ལས་ཀྱི་རི་མོ།

འཆི་མེད། [རྨ་ལྷོ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


(ཞར་བཀོད་གཅིག)


གྱང་ལ་བྲིས་པའི་རི་མོ་ཆུ་ཡིས་བརླན་ཡོང་།།

རྡོ་ལ་བྲིས་པའི་རི་མོ་སེར་གས་བཅད་ཡོང་།།
གནམ་ལ་བྲིས་པ་ཤུལ་མེད་རླུང་ལ་ཐིམ་འགྲོ།།
ཇི་ལྟར་བསམས་ཀྱང་ལས་ཀྱི་རི་མོ་སྡོད་དཀའ།།
གཞོན་ནུའི་སེམས་རྩ་སྙི་བ་ལང་ཚོའི་ཆོས་ཉིད།།
ཆོས་ཉིད་བཅོས་སུ་མེད་པ་ལས་ཀྱི་ངོ་བོ།།
ངོ་བོ་དེ་ག་རང་སེམས་རང་གིས་རྙེད་དེ།།
ཕར་ཚུར་ལེ་ལན་འདེད་པའི་བསྐང་ར་མེད་ན།།
སྟོན་གྱི་བ་མོ་བདའ་བའི་བྱང་རླུང་སྨྱོན་པ།།
གདུག་རྩུབ་སྲོག་ལ་རྒོལ་བའི་རི་མོའི་ལས་དབང་།།
གྱ་གྱུ་སེམས་ཀྱིས་མི་ནོན་མྱ་ངན་གདངས་དབྱངས།།
ལན་ཅིག་ཤོར་པས་ཚེ་གཅིག་བརྗེད་པ་མི་སྲིད།།
ཁ་ནས་མ་བོས་སྙིང་ནས་སྨོན་པའི་རི་མོ།།
བྲང་གི་དཀྱིལ་ལ་བྲིས་པའི་ཉི་མ་དེ་ག །
ལོ་གསུམ་སྟག་གི་ཟླ་བའི་ཚེས་གཅིག་ཡིན་སོང་།།
ཚེས་གྲངས་མ་བརྗེད་ད་དུང་ཡིད་ལ་བཟུང་ཡོད།།
ལས་སྣང་མ་དག་འཇིག་རྟེན་འཁོར་བའི་ཀློང་ནས།།
ལས་ཀྱི་རི་མོ་སྣ་ཚོགས་ག་ཚོད་བྲིས་ཀྱང་།།
ཐོད་པའི་བསྐོས་ཐང་འདི་ལ་བཟློག་ཐབས་མ་མཆིས།།
སྔར་བཞིན་རི་མོར་བྲིས་པའི་འཇའ་ལ་བསྒུག་འདོད།།
ཁྱེད་ཀྱིས་གང་བསྐོས་རང་གི་སྡུག་བསྔལ་ཡིན་ཡང་།།
བདེ་བའི་དྲོད་ཐིག་ཙམ་ལ་རེ་ནས་བསྡད་ཡོད།།
ཁྱེད་ཀྱི་གདུག་རྩུབ་ང་ཡི་བདེ་སྐྱིད་ཡིན་ན།།
བརྩེ་བའི་དྲོད་ལན་ཙམ་ཞིག་གནང་ན་ཨེ་ཆོག །
ས་ཐག་ཁ་ཐག་རི་དང་གཙང་བོས་བཅད་ཀྱང།།
སེམས་ཀྱི་སྣང་བ་འཁོར་ས་ཁྱེད་ལས་མི་འདུག །
ཁྱེད་ཉིད་གད་མོ་ལན་གཅིག་དགོད་པ་གནང་དང་།།
ང་ལ་དེ་ལས་བདེ་སྐྱིད་གཞན་ཞིག་མི་འདུག །
ཁྱེད་ནི་ག་ཤེད་གྲོང་དང་གྲོང་ཁྱེར་ཉུལ་ཏེ།།
ང་ལ་ཞལ་པར་ཙམ་ཡང་བརྒྱག་འདོད་མེད་ཀྱང་།།
ལས་ཀྱི་རི་མོའི་སྣ་ཐག་ཁྱེད་ལ་ཕུལ་པའི།།
ང་ཡི་མིག་མཐའི་མཆི་མ་སྐེམ་ཐབས་མ་མཆིས།།
ཁྱེད་ལ་འདྲིས་པ་སྔོན་གྱི་ལེ་ལན་ཡིན་འདུག །
ཉིན་མཚན་ཀུན་ཏུ་སྙིང་ལ་བསྙབ་མཚམས་མི་འཇོག །
ནམ་ཞིག་ང་ལ་གསོན་པའི་སྟོབས་ཤུགས་རྒྱས་ན།།
འཁོར་བའི་ཞེ་རྩིས་བཅུད་ཀྱིས་ལུས་སེམས་གསོ་འདོད།།
ས་སྟོང་ཡུལ་གྱི་རི་དང་ཆུ་བོའི་མཐའ་ནས།།
ལྷད་མེད་སེམས་ཀྱིས་བཟི་བའི་སྣང་བར་རོལ་ཏེ།།
ཁྱེད་ཀྱིས་ཁོ་མོ་པང་དུ་ལན་ཅིག་བསྡམས་ན།།
མི་ཚེ་དེ་གར་ཤི་ཡང་ཕྱི་འགྱོད་མི་སྲིད།།
ཚིག་འདི་བྲིས་ཏེ་སྙིང་གི་ནང་སྙིང་བཏོན་ཡོད།།
སྙན་ངག་ཟེར་དང་མི་ཟེར་ཁྱད་པར་མི་འདུག །
ཡ་ཆུང་བྲང་ལ་འཁྱིལ་བའི་ཟུངས་ཁྲག་ཁྱོར་གང་།།
མ་བཟོད་ཤུགས་ཀྱིས་ཁྱེད་ཀྱི་མདུན་ལ་མཆོད་དོ།།


ལས་ཀྱི་རླུང་བུ།


ལས་ཀྱི་རླུང་བུ་ལྷོ་མཐའི་སྤྲིན་པ་དང་འདྲ་ལེ།།

སྣང་བའི་མེ་ཏོག་བརྩེགས་མའི་མཛེས་ཉམས་ཀྱིས་སྤྲོ་བའི།།
རྔ་གཞོང་ཕྱུག་མོའི་ཡུལ་ཁམས་ཉུག་རྒྱུ་ཙམ་བྱུང་འདིས།།
ཞག་མལ་ཞེན་ཆགས་སྐྱེས་པ་ལས་འཕྲོ་ཙམ་ཡིན་སོང་།།
གངས་རིའི་རྩེ་མོ་འདི་ནི་ང་ཉིད་ཀྱི་སྐྱེས་ཁྱིམ།།
ཆགས་སྡང་འཁོར་བ་འདི་ནི་རང་ཉིད་ཀྱི་ལོག་མལ།།
སྤང་ལྗོངས་ཡངས་པའི་ཁམས་ཀྱི་འཇིག་རྟེན་ལ་བལྟས་ཏེ།།
ཚོར་སྣང་མ་ཁོགས་ངུ་དགོད་རེས་མོས་སུ་འཚང་འོང་།།
གསང་བ་མོད་པའི་རི་མཐོ་མཚོ་མང་གི་ས་ནས།།
ལན་ཅིག་ལུས་རྟེན་འདི་ཡི་གོ་སྐབས་ཙམ་བྱུང་བས།།
དབྱངས་གསལ་སོ་བཞི་མི་འཐོར་ཨ་ལོང་དུ་སྦྲེལ་ཏེ།།
ཚིག་གསུམ་ཚིག་གིས་རང་སེམས་ཁ་དོག་དེ་བསྟན་ཡོད།།
བདེ་དང་མི་བདེ་མ་འདྲི་རང་སེམས་ལ་བྲིས་ཚར།།
ཐོབ་དང་མ་ཐོབ་མ་ཤེས་མི་ཡུལ་གྱི་བརྩེ་བ།།
མི་ཚེ་མཐའ་ནས་འབྲི་བའི་དེ་རིང་གི་དུས་སུ།།
བརྩེ་སེམས་མར་ལོ་སྙི་མོར་འཁང་ར་ཅང་མི་འདུག །
སེམས་འདི་ཕ་མཐའ་ཡས་པས་སེམས་པ་ཡིས་ཟིན་དཀའ།།
ཡོད་ཡོད་འདྲ་བའི་ཡུན་རིང་རེ་སྒུག་དེ་བསམས་ནས།།
སྟོང་བ་མཐའ་དབུས་མེད་པའི་སྣང་བ་ལ་བཅིབས་ཏེ།།
རྒྱང་རིང་ཡུལ་ལ་ཆས་རྒྱུ་བྱུང་ན་རང་དགའ་བ།།
ད་ནི་དབྱར་གྱི་ལང་ཚོ་སྙིང་ཁ་རུ་འཛུམ་དུས།།
འགྱོད་མེད་ཞེ་རྩ་དྲོ་བའི་སྨྱུག་ཆུང་འདི་བླངས་ནས།།
གོམས་པའི་གཞས་ཆུང་སེམས་ཀྱི་མེ་ལོང་ནས་གྱེར་ཏེ།།
ལན་ཅིག་ཐོན་པ་འདི་ཡིས་སྐོམ་སེལ་རེ་གནང་རོགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1