གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

དངོས་གྲུབ་སྒྲོལ་མ་ནས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༩ཚེས་༡༢ཉིན།

༄༅།། དམངས་ཁྲོད་གཞས་གླུ་ཐོར་བུ།


         ——དངོས་གྲུབ་སྒྲོལ་མ་ནས།


༡  གངས་དཀར་པོ་གངས་ཕྱོགས་བཅོ་བརྒྱད།།
གངས་རེ་རེ་བདག་པོ་རེ་རེ།། 
གངས་བདག་པོ་མེད་མཁན་ང་ལ་འཕྲད་ན།།
ང་མི་ཚེ་གངས་ལ་གཤིབ་བསམ་ཡོད།།
༢ རྒྱལ་པོའི་ར་བ་ནང་ལ་རྟ་ཕོ་མི་འཛོམས་དགུ་འཛོམས།།
རྒྱལ་པོའི་བཞོན་རྟ་ལོའི་རྟ་ཕོ་ཅི་ཡང་མེད་འདུག།
རྟ་ཕོ་སིང་སིང་སང་སང་ཁང་སྟོད་ཁང་སྨད་རྒྱུགས་ཡོད།།
ཕ་མས་ཅི་བསམ་མི་ཤེས་ཡར་ཤོག་ཟེར་ཐག་མི་ཆོད།།
༣  ལྷ་སའི་སྐོར་ར་ནང་ལ་ཨ་ཅེ་གོན་པ་ཞན་པ།། 
གོན་པ་ཞན་ནས་མ་བསམ་ཕ་མ་རིགས་བཟང་བུ་སྲིང་།།
ཆུ་བོ་རྒྱུགས་སོང་མ་བསམ་འཛམ་གླིང་ལུས་སོང་མ་བསམ།།
ཆུ་བོ་གཡས་འཁོར་གཡོན་འཁོར་ཟམ་ཆུང་ཞབས་ལ་འཁོར་རོ།།
༤  ང་རོགས་བསམ་པའི་ཆུང་འདྲིས་ཟླ་ཆུ་ཕར་ཁ་ལུས་སོང་།། 
གྲུ་བ་ཁ་དྲོ་ཚེ་རིང་གྲུ་ཆུང་མགྱོགས་མྱུར་གཏང་རོགས།། 
བསམ་བསམ་སྐལ་བཟང་མེ་ཏོག་འཛམ་གླིང་ཆུའི་ཁུར་ཐར།།
མ་བསམ་སྟག་མའི་མེ་ཏོག་རི་མགོ་ཡོངས་ལ་ཤར་བྱུང་།།
༥  ལྕང་མ་ས་ལ་བཙུགས་ཡོད།། 
ལྕང་རྩེ་བྲག་ལས་ཁྱབ་ཡོད།།
གནམ་ལ་བྱ་ཅིག་ལྡིང་བྱུང་།།
ལྕང་མ་མགོ་སྦྲེལ་བྱེད་རོགས།།
༦  མ་གཞི་ཨ་ལོང་དངུལ་རེད།། 
ཕྲ་ཕུད་རིན་ཆེན་གསེར།།
དད་འདོད་ཆེ་ནས་རྡུང་ཡོད།།
དབང་ཐང་ཆེ་ནས་བསྐོན་ཡིན།།
༧  ཨ་ལུང་ཕྲ་གཅིག་མགོ་ལ། །
ཕྲ་གཉིས་བཙུགས་དགོས་བསམ་བྱུང་།།
མ་མཛེས་མི་ཡིས་མཐོང་ན།།
མཛེས་མི་རང་གིས་བཟོ་ཆོག།
༨   ཨ་ལུང་ཁུར་ཤོག་ཁུར་ཤོག།
ཅི་སྐྱོན་མ་རེད་མ་རེད།།
རྗེས་ལ་མི་ཁ་བྱུང་ན།།
ཕུ་ཐུང་ཞབས་ལ་བཀབ་ཆོག།
༩  རི་ཅིག་གཡང་ཅིག་རི་ལ།།
རྟ་ཅིག་རྡོག་རྩ་མ་ཤོར།།
རི་དྭགས་སྣ་མིན་སྣ་ཚོགས།།
གཡང་ཅིག་རི་ལ་འཁོར་ཡོང་།།
༡༠  ཆུ་ཅིག་ཆུ་ཆེན་ཁ་ལ།།
ཇ་ཅིག་འཐུང་།།
ཇ་མ་འཐུང་།།
རྫ་ཁོག་ཆུ་ནང་ཤོར།།
༡༡  བྲག་དཀར་མཛངས་མགོ་ལ།།
སྒོ་ཅིག་བཙུགས།།
སྒོ་མ་ཕྱེ།།
སྒོ་ལུང་གསར་པ་ཡིན།།
༡༢  གངས་རི་དཀར་པའི་འོག་ལ།།
རྫ་ཁོག་ཨ་ཡོད་མ་ཤེས།།
ཆུང་འདྲིས་བྱམས་པ་ཁོག་ནང་།།
བློ་ཀྱོག་ཨ་དྲན་མ་ཤེས།།
༡༣   ཆུང་འདྲིས་རྟ་དཀར་བཞོན་མི།།
བྲག་དཀར་ལ་མོ་རྒྱབ་སོང་།།
ཆུང་འདྲིས་སེམས་པ་ཡོད་ན།།
སྲབ་ཁ་མར་ཅིག་བཀབ་རོགས།།
༡༤  ཆུང་འདྲིས་ང་ལ་སྤྲད་པའི།།
ཨ་ལོང་སྐལ་བཟང་མེ་ཏོག།
ཞོགས་རེ་ལག་རེ་འཁྲུད་དུས།།
ཆུང་འདྲིས་རེ་རེ་དྲན་བྱུང་།།
༡༥ ཤིང་ཅིག་ཡ་མཚན་ཤིང་རེ།།
རྒྱ་ཤོད་སྟར་ཕུང་སྡོང་མོ།།
མེ་ཏོག་བཞད་ས་མ་མཐོང་།།
འབྲས་བུ་གའུ་ཁ་སྤྲད།།
 ༡༦  ཤིང་ཅིག་ཡ་མཚན་ཤིང་རེ།།
དགུན་ཁའི་སོ་བ་སྡོང་མོ།།
མེ་ཏོག་དཀར་དཀར་བཞད་དུས།།
འབྲས་བུ་བྱུ་རུ་མདོག་ཁ།།
༡༧ ཆུ་ཅིག་མི་འཐུང་མི་འཐུང་།།
རྒྱ་གྲོང་རུ་ཆུ་མི་འཐུང་།།
ཆུ་ཅིག་འཐུང་དགོས་བསམ་ན།།
གངས་ཆུ་བསིལ་མ་འཐུང་འགྲོ།།
༡༨  ཤིག་ཅིག་ཨ་ཀྱོག་ཕར་ཀྱོག།
སྐང་པའི་རི་ལ་ཀྱོག་སོང་།།
རྒྱུ་དག་ཞན་པའི་མི་དེ།།
གཡོག་ཤིང་གཡོག་ནས་ཀྱོག་སོང་།།
༡༩  དུད་ཚང་ཕྱུག་པོའི་བུ་ལ།།
ཁམ་ཕུང་རྩེ་ལ་མེ་ཏོག།
ཁམ་པོ་ས་ལ་ལྷུང་དུས།།
ཁྱི་ཕག་གཉིས་ཀྱིས་མི་ཟ།།
༢༠   ཁམ་བུ་གསེར་ཁམ་དངུལ་ཁམ།།
ལ་དང་ལ་མོ་རྒྱབ་སོང་།།
ཁམ་སྐྱུར་ཕག་གི་མི་ཟ།།
སྒོ་ར་ཟུར་ལ་ལུས་སོང་།།
༢༡  ར་མ་བྲག་ལ་ལུས་སོང་།།
རེའུ་ཐང་ལ་ལུས་སོང་།།
རྫི་རྒན་བྱང་ཆུབ་སེམས་པ།།
མ་བུ་འཕྲད་ཐབས་སྤྲད་རོགས།།
༢༢  རྒྱ་གྲོང་མི་ཡི་གང་བྱུང་།།
ཕ་མ་འདྲ་བའི་མི་སྣང་།།
གནམ་ནང་སྐར་མ་གང་བྱུང་།།
སྨིན་དྲུག་འདྲ་བའི་མི་སྣང་།།
༢༣  རི་མགོ་མཐོ་ཡང་མི་དགོས།།
རི་རྒྱ་ཆེ་ན་ཆོག།
བུ་མོ་མཛེས་ཡང་མི་དགོས།།
བསམ་པ་དཀར་ན་ཆོག།
༢༤  ལྷ་སའི་སྐོར་ར་ནང་ལ།།
གསེར་གྱི་ཁབ་ཅིག་ལོན།།
ལོན་བསམ་དགའ་རྒྱུ་མི་འདུག།
མི་ལོན་སྡུག་རྒྱུ་མི་འདུག།
༢༥   ལྷ་སའི་སྐོར་ར་ནང་ལ།།
ཁྱི་རྒན་སྦི་ལི་སྦ་ལ།།
ཨུ་ལུ་གཉིས་སྐལ་མི་རག།
བེར་ཀ་གསུམ་སྐལ་རག་སོང་།།
༢༦   ཕུག་ལ་གངས་དཀར་དཀར་བྱུང་།།
མདའ་ལས་མཆོད་རྟེན་དཀར་བྱུང་།།
དཀར་པོ་འདྲ་འདྲ་འཕྲད་བྱུང་།།
རང་གཉིས་བསམ་པ་དགའ་བྱུང་།།
༢༧   རང་སེམས་རྒྱ་སྐྱོགས་དཀར་པོ།།
དྲི་མ་མ་ཕོག་བཞག་ཡོད།།
རྒྱ་གྲོང་ཟེར་གྲགས་ལྟ་གྲགས།།
ལོ་ཆུང་ང་ཡིས་མི་ཉན།།
༢༨  སྟར་ཀར་རྡོ་གཅིག་བརྒྱབ་ཡིན། །
ཉི་ཤུ་ས་ལ་ལྷུང་སོང་།།
བཅོ་བརྒྱད་ལྷ་ལ་ཕུལ་ཡོད། །
གཉིས་ནི་ང་རང་གདམ་ཡིན།།
༢༩  ལྕང་མ་བཙུགས་མཁན་ང་ཡིན།།
ལྕང་ཆུ་བླུག་མཁན་ང་ཡིན།།
ལྕང་མ་ཤིང་ལོ་ལྷུང་དུས།།
བདག་པོ་རྒྱབ་མཁན་མང་པོ་ཡོད།།
༣༠  ཕ་མ་ཞན་པའི་བུ་སྲིང་།།
སྒང་གི་ལྷ་དར་འདྲ་བྱུང་།།
དབྱར་ཁར་ཆར་གྱིས་དགྲ་བྱུང་།།
དགུན་ཁར་རླུང་གིས་དགྲ་བྱུང་།།

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1