༄༅།། རྫུན་པ་ཉི་ཤུའི་གཏམ་སྦྱོར་ཞེས་བྱ་བ་བཞུགས་སོ།།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས།


བླ་མ་མཁྱེན་མཁྱེན།
སྙིགས་དུས་སེམས་ཅན་སྙིང་རེ་རྗེ།།
བླ་མར་དད་པ་མེད་བཞིན་དུ།།
བསྟོད་བཀུར་བྱེད་པ་རྫུན་དུ་གདའ།།
ལུས་རྟེན་ཆུད་ཟོས་བྱེད་བཞིན་དུ།།
འཆི་བར་སྐྲག་པ་རྫུན་དུ་གདའ།།
སྙིང་ནས་སྐྱབས་འགྲོ་མི་བྱེད་པར།།
ནང་བ་བྱེད་པ་རྫུན་དུ་གདའ།།
ལས་འབྲས་རགས་པ་མི་འཛེམ་པར།།
དགེ་བ་བྱེད་པ་རྫུན་དུ་གདའ།།
ཚེ་འདིའི་བདེ་ལ་ཆགས་བཞིན་དུ།།
དབེན་པར་སྡོད་པ་རྫུན་དུ་གདའ།།
འདོད་པ་ལྷག་པར་འཕེལ་བཞིན་དུ།།
ངེས་འབྱུང་སྐྱེ་བ་རྫུན་དུ་གདའ།།
སྡིག་བྱས་འགྱོད་པ་མི་བྱེད་པར།།
བཤགས་པ་བྱེད་པ་རྫུན་དུ་གདའ།།
ཕྱིན་ཆད་སྡོམ་སེམས་མི་བྱེད་པར།།
སྡིག་པ་འདག་པ་རྫུན་དུ་གདའ།།
སེམས་ཀྱིས་སེར་སྣ་བྱེད་བཞིན་དུ།།
སྦྱིན་པ་གཏོང་བ་རྫུན་དུ་གདའ།།
ཉེས་ལྟུང་ངོས་འཛིན་མི་ཤེས་བཞིན།།
ཚུལ་ཁྲིམས་སྲུང་བ་རྫུན་དུ་གདའ།།
རང་ལ་གཅེས་འཛིན་བྱེད་བཞིན་དུ།།
བཟོད་པ་སྒོམ་པ་རྫུན་དུ་གདའ།།
དོན་མེད་གཡེང་བ་བྱེད་བཞིན་དུ།།
བརྩོན་འགྲུས་བྱེད་པ་རྫུན་དུ་གདའ།།
ལུས་སེམས་ཅུང་ཟད་མི་བརྟན་པར།།
བསམ་གཏན་སྒོམ་པ་རྫུན་དུ་གདའ།།
མི་ཉན་བརྗེད་ངས་མཆིས་བཞིན་དུ།།
གྲོས་པ་བྱེད་པ་རྫུན་དུ་གདའ།།
གྲོས་དོན་བསམ་པ་མི་བྱེད་པར།།
ཤེས་རབ་ཆེ་རློམ་རྫུན་དུ་གདའ།།
བཀའ་ལ་ཡིད་ཆེས་མེད་བཞིན་དུ།།
བསྟན་པ་འཛིན་པ་རྫུན་དུ་གདའ།།
རང་དོན་འཁྲི་བ་མ་ཆོད་པར།།
གཞན་དོན་སྒྲུབ་པ་རྫུན་དུ་གདའ།།
རྟོགས་པ་རྒྱུད་ལ་མ་སྐྱེས་པར།།
གྲུབ་རྟགས་སྟོན་པ་རྫུན་དུ་གདའ།།
ཉོན་མོངས་མངོན་དུ་འགྱུར་བཞིན་དུ།།
ཐམས་ཅད་མཁྱེན་པ་རྫུན་དུ་གདའ།།
ཅི་གསུང་བཀའ་ལ་མི་ཉན་པར།།
ལགས་སོ་ཟེར་བ་རྫུན་དུ་གདའ།།
རྫུན་པ་ཉི་ཤུའི་གཏམ་སྦྱོར་འདི།།
རྫུན་པའི་དོན་ལ་ཆེས་མཁས་པའི།།
རྫུན་དོན་རྟོགས་པའི་བླ་གཟུགས་ཀྱིས།།
རྫུན་ཚིག་འདི་དག་བྲིས་པ་དགེ།
མཆན་འགྲེལ།

※ རྩོམ་ཡིག་འདི་ནི་སྐུ་འབུམ་བྱམས་པ་གླིང་གི་གསེར་ཏོག་སྒར་བར་བཞུགས་པའི་དཔར་སྣ་ཐུང་ཞིག་ལས་ཁོལ་དུ་ཕྱུང་།


མཛད་པ་པོ་མཚམས་སྦྱོར་ཞུས་པ་མདོར་བསྡུས།
ཞོ་བཟང་དགེ་འདུན་ཚུལ་ཁྲིམས། [མཚོ་བྱང]

        སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་ཤིང་བྱ(སྤྱི་ལོ1825)ལོར་ཤར་རྨ་རྒྱལ་སྦོམ་ར་དང་ཁད་ཉེ་བའི་སར་ཡབ་ཇ་སག་མགོན་པོ་རྡོ་རྗེ་དང་། ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་པ་མེ་ཕག(སྤྱི་ལོ1827)ལོར་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡབ་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོས་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་གནང་ཞིང་། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མས་ཡང་བསྐྱར་སྤྲུལ་སྐུ་འཁྲུལ་མེད་ཀྱི་ངོ་ཤར་བས། གཙང་སྦྲ་གལ་ཆེ་ཚུལ་གྱི་བཀའ་ཤོག་བསྩལ། དགུང་ལོ་བདུན་པ་ལྕགས་ཡོས(སྤྱི་ལོོ1831)ལོར་འདུལ་འཛིན་ཆེན་པོ་ཨ་རིག་ཁྲི་རིན་པོ་ཆེ་བྱམས་པ་འཕྲིན་ལས་རབ་རྒྱས་དཔལ་བཟང་བོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ཞེས་གསོལ་ཞིང་། དེའི་ཕྱི་ལོར་ཆོས་གྲྭ་ཆེན་པོ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་སེན་གྱི་པདྨོ་བཀོད།
        དགུང་ལོ་བཅུ་གཅིག་པ་ཤིང་ལུག(སྤྱི་ལོོ1835)ལོར་སྐྱབས་རྗེ་གསེར་ཁང་པ་ཆེན་པོ་ལས་ཐོག་མར་སྲད་རྒྱུད་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བདེ་མཆོག་གི་དབང་སོགས་གསན་པ་དང་། གཟུངས་རུལ་མཁན་པོ་འཇམ་དབྱངས་ཤེས་རབ་དང་བཤེས་གཉེན་ཆེན་པོ་ཀུན་སྤངས་པ་བློ་གྲོས་རབ་ཡངས་གཉིས་ཡོངས་འཛིན་དུ་བསྟེན་ནས་བསེ་བསྡུས་མཛུབ་ཁྲིད་ཞིབ་རྒྱས་དང་གཞུང་ཚན་སོ་སོར་དཔེ་ཁྲིད་ཞུས། སྐྱབས་རྗེ་གསེར་ཁང་པ་ཆེན་པོས་དགུང་ལོ་ཉེར་ལྔའི་བར་དུ་གྲོང་ཆོག་ལ་མ་ཕེབས་ན་ལེགས་ཚུལ་གྱི་གསུང་བཀོད་ནན་ཅན་མཛད་པ་ལྟར་སློབ་གཉེར་ཁོ་ནར་འབད། དགུང་ལོ་ཉེར་གཅིག་པ་ཤིང་སྦྲུལ(སྤྱི་ལོ1845)ལོར་རྗེ་བཙུན་པའི་དབུ་མ་ཐུགས་འཛིན་ཐོག་རྣམ་བཤད་དགོངས་པ་རབ་གསལ་དང་། ལྷག་མཐོང་ཆེ་ཆུང་།
        ལེགས་བཤད་སྙིང་བོ་སོགས་ལ་སྦྱངས་པ་གནད་སྨིན་མཛད། དགུང་ལོ་ཉེར་གསུམ་པ་མེ་ལུག(སྤྱི་ལོོ1847)ལོར་སྐྱབས་རྗེ་གསེར་ཁང་པས་མཁན་སློབ་སྦྲགས་མ་དང་། དཔའ་རིས་དགེ་བཤེས་དངོས་གྲུབ་པས་གསང་སྟེ་སྟོན་པའི་སློབ་དཔོན། ཀུན་སྤངས་ཐུབ་མཆོག་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སུམ་ཅུ་པ་ཤིང་སྟག(སྤྱི་ལོོ1854)ལོ་ནས་བཟུང་དབལ་ཤུལ་ཁྲོ་ཁོ་དང་མགོ་ལོག་ཁང་རྒན། མཚོ་སྔོན་པོ་ཨ་རིག རྗེ་སྐུ་འབུམ་དགོན་པ་སོགས་ཀྱིས་གདན་ཞུས་ལྟར་ཕེབས་ནས་ཀུན་རིག་གི་དབང་དང་།
        འཇིགས་མཛད་དུས་དགྲའི་དབང་བོ་ལྷ་བཅུ་གསུམ་མའི་སྟ་གོན་དང་བཅས་པ། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་མང་བོ་བསྩལ། དགུང་ལོ་སོ་བདུན་པ་ལྕགས་བྱ(སྤྱི་ལོ1861)ལོར་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་མཁན་ཁྲིར་བཞུགས་ནས་ལམ་རིམ་ཆེན་མོའི་གཟབ་བཤད་ཆོས་ཐུན་གཅིག་གནང་། དེ་ནས་བཟུང་བརྩི་བཞག་གཏོང་བ་དང་། ཚིག་རྒྱུགས་དང་རྩོད་རྒྱུགས་བཞེས་པ། དམ་བཅར་གཟིགས་རྟོག་མཛད་པ། སྤྱིའི་སྒྲིག་ལམ་ལས་བརྩམས་པའི་བཤད་སྒྲུབ་གླིང་ལ་ཚོགས་གཏམ་ཞིབ་རྒྱས་གནང་བས། སྒྲིག་ལམ་ཉམས་པ་རྣམས་སོར་ཆུད་ཅིང་འཆད་ཉན་ཡར་རྒྱས་སུ་གྱུར། དགུང་ལོ་ང་བརྒྱད་པ་ཆུ་རྟ(སྤྱི་ལོོ1882)ལོར་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ། རྗེ་ཀུན་སྤངས་འཇིགས་མེད་བསམ་གཏན། མཁན་ལས་ཐོགས་པ་ཁྲི་རྒྱ་ནག་པ་མཆོག་སྤྲུལ་སོགས་བླ་སྤྲུལ་བཀའ་རམས་མང་བོས་གཙོས་དོན་གཉེར་བ་མང་བོར་མི་ཏྲ་བརྒྱ་རྩ་དང་རྡོ་རྗེ་ཕྲེང་བའི་དབང་། དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་བསྩལ། གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེར་སྔ་སོར་སྙན་སྒྲོན་ཕུལ་པ་བཞིན་ཆེད་གཉེར་གྱིས་ཕེབས་བྱུང་བར། ཁྲི་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་ཆེ་ཤོས་སྤྲུལ་བའི་སྐུ་སོགས་གསན་མཁན་ཉུང་བསྡུས་དང་ལྷན་ཅིག རྗེ་བཙུན་ཏཱ་ར་ནཱ་ཐས་བསྒྲིགས་པའི་སྒྲུབ་ཐབས་རིན་འབྱུང་ལས་བྱུང་བའི་རྗེས་གནང་སུམ་བརྒྱ་སྐོར་དང་།
        རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་མང་བོ་གསན། དགུང་ལོ་བདུན་ཅུ་པ་ཤིང་རྟ(སྤྱི་ལོོ1894)ལོར་འགྲོ་མགོན་ཀིརྟི་རིན་པོ་ཆེ་རྭ་རྒྱར་ཕེབས་ནས་ཁོང་གི་ཐུགས་འདུན་བཞིན་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྟ་གོན་དང་བཅས་པ་ཕྱག་བཞེས་དང་གསུང་བཤད་ངོ་མཚར་བས་བརྒྱན་པ་བསྩལ། སྐྱབས་མགོན་ཀིརྟི་རིན་པོ་ཆེའི་དྲུང་ནས་བྱང་ཆུབ་ལམ་སྒྲོན་གྱི་གཟབ་བཤད་དང་དགའ་ལྡན་ལྷ་བརྒྱ་མའི་མཆོད་ཆོག་སོགས་བཀའ་རྩོམ་ཁ་ཤས་ཀྱི་ལུང་གསན། མཐར་དགུང་ལོ་དོན་གསུམ་པ་མེ་བྱ(སྤྱི་ལོོ1897)ལོའི་ཟླ11པའི་ཚེས18ཉིན་གཟུགས་སྐུའི་བཀོད་པ་བསྡུས།
ཁོང་གི་གསུང་ལས་སྐྱེས་པའི་སློབ་བུ་ལ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་།
        ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ། ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ། ཨ་ཀྱཱ་བློ་བཟང་བསྟན་པའི་དབང་ཕྱུག་བསོད་ནམས་རྒྱ་མཚོ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ལ་མོ་གསེར་ཁྲི་བློ་བཟང་ཐུབ་བསྟན་རྒྱ་མཚོ། ལ་མོ་ཞབས་དྲུང་དགེ་འདུན་བསྟན་འཛིན་ནོར་བུ། ཤར་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་སོགས་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་མང་དུ་བྱུང་ངོ་།།
        ཁོང་གི་བཀའ་རྩོམ་གྱི་སྐོར་ལའང《བླ་མ་མཆོད་པའི་ཆོ་ག་མདོར་བསྡུས་བསམ་འཕེལ་ནོར་བུའི་དོ་ཤལ》དང་། 《བླ་མ་དང་རྡོ་རྗེ་འཇིགས་བྱེད་དབྱེར་མེད་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ》 《བསྟན་པའི་རྩ་ལག་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་རྣམ་ཐར་མཁས་པའི་མགུལ་རྒྱན་པད་དཀར་ཕྲེང་བ》(སྨད་ཆ)  《སེམས་བསྐྱེད་མཆོད་པའི་འདོན་བསྒྲིགས་དང་ཟིན་ཐོ》 《སྐྱབས་མགོན་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ་ལ་ཆེ་ཤོས་སྐྱེས་མིང་བས་དྲི་བ་ཞུས་པའི་བཀའ་ལན》 《འཛམ་གླིང་གནས་ཆེན་ཀུན་གྱི་ཕུལ་བྱུང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་རི་བོ་རྩེ་ལྔ་དང་གཉིས་སུ་མེད་པའི་བྲག་དགོན་མཆོག་དགའ་གླིང་གི་ལོ་རྒྱུས་དཀར་ཆག་གསལ་བར་བརྗོད་པ》 《ཕྲེང་ཀྲྀ་ཆུ་བོ་གཉིས་འདྲེས་ཀྱི་དབང་གི་བརྒྱུད་འདེབས》 《འཇམ་དབྱངས་ནག་པོའི་བསྒོམ་བཟླས》 《གསོ་སྦྱོང་གི་ལག་ལེན་འཁྲུལ་མེད་ཁུངས་དག》 《དམ་པའི་རྗེས་འཛིན་གྱི་གསོལ་འདེབས་སྨོན་ཚིག》སོགས་མང་བོ་མཛད་མོད། ཡིད་ཕངས་པ་ཞིག་ལ་གཞན་དག་དུས་འགྱུར་གྱི་རྐྱེན་གྱིས་མེ་ལྷའི་ཞལ་དུ་ཐིམ་སོང་ངོ་།།
(2016ལོའི་སྦྲང་ཆར་དེབ་དང་པོ་ལས་བཤུས། )


རྩོམ་ཡིག་རྗེས་མ།
གཟི་ཆུ་མིག་གཉིས་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1