཉེན་སྒྲིག་དང་། མངལ་ཆཊ་པ། བཙའ་གསོའི་ངལ་གསོ། ནུ་མ་སྣུན་པ་སོགས་ལ་ཁ་གཡར་ནས་བུད་མེད་ལས་བཟོ་ལས་ཀ་ནས་འབུད་པའམ་ཕྱོཊ་གཅིག་ཁོ་ནས་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག
4.རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་རྒྱུ་ནོར་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་རྒྱུ། 
        གཉེན་སྒྲིག་དང་ཁྱིམ་ཚང་གི་མཉམ་བདག་རྒྱུ་ནོར་གྱི་འབྲེལ་བའི་ནང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་མི་ཆོག གྲོང་གསེབ་ཏུ་འགན་འཁྲིའི་ས་ཞིང་བགོ་བ་དང་ཁང་ས་ཆོག་མཆན་སྤྲོད་སྐབས་བུད་མེད་རྣམས་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ཡོད་པས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་མི་ཆོག བུད་མེད་རྣམས་གཉེན་སྒྲིག་དང་བཟའ་འཐོར་ཟིན་མཚམས། དེའི་འགན་འཁྲིའི་ས་ཞིང་དང་། ཟ་འབྲུའི་ས་ཞིང་། ཁང་ས་སོགས་འགན་སྲུང་འཐོབ་འོས། ཁྱོ་ག་ཚེ་ལས་འདས་པའི་བུད་མེད་ཀྱིས་ཤུལ་འཛིན་བྱས་པའི་རྒྱུ་ནོར་དག་སྟེར་འཚོང་གང་བྱེད་རང་དབང་ཡོད་པས་སྐྱེ་བོ་སུ་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག ཁྱོ་ག་ཚེ་ལས་འདས་པའི་བུད་མེད་གང་དེས་སྒྱུག་པོ་དང་སྒྱུག་མོར་ཞབས་ཏོག་ཞུ་བའི་འོས་འགན་གཙོ་བོ་ཁུར་ཡོད་ན་སྒྱུག་པོ་དང་སྒྱུག་མོའི་ཁྲིམས་བཀོད་གོ་རིམ་དང་པོའི་ཤུལ་འཛིན་པ་ཡིན་པས་དེའི་ཤུལ་འཛིན་བྱེད་དབང་ལ་སྒྱུག་པོ་སྒྱུག་མོའི་བུ་ཕྲུག་གིས་ཚབ་བྱེད་ཤུལ་འཛིན་བྱེད་པའི་གནོད་སྐྱོན་མི་ཕོག་རྒྱུ།
5.རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ལུས་ཁམས་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་རྒྱུ། 
        བུད་མེད་ཀྱི་རང་ལུས་རང་དབང་ལ་བཙན་གནོད་བྱེད་མི་ཆོག ཚུལ་མིན་བཙན་ཉར་དང་ཚུལ་མིན་གྱི་ལག་ཐབས་གཞན་དག་ལ་བརྟེན་ནས་བུད་མེད་ཀྱི་རང་ལུས་རང་དབང་འཕྲོག་པའམ་བུད་མེད་ཀྱི་རང་ལུས་རང་དབང་ལ་ཚོད་འཛིན་བྱེད་མི་ཆོག བུད་མེད་ཀྱི་ལུས་པོར་ཚུལ་མིན་གྱི་བསྔོག་བཤེར་བྱེད་མི་ཆོག བུད་མེད་ཀྱི་ཚེ་སྲོག་བདེ་ཐང་གི་ཁེ་དབང་ལ་བཙན་གནོད་བྱེད་མི་ཆོག བུ་མོ་དམར་འབྱར་ཆུ་སུབ་གཏོང་བ་དང་། སྐྱུར་བ། གདུག་གསོད་གཏོང་བ་བཅས་གཏན་འགོག་དང་། ཕྲུ་གུ་བུ་མོ་བཙས་པའི་བུད་མེད་དང་ཕྲུ་གུ་མི་འཁོར་བའི་བུད་མེད་ལ་མཐོང་ཆུང་དང་མནར་གཅོད་གཏོང་རིགས་གཏན་འགོག རྨོངས་དད་དང་དྲག་ཤུགས་ཀྱི་ཐབས་ལ་བརྟེན་ནས་བུད་མེད་གདུག་གསོད་གཏོང་རིགས་གཏན་འགོག རྒས་མོ་མནར་གཅོད་དང་སྐྱུར་རིགས་གཏན་འགོག བུད་མེད་བསླུ་འཚོང་དང་བཙན་ཁྲིད་བྱེད་རིགས་གཏན་འགོག བསླུ་འཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་བསླུ་ཉོ་བྱེད་རིགས་གཏན་འགོག་བཅས་བྱ་རྒྱུ། 
6.རྒྱལ་ཁབ་ཀྱིས་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་གཉེན་སྒྲིག་དང་ཁྱིམ་ཚང་ཐད་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་རྒྱུ། 
        རྒྱལ་ཁབ་ཀྱིས་བུད་མེད་ལ་གཉེན་སྒྲིག་གི་རང་དབང་ཡོད་པའི་འགན་སྲུང་བྱ་རྒྱུ། བུད་མེད་ཀྱི་གཉེན་སྒྲིག་དང་བཟའ་ཚང་ཁ་བྲལ་གྱི་རང་དབང་ལ་ཐེ་ཇུས་བྱེད་མི་ཆོག བུད་མེད་ཀྱིས་འཆར་ལྡན་བུ་བཙའི་བླང་བྱ་ལྟར་མངལ་འགོག་གཤགས་བཅོས་བྱས་རིགས། ཟླ་བ་དྲུག་གི་ནང་ཚུད་དུ་ཁྱོ་གས་བཟའ་བྲལ་གྱི་རེ་འདུན་ཞུ་མི་ཆོག བུད་མེད་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་ཞུ་བའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་བལྟས་དུས་བཟའ་ཚང་ཁ་བྲལ་རྒྱུའི་ཁྱོ་གའི་རེ་འདུན་དངོས་གནས་བདག་སྤྲོད་དགོས་ངེས་འདུག་སྙམ་པའི་རིགས་འདིའི་ཁོངས་སུ་མི་གཏོགས། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཡིན་རིགས་བུད་མེད་ལ་བཟའ་ཟླ་དང་འདྲ་མཉམ་གྱི་བདག་བཟུང་དང་། བེད་སྤྱོད། ཁེ་ཟ། སྟེར་ཚོང་གང་བྱེད་བཅས་ཀྱི་དབང་ཆ་ཡོད། དེ་ཡང་བཟའ་ཚང་ཕྱོཊ་གཉིས་པོའི་ཡོངས་འབབ་ཀྱི་གནས་སྟངས་དང་བསྟུན་མི་དགོས། རྒྱལ་ཁབ་ཀྱིས་བཟའ་འཐོར་བུད་མེད་ཀྱི་ཁང་པའི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ། ཁྱོ་ཤུག་ཐུན་མོང་ལ་དབང་བའི་ཁང་པ་ཡིན་ན། བཟའ་ཚང་ཁ་བྲལ་ནས་ཁང་པ་བགོ་བཤའ་རྒྱག་དུས་ཁྱོ་ཤུག་གཉིས་པོ་གྲོས་མོལ་གྱིས་ཐག་གཅོད་རྒྱུ། གྲོས་མཐུན་མ་བྱུང་ཚེ་མི་དམངས་ཁྲིམས་ཁང་གིས་ཁྱོ་ཤུག་གཉིས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཤིང་བུད་མེད་དང་བུ་ཕྲུག་གི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་ དོན་ལྟར་དཔྱད་མཚམས་གཏོང་རྒྱུ། ཁྱོ་ཤུག་གཉིས་པོས་ཁ་ཆད་ལོགས་སུ་བྱས་རིགས་འདིའི་ཁོངས་སུ་མི་གཏོཊ། ཁྱོ་ཤུག་ལྷན་དུ་ཁང་པ་གླས་པ་ཡིན་ན། བཟའ་ཚང་ཁ་བྲལ་དུས་བུད་མེད་ཀྱི་སྡོད་ཁང་དེ་བུད་མེད་དང་བུ་ཕྲུག་གི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལྟར་གྲོས་མོལ་ཐག་གཅོད་བྱ་དགོས། ཁྱོ་ཤུག་གཉིས་ཁྱོ་གའི་སྡེ་ཚན་གྱི་ཁང་པར་བསྡད་ཡོད་ན། བཟའ་ཚང་ཁ་བྲལ་དུས་བུད་མེད་ལ་སྡོད་ཁང་མེད་རིགས་ཁྱོ་གར་ཆ་རྐྱེན་འཛོམས་ཚེ་དེར་རོགས་སྐྱོར་ཐག་གཅོད་བྱ་དགོས། ཕ་མ་གཉིས་ཀར་ལོ་ན་མ་སོན་པའི་བུ་ཕྲུག་ལྟ་སྐྱོང་བྱེད་དབང་གཅིག་མཚུངས་སུ་ཡོད། 
        པ་ཕ་ཚེ་ལས་འདས་པ་དང་བྱ་སྤྱོད་སྤེལ་ནུས་མེད་པར་གྱུར་པའམ་ཡང་ན་གནས་ཚུལ་གཞན་གྱིས་རྐྱེན་པས་ལོ་ན་མ་སོན་པའི་བུ་ཕྲུག་ལ་ལྟ་སྐྱོང་བྱེད་མི་ཐུབ་པར་གྱུར་ཚེ་ཨ་མའི་ལྟ་སྐྱོང་བྱེད་དབང་ལ་སྐྱེ་བོ་སུ་ཞིག་ གིས་ཀྱང་ཐེ་ཇུས་བྱེད་མི་ཆོག བུད་མེད་ཕྱོགས་སྐྱེ་རྒྱུན་གཅོད་པའི་གཤགས་བཅོས་བྱས་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་དབང་གིས་བུ་ཕྲུག་སྐྱེ་ནུས་མེད་པར་གྱུར་ཟིན་ན། བཟའ་ཚང་ཁ་བྲལ་དུས་བུ་ཕྲུག་གསོ་སྐྱོང་སྐོར་གྱི་གནད་དོན་ཐག་གཅོད་སྐབས་བུ་ཕྲུག་གི་ཁེ་དབང་ལ་ཕན་པའི་ཆ་རྐྱེན་འོག་བུད་མེད་ཀྱི་ལུགས་མཐུན་རེ་བར་ལྟ་རྟོག་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བུད་མེད་ལ་ཕྲུ་གུ་སྐྱེ་བའི་དབང་ཆ་ཡོད་ལ། ཕྲུ་གུ་མི་སྐྱེ་བའི་དབང་ཆ་ཡང་ཡོད། །
<ལྷ་མོས་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།>

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1