ཉིན་ཐོ།

གཅན་ཆེད་འབར། [མངའ་རིས] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


ཞོགས་པར་སད་སྔ་བའམ་སད་འཕྱིས་པ།
གང་ཡིན་མ་ངེས་མོད།
རྒྱུ་མཚན་ཞིག་གིས་བསྐུལ་པས།
ངས་འཕྲིན་ཕྲན་ལ་བལྟས།
ང་བདེ་འཇགས་ངང་སླེབས་ཡོད།
གཟིམ་ས་བདེ་ཞེས་ནམ་གུང་ལ་སྤྲིངས་པའི།
སྐད་འཕྲིན་ཞིག་འབྱོར།
སླར་ཡང་གཉིད་ཟ་ཟི་ཞིག་གིས་ཡོངས་སུ་བཏུམས།
རྨི་ལམ་བན་བུན་ཞིག་ལས།
སྐྲག་མ་སྔངས་ཀྱིས་སད།
ཞིབ་ཏུ་འདང་བརྒྱབ་པ་ན།
ངའི་མཛེས་དཔྱོད་ལྟ་ཚུལ་ལ་འགྱུར་བ་ཐེབས་མི་འདུག
སྔར་བཞིན་གངས་རི་ལ་དགའ་འདུག
རྩྭ་ཐང་ལ་དགའ་འདུག
ཆུ་བོ་ལ་དགའ་འདུག
སྤྲིན་དཀར་ལ་དགའ་འདུག
ཨ་སྔོན་ལ་དགའ་འདུག
ད་དུང་། མི་ཕོ་སྨུག་ནག་གེ་པ་དེར་ཡང་།


ངས་རང་ལ་རྟིང་སྐུལ་བྱས།

གཞན་ཇི་ལྟར་འགྱུར་ཡང་ཁྱོད་འགྱུར་མི་རུང་ལ།
གཞན་ལ་དད་མོས་མེད་ཀྱང་ཁྱོད་ལ་མེད་མི་རུང་།


མལ་ལས་ལངས།

ལ་འུར་གྱིས་རྒྱུགས་རར་ཕྱིན།
ལས་གྲོགས་ཀྱིས།
ཕྱིར་སོང་ནས་ངོ་གདོང་ཁྲུས་ཤིག་ཟེར།
ང་ཕྱིར་ཡོང་ནས།
སྐྲ་དང་ངོ་གདོང་གཙང་མར་བཀྲུས།
ངའི་ཚབ་ལ་ངས།
གྲོགས་པོ་ཞིག་རྒྱུགས་རར་བལྟ་རུ་མངགས།
ང་རང་ཉིད་ཀྱིས་མེ་ལོང་ལ།
ཡང་ལྟ་བསྐྱར་ལྟ་བྱས།
འོན་ཏེ། ཡིད་སེམས་ཀྱི་གཙང་བཙོག
མཐོང་མ་སོང་བས་སེམས་པ་བདེ་ལ་བབས།
གཞན་གྱིས་ཀྱང་མཐོང་མི་སྲིད་སྙམ།
དེ་བས་ཀྱང་། ད་བར།
ཡིད་སེམས་དྲང་བོར་གཞན་ལ་བསྟན་ན།
གླེན་པ་དང་སྨྱོན་པའི་མིང་བཏགས་ཡོང་བས།
བློ་བདེ་ཞིང་བག་ཕེབས་པར་གྱུར།


རྒྱུགས་རར་འགྲོ་སྐབས།

གནམ་གཤིས་ཡག་རྒྱུ་མི་འདུག
འཐོར་རླུང་ཞིག་ལྡང་ལོས་འོང་སྙམ།
ད་ལྟ། ང་ཁང་བའི་ཕྱི་རོལ་ཏུ་ཐོན་པ་ན།
རླུང་བུ་ལྡང་མགོ་བརྩམས་སོང་།
ང་ཐད་ཀར། གཞུང་ལས་ཁང་དུ་ཕྱིན།
ལག་ཁུག་ལས་གོ་རེ་ཕྱིར་བཏོན།
ལས་གྲོགས་སྐོར་ཞིག་ལ་གོ་རེ་ཏི་ག་རེ་བྱིན།
ཆུ་ཁོལ་དང་མཉམ་དུ་བསྒྲེས་ཏེ་ཟོས།
གོ་རེ་ཟ་བཞིན་པའི་མི་ནི།
ཅི་འདྲའི་སྐྱིད་པ་ལ་ཨང་ཞེས་དབང་མེད་དུ་ཐལ།
ཞོར་དུ། གོ་རེ་བཞིན་དུམ་བུར་བཏང་ཡོད་པའི།
ས་ཁྲ་དེ་མིག་ལ་ཡང་ཡང་ཐོགས།


རླུང་བུ་ཆེ་རུ་གྱུར།

དེ་ནི་ཉིན་གུང་གི་སྐབས་རེད།
ལས་གྲོགས་ཤིག་གིས་ལྟོས་དང་ཟེར།
ཅིག་བལྟས་ཙ་ན།
ས་བྱེ་མཉམ་དུ་མཁའ་ལ་འཚུབས་ཤིང་།
ཡུལ་གྱི་བཀོད་པ་མཐའ་དག་ཡོངས་སུ་གཏིབས་འདུག
དོག་མོ་ས་འདི་ཡང་དྲུངས་ནས་བཀོག་སྟེ་འཁུར་ལོས་འགྲོ་སྙམ།
སྤམ་མཐོ་བ་དང་གཟི་བརྗིད་ལྡན་པ་དག་གི
རྩེ་མོའང་གཏུབས་ཏེ་ལེབ་ལེབ་ཅིག་ཏུ་བཏང་ལོས་ཡོད་སྙམ།
མ་མཐར་ཡང་། ལུག་རྫི་རླུང་ཚུབ་ཀྱིས་བདས།
ལུག་ཁྱུ་ཕྱོགས་ཕྱོགས་སུ་ཐོར་ལོས་ཡོད་སྙམ།
ས་རྡུལ་གཏན་དུ་འཇགས།
རླུང་བུ་སྔར་བཞིན་ཆེ།
མིག་ཟུང་རྒྱང་ལ་བསྲིངས་པ་ན།
ས་བཀོག་སྟེ་ཁུར་མི་འདུག
གངས་རིའི་རྩེ་ཡང་སྔར་ལྟར་རེད།
གཟི་བརྗིད་ལྡན་པ་དང་སྤམ་མཐོ་བ་དག
མཐོང་ཡུལ་དུ་མ་གྱུར།
སེམས་ལ། ལྷ་སྒྲུང་ཁྲོད་ཀྱི་རྫུ་འཕྲུལ་ལྟར།
མཁོ་བ་མཐའ་དག་ས་བྱེའི་ཁྲོད་ནས།
སྦས་ཤིང་བཅབས་ཏེ་ཁུར་སོང་བར་ལ་ཐང་མེད།
ངས། དྲག་རླུང་ལྟས་ངན་འདི་ཞེས་དམོད་ཞོར།
གསོལ་བ་སྨོན་ལམ་རེ་བཏབ།
ང་ཚོས་ཅི་ཡིན་ཡང་སྨོན་ལམ་གདབ་རྒྱུ་བསྐྱུར་མི་རུང་སྙམ།


དུས་ཚོད་བཞི་ཡས་མས་སུ།

ནུབ་ཀྱི་མཁའ་མཐའ་ན།
སྤྲིན་པ་ཐགས་སུ་བྲེས་འདུག
རི་ཚོགས་ལ་སྨུག་པ་སྲབ་བུ་ཞིག་དཀྲིས་འདུག
བལྟས་ཚོད་ལ། ཁངས་འབབ་ཀྱིན་པ་འདྲ།
མི་འགྱང་བར་རྫོང་མཁར་འདི་ལའང་།
ཁངས་དབབ་རྒྱུ་ལོས་ཡིན་སྙམ།
ཁངས་བརྗེད་ནས་ཡུན་རིང་བོ་འགོར་བའི་མི་འདི་དག་ལ།
དྲན་གསོ་རེ་མ་གནང་ན།
ཕ་ཡུལ་ཞེ་ལ་ཐོགས་མི་འོང་སྙམ།
གངས་འདབས་སུ་སྐྱེས་ཤིང་།
གངས་འདབས་སུ་ལྡོག་དགོས་པའི་ཞལ་ཆེམས་དེ།
དྲན་མི་འོང་སྙམ།
ད་དུང་། གཙང་དག་ཡང་དག་གི་རང་ཉིད་དྲན་མི་འོང་སྙམ།
འོན་ཏེ། མགོ་བོ་བཀྱགས་ནས་ལྟ་དུས།
ཤར་མཐའ་སྔོ་བསང་ངེར་འདུག་པས།
ད་ནི་རང་སེམས་ཁོ་ཐག་ཆད་སོང་།
ད་ནི་འཇིགས་སྐྲག་གིས་སྦོས་ཡོང་།
ཁངས་མ་བབས་ན་དྲན་པའི་རྟེན་དུ་ཅི་ཞིག་ཉར།
ང་ཚོས། དྲན་པའི་རྟེན་དུ་ཅི་ཡང་མ་ཉར་བར་ཡུན་རིང་འགོར་སོང་།
ང་ཚོས། གངས་དང་འབྲེལ་བའི་ཐ་སྙད་དག་བསྙེལ་ནས་རེ་ཞིག་འགོར་སོང་།


རླུང་བུ་འུར་འུར་ལྡང་།

ཉི་འོད་བག་ཙམ་འཕྲོ།
གྲང་ངར་རུས་པར་ཟུག
འོན་ཏེ། ང་གྲང་མི་སྲིད་དེ།
དྲོད་ཁང་དུ་བསྡད་ཡོད་ཅིང་།
དྲོད་ཁང་དུ་བསྡད་དེ་ཉིན་ཐོ་འདི་བྲིས་པ་ཡིན།
ཕྱི་རོལ་ཏུ་སླར་ཡང་ས་རྡུལ་འཚུབས་སོང་།
ས་རྡུལ་དྲག་ཏུ་འཚུབས་སོང་།
ངའི་རྟ་ཁྱུ། ངའི་ལུག་ཁྱུ།
ངའི་རི་ལུང་ཐང་གསུམ།
ངའི་རྫི་པོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1