ང་དང་སྒྲོན་མེའི་གཏམ་རྒྱུད།

གངས་ཕྲུག [མཚོ་ཤར] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


(ཞར་བཀོད་གཅིག)


དངུལ་དཀར་ཟླ་བ་བུ་མོའི་འཛུམ་པ་ལ་མྱོང་ཕྱིར།།

སྲེད་ལྡན་སྐར་ཚོམ་དུ་མ་མཁའ་དབྱིངས་སུ་འཁོར་ཚེ།།
རི་སུལ་ལྕུག་མས་བསླེས་པའི་སྤྱིལ་ཆུང་གི་ཕུགས་སུ།།
ང་དང་སྒྲོན་མེ་མཇལ་བའི་དུས་ཆད་དེ་ཟིན་ཡོང་།།
ཤོག་འཇམ་གཅལ་དུ་བདལ་པའི་གར་སྟེགས་སུ་འགྲེང་སྟེ།།
ཆར་སྤྲིན་གློག་ལས་སྐྱེན་པའི་སྨྱུག་ནང་གི་སྦས་དོན།།
སྡེབ་ལེགས་ཚིག་གི་འཕང་འགྲོའི་རྒྱུད་སྐུད་ལ་འདྲེན་པ།།
ངག་རིག་གཞས་པ་རང་གི་དཔྱ་ཁྲལ་དུ་རློམ་ཡོད།།
སྒྲོན་མེས་བརྩེ་འཛུམ་མཉེན་མོས་བདག་ཉིད་ལ་འཁྱུད་ཅིང་།།
ང་ཡིས་སྒྲོན་མེའི་པང་ལ་མགོ་བོ་རང་གླན་ནས།།
དུས་བཞིའི་མཚན་ཞག་སྟོང་གི་བཞུད་འགྲོས་ཀྱི་ཤུལ་དུ།།
སེམས་ཀྱི་སྐྱ་ཐིག་ལག་པའི་ཚོན་མདངས་ཀྱིས་འགྲུབ་འདོད།།
སྒྲོན་མེས་མུན་པའི་རུ་དཔུང་ཞི་དབྱིངས་སུ་བསྐྲད་ཅིང་།།
ང་ཡིས་སྒྲོན་མེའི་འོད་ཀྱི་ཐབས་ཇུས་ལ་བསླབས་ཏེ།།
སྐལ་མཉམ་སྙིང་ལ་རུབ་པའི་སྨག་རུམ་གྱི་སྟེང་ལ།།
བླང་དོར་ཚ་ཚ་འཕྲོ་བའི་འགད་རྡེའུ་ཞིག་འཕེན་འདོད།།
སྒྲོན་མེས་ཞལ་རས་ཡོལ་བ་རིས་མེད་དུ་གྲོལ་ཅིང་།།
ང་ཡིས་སྒྲོན་མེའི་གཟུར་གནས་བརྩེ་བ་ལ་འཇུས་ཏེ།།
ཁྱོད་ཤི་ང་འདུག་མེད་པ་ཚོགས་དྲུག་གི་སེམས་འདིས།།
ཁོར་ཡུག་གྲོགས་སུ་གོ་བའི་མི་ཚེ་ཞིག་བསྐྱལ་འདོད།།
སྒྲོན་མེས་རང་ཉིད་ཡག་བཙོག་རྗེན་ནེ་བར་སྨྲ་ཞིང་།།
ང་ཡིས་སྒྲོན་མེའི་གཤིས་རྒྱུད་དྲང་མོ་དེ་མཐོང་བས།།
བཟང་སྟོན་ངན་འགེབས་བྱེད་པའི་གཡོ་འཕྲུལ་ལ་བྱོལ་ཏེ།།
མངོན་ལྐོག་གཉིས་མེད་མི་གཞི་གཙང་མ་ཞིག་བཟོ་འདོད།།
སྒྲོན་མེས་འོད་ལ་འོད་ཀྱི་སྣོན་པ་རང་འདེབས་ཤིང་།།
ང་ཡིས་སྒྲོན་མེའི་བརྩོན་པ་མིག་དཔེ་རུ་བཏུས་ནས།།
ཤ་ཟད་རུས་ལ་ཐུག་པའི་དཀའ་ཐུབ་ཀྱི་ཆོ་གས།།
རྒྱ་ཆེན་གཙུག་ལག་བྱེ་བའི་རང་ཞལ་ཞིག་མཇལ་འདོད།།
སྒྲོན་མེས་མཐའ་ཡི་མུ་ཁྱུད་ཡངས་པོ་རུ་བསྐོར་ཅིང་།།
ང་ཡིས་སྒྲོན་མེའི་མིག་རྒྱང་བདག་གི་བར་བགྱིས་ནས།།
མགོ་བོའི་དབང་རྩ་ན་བའི་བསམ་གཞིག་གི་མདའ་མོས།།
ལྷུན་པོ་ཧི་མ་ལ་ཡར་ཕྲག་ལམ་ཞིག་བཏོད་འདོད།།
སྒྲོན་མེས་བསིལ་བའི་གྲང་རྡུལ་ཟེར་ཕྱགས་ཀྱིས་འབོ་ཞིང་།།
ང་ཡིས་སྒྲོན་མེའི་འོད་ལ་ཡུན་རིང་དུ་ལྡེས་པས།།
སུ་དང་གང་ལ་འགྲོ་འདུག་ལྷན་ཅིག་ཏུ་བྱས་ཀྱང་།།
མི་སེམས་འཁྱག་པ་མེད་པའི་དྲོད་ཁོལ་ཞིག་སྦྱིན་འདོད།།
སྒྲོན་མེས་ཚེ་སྲོག་སྡོང་བུ་གཞན་དོན་དུ་བསྔོ་ཞིང་།།
ང་ཡིས་སྒྲོན་མེའི་གོང་བུ་སེམས་དཔའ་རུ་སྣང་བས།།
ས་ལ་གནས་པའི་སེམས་ཅན་གྲངས་མེད་ཀྱི་སླད་དུ།།
རང་གི་གཅེས་དགུ་གཏོང་བའི་ལམ་བུ་ཞིག་འཚོལ་འདོད།།
སྒྲོན་མེས་མེ་ལྕེའི་རྩེ་མོ་ངེས་མེད་དུ་བསྒྱུར་ཅིང་།།
ང་ཡིས་སྒྲོན་མེའི་སྙན་ཚིག་རྣམ་འགྱུར་གྱིས་བཀླགས་པས།།
མནལ་བར་མ་བྱས་ཁྱམས་ཁའི་བྱིའུ་ཆུང་དེ་གྲག་ཀྱང་།།
མཚན་ལྗོངས་རིང་མོ་ཉུག་པས་དཀའ་འོ་ཞིག་མ་འདོད།།
སྒྲོན་མེས་ཟུངས་ལ་བཞིབས་ཏེ་ལམ་ལམ་གྱིས་འཕྱོ་ཞིང་།།
ང་ཡིས་སྒྲོན་མེའི་སྙིང་རུས་རང་ཁོང་དུ་བརྡབས་ནས།།
ཕྱི་ནང་འཇིག་རྟེན་སྒྲིབ་པའི་མུན་ནག་གི་གཡུལ་ངོར།།
ང་དང་སྒྲོན་མེ་བཞེང་བའི་གཡར་དམ་ཞིག་བཅའ་འདོད།།


ཉི་ནུབ་ཀྱི་ཤིང་གྲུ།


སྐྱེལ་ཐུང་མཆི་མའི་མུ་ཏིག་བྲུལ་ཤུལ་དུ།།

ལྡེབས་ངོས་རི་མོར་གཡོ་འགུལ་མ་མཆིས་མོད།།
ནུབ་ཁའི་ཉི་ཟེར་ཀློང་གི་ཤིང་གྲུ་དེ།།
རྒྱང་རིང་རི་ཆུའི་མཚམས་སུ་ཡལ་བར་དོགས།།
གྱེས་གདུང་ཨམ་གཙིགས་བསྡམས་པའི་ཕྱི་དུས་དེར།།
ཞིང་གྲོང་ལམ་བུར་བཞུད་པའི་ཐོ་ཡོར་ཆུང།།
ད་དུང་དགོང་གའི་མཚམས་སྤྲིན་ལྷུང་བའི་སར།།
འདྲ་འབྲེལ་དངོས་གཟུགས་བརྒྱ་ཡིས་ཕྱིར་དྲན་སློང་།།
བདག་ལུས་ཀྲོང་ངེར་འགྲེང་བའི་ལྗོན་རྩེ་ནས།།
མིག་ཟུང་སྐྱ་ཀས་ཡུན་རིང་རྗེས་བདས་ཀྱང་།།
ཆུ་ལ་བསམ་བཞིན་གྲུ་ཁེམ་བསྣུན་པ་ལྟར།།
རབ་རིབ་གྲིབ་སོ་ཆེ་ནས་ཆུང་ངུར་གྱུར།།
རྩི་ཤིང་འདབ་ལོ་རླུང་བུས་མི་སྐྱོད་ཅིང་།།
གཙང་བོ་གྱ་གྱུར་འབབ་པའི་རང་སྒྲ་འཇགས།།
བྱ་ཁྱུའི་འཕུར་ལྡིང་ལྷོད་པའི་བརྙན་ལྗོངས་འདིའི།།
ཡང་སྙིང་ཡོད་དགུ་ཁྱོད་ཕྱིར་འབྲང་ངམ་ཅི།།
བོས་པའི་སྐད་ལ་ལྡོན་པའི་ལན་མེད་ཅིང་།།
སོང་བའི་བཤུལ་ལ་རྡོག་པའི་རྗེས་མི་མཐོང་།།
ཀུན་ལས་འཁྲིས་སུ་དེད་པའི་རྩིག་དྲུང་ན།།
ང་ནི་སྲིད་པ་བར་མའི་སེམས་ཅན་བཞིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1