༄༅།། ནམ་མཁའ་ཐར།

ཚུལ་ཁྲིམས་བཟང་པོ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-13


བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལས་རིགས་ཀྱི་སྣེ་ཁྲིད་པ། ཨ་མདོ་བརྙན་འཕྲིན་ཁང་གི་སྔོན་མའི་སྤྱི་ཁྱབ་ལྟ་སྐུལ་བ་ནམ་མཁའ་ཐར་གྱི་གནས་ཚུལ་ཆེད་བཀོད།
ཚུལ་ཁྲིམས་བཟང་པོ། ནམ་མཁའ་ཐར་གྱིས་པར་མཁོ་འདོན་བྱས།

དང་པོ། རིག་པའི་གནས་ལ་འཇུག་པའི་ཚུལ།

        ནམ་མཁའ་ཐར་ལགས་ནི་སྤྱི་ལོ་1962ལོའི་ཟླ་7པར་མདོ་སྨད་རྟ་ཡི་ཆོལ་ཁ་སྟེ་མཚོ་སྔོན་ཞིང་ཆེན་མགོོ་ལོག་ཁུལ་རྨ་ཆེན་རྫོང་དུ་སྐྱེས། ཆུང་དུས་ནས་རིག་པ་རྣོ་ཞིང་སྦྱངས་སྟོབས་ཀྱི་བརྩོན་འགྲུས་དང་ལྡན་པའི་གཞོན་ནུ་བློ་གྲོས་ཅན་ཞིག་ཡིན་ལ། སྔོན་བསགས་ཀྱི་ལས་འབྲས་བཟང་པོས་སློབ་གཉེར་གྱི་ལམ་ལ་ཞུགས་པའི་སྐལ་བ་ལྡན་ཞིང་། མགོ་ལོག་མི་རིགས་དགེ་ཐོན་སློབ་གྲྭ་རུ་སློབ་ཆུང་ནས་མཐོ་འབྲིང་བར་གྱི་སློབ་སྦྱོང་གི་གོ་རིམ་ཚང་མ་བརྒྱུད་པ་དང་། སྐབས་དེར་མགོ་ལོག་མི་རིགས་དགེ་ཐོན་སློབ་གྲྭ་ནི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གཉེར་བྱ་ཡུལ་ཞིག་དང་ཕ་སྐད་དང་མ་ཡིག་དར་རྒྱས་ཆེ་བ་མ་ཟད་རྒྱའི་སྐད་ཡིག་ཀྱང་སློབ་ཆོག་པའི་གཙུག་ལག་ནོར་བུའི་བསྟི་གནས་ཤིག་ཡིན་པས། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་དེར་སྦྱངས་སྟོབས་ཀྱི་བརྩོན་འགྲུས་ཀྱིས་སྐུལ་བས་རྩལ་ཆེན་རྟ་ཐོག་ཏུ་སླེབས་པ་ནང་བཞིན་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་པར་གྱུར། དེ་ནས་1983ལོར་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ལ་ཞུགས་ནས་ཕུལ་དུ་བྱུང་བའི་རྒྱུགས་འབྲས་དང་བཅས་ཏེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་གཉེར་བྱེད་པའི་གོ་སྐབས་ལྡན། དེ་རུ་བོད་སྐད་ཡིག་སྡེ་ཁག་ཏུ་ཞུགས་ནས་བགྲང་བྱ་བཞིའི་རིང་བོད་ཡིག་ཆེད་ལས་ཀྱི་སློབ་གཉེར་བྱས་ཤིང་། ལྟོ་སྐྱ་གོས་ཧྲུལ་གྱིས་བཅུ་ཕྲག་རིག་པའི་གནས་དང་བློ་ཁོག་ཡངས་པོས་ཕྱི་ཕྱོགས་ཀྱི་གསར་དར་ཤེས་རིག་མཐའ་དག་ལ་སྙིགས་དོར་བཅུད་ལེན་གྱི་ཚུལ་དུ་འཇུག་པས། ངང་ངམ་ཤུགས་ཀྱིས་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་གསོག་འཇོག་བྱས་ཏེ་རྗེས་ཕྱོགས་ཀྱི་བྱ་གཞག་ལ་རྨང་གཞི་བརྟན་པོ་ཞིག་བཞག

གཉིས་པ། འགྲོ་དོན་ཕྲིན་ལས་སྤེལ་བའི་ཚུལ།

        སྤྱི་ལོ་1987ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཏེ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་དང་ཡོན་ཚད་ལ་བརྟེན་ནས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་གྱི་གསར་འགོད་པའི་འགན་བཞེས། དེའི་སྐབས་རྒྱལ་ཡོངས་སུ་བོད་སྐད་གཙོ་གཉེར་བྱེད་པའི་ལེ་ཚན་དང་གསར་འགོད་པ་ནི་ཉིན་མོའི་སྐར་མ་ལྟ་བུ་ཞིག་ཡིན་པས། ཁོང་གིས་བློ་སྟོབས་ཆེར་བསྐྱེད་དང་སྲིད་ཇུས་བཟང་པོའི་རམ་འདེགས་ལ་བརྟེན་ནས་སྟོང་ཆ་འདི་ཉིད་བསྐང་བའི་བློ་ཐག་བཅད། སྤྱིར་གསར་འགོད་པའི་ལས་གཞི་ནི་ཆེད་ལས་ཀྱི་རང་བཞིན་ལྡན་ཞིང་གཞུང་ལུགས་རྒྱ་ཆེ་བའི་རིག་ཚན་ཞིག་ཡིན་པ་དང་ཁོང་གིས་སློབ་སྦྱོང་གི་གོ་རིམ་ཁྲོད་རང་ཉིད་ཀྱི་དགའ་མོས་ལྟར་ཞོར་དུ་དེའི་སྐོར་ལ་སློབ་སྦྱོང་ཕྲན་ཙམ་གནང་བ་ལས་ཆེད་ལས་ལྟར་དུ་དེ་བས་སྦྱངས་མ་མྱངས། སྒོས་སུ་སྐབས་དེར་རྒྱལ་ཡོངས་སུ་སྲིད་འབྱོར་རིག་གསུམ་དར་རྒྱས་ཆེན་པོ་ཕྱིན་མེད་པ་དང་དེང་དུས་ལྟ་བུའི་འགྲིམ་འགྲུལ་ཡོ་བྱད་དང་ཆ་འཕྲིན་མ་ལག་ཕུན་སུམ་ཚོགས་པ་ཞིག་མེད་ཀྱང་། དཔའ་ཞུམ་པ་མེད་པར་བློ་ཐག་རྦད་ཆོད་ཀྱིས་སློབ་གཉེར་བྱེད་ཞོར་ལས་གནས་དེ་ལ་ཞུགས་པ་དང་མི་འགྱངས་བར་ཤ་མོ་རློན་པས་སྤང་ཕུག་པ་ནང་བཞིན་གྲུབ་འབྲས་རྒྱ་ཆེན་པོ་ཐོབ། སྤྱི་ལོ་1988ལོའི་ཟླ་7པའི་བར་དུ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་དུ་གསར་འགོད་པའི་ལས་གཉེར་མཛད་པ་དང་། དེ་ནས་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དུ་ལས་གནས་སྤོས་ཏེ་གསར་འགྱུར་བསྒྱུར་བ་དང་རྩོམ་སྒྲིག་བྱེད་པའི་འགན་བཞེས། སྐབས་དེར་གཟའ་འཁོར་རེ་ལ་བོད་སྐད་ཀྱི་ལེ་ཚན་རེ་གཉིས་ཙམ་ལས་མེད་ཀྱང་ལེ་ཚན་སྤུས་དག་དང་རྒྱ་ཆེ་བའི་བོད་རིགས་མི་དམངས་ཀྱི་ཆེད་དུ་དཀའ་སྤྱད་སྡུག་རུས་མྱོང་བའི་གཏམ་རྒྱུད་གཙང་པོ་ལས་ཀྱང་རིང་བར་བཤད་རྒྱུ་འདུག དེ་ནས་ད་བར་བགྲང་བྱ་སུམ་ཅུ་ཡས་མས་ཀྱི་རིང་ལ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དུ་ལས་གཉེར་བྱས་ཤིང་སྐབས་དེར་ལས་བགོས་ཐད་གསལ་པོ་དེ་འདྲ་མིན་པས་ཉིན་མོ་གསར་འགྱུར་ལས་པ་དང་དགོང་མོ་ཆེད་སྒྲིག་བརྙན་འཕྲིན་སྒྲ་བསྒྱུར་བྱེད་པ་སོགས་མདོར་ན་ལོ་ཙཱ་དང་བཅའ་འདྲི། དེ་མིན་པར་ལེན་པ་དང་ལེ་ཚན་སྒྲིག་སྦྱོར་སོགས་ལག་ལ་གང་ཡོང་ནན་གྱིས་ལས་གཉེར་བྱས་པས། མི་འགྱངས་པར་འབྲས་བུ་གཡུར་དུ་ཟ་བ་ཐོབ་ནས་རྩོམ་སྒྲིག་པའི་མིང་རྟགས་དང་བོད་སྐད་བརྙན་འཕྲིན་གྱི་ཀྲུའུ་རེན་གཞོན་པ། ཀྲུའུ་རེན་དང་པོ་སོགས་ཀྱི་གོ་གནས་བསྩལ། རྗེས་སུ་རྒྱང་བསྒྲགས་དང་བརྙན་འཕྲིན་ལས་ཁུངས་གཉིས་མཉམ་དུ་བསྲེས་ནས་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཙུགས། དེའི་ཁོངས་སུ་གཏོགས་པའི་ཨ་མདོའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བའི་འགན་ལོ་མང་བཞེས་པ་དང་དེང་རབས་ཆ་འཕྲིན་ལག་རྩལ་རྒྱུད་ནས་རང་ནུས་ཅི་ལྕོགས་ཀྱིས་སྒང་པ་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཕྱིའི་སྔོན་ཐོན་རིག་གནས་ནང་འདྲེན་དར་སྤེལ་ཐད་གཞལ་བ་མེད་པའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པ་རེད། སྤྱི་ལོ་2017ལོའི་ཟླ་5པའི་ནང་རང་ཉིད་ལོ་ཚོད་མཐོ་བ་དང་གཞོན་ནུ་དོན་གཉེར་ཅན་དག་ལ་གོ་སྐབས་སྩལ་བའི་ཕྱིར་དུ་སྤྱི་ཁྱབ་ལྟ་སྐུལ་བའི་གོ་གནས་ལས་ཕྱིར་བུད་དེ་ལེ་ཚན་ལ་ལྟ་སྐུལ་བྱེད་པའི་ཨུ་ཡོན་ལྷན་ཚོགས་སུ་ཞུགས་ནས་མུ་མཐུད་དུ་བོད་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་གྱི་བྱ་གཞག་ལ་བུམ་པ་གང་བྱོའི་ཚུལ་དུ་ཞབས་ཞུ་བསྒྲུབས།

2015ལོར་མཚོ་སྔོན་པོར་བཅར་འདྲི་རུ་བསྐྱོད་དུས་ཀྱི་མཉམ་པར།
གསུམ། གསུང་རབ་པོ་ཏི་བརྩམས་པའི་ཚུལ།

        དེ་ཡང་ཁོང་ནི་བོད་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་གྱི་ཐོག་མའི་ལམ་སྲོལ་འབྱེད་པའི་དེད་དཔོན་ཞིག་ཡིན་པར་མ་ཟད་སྨྱུག་འཛིན་པའི་དཔུང་སྡེ་རུའང་གོ་གནས་གལ་ཆེན་འཛིན་པའི་རྩོམ་པ་པོ་ཞིག་ཡིན། ཁོང་གི་བོད་ཡིག་ཆེད་རྩོམ་《རྨ་རྒྱལ་སྦོམ་རའི་འཇའ་ཚོན།》ཞེས་པའི་ནང་ལེའུ་དང་པོ་དངོས་བཤུས་བརྙན་འཕྲིན་དང་ལེའུ་གཉིས་པ་མི་སྣ་བཅར་འདྲི། ལེའུ་གསུམ་པ་ཆེད་སྒྲིག་ལེ་ཚན་དང་ལེའུ་བཞི་པ་གསར་འགྱུར་རྒྱས་བཤད། ལེའུ་ལྔ་པ་ཆེད་ལས་དཔྱད་རྩོམ་བཅས་བཀོད་ཡོད་པར་མ་ཟད། བོད་ཡིག་བརྩམས་ཆོས་ཕྱོགས་སྒྲིག་ལ་《རྒྱལ་ཁམས་འགྲིམས་པའི་མཐོང་སྣང་།》དང་། བོད་ཀྱི་ཆེད་སྒྲིག་ལེ་ཚན་《གནའ་བོའི་བོད་ཀྱི་དབྱངས་རྟགས།》དང་《རྨད་བྱུང་མཆོད་རྟེན་གྱི་སྒྱུ་རྩལ།》《བོད་ཞྭ་མཐོང་བ་དོན་ལྡན།》སོགས་ཡོད་ལ། བོད་སྐད་ཀྱི་བརྙན་འཕྲིན་ལེ་ཚན་《ཀུན་གཟིགས་སྐྱབས་མགོན་གངས་ཅན་དཔལ་དུ་དགེ》ཞེས་པ་མཚོ་སྔོན་ཁུ་ནུ་སྒྲ་བརྙན་པར་སྐྲུན་ཁང་གིས་བརྙན་ཐག་པར་སྐྲུན་བྱས། རྒྱ་ཡིག་གི་བརྩམས་ཆོས་ལ་《གངས་ལྗོངས་མགྱོགས་བྲིས།》ཞེས་པ་དང་དཔྱད་རྩོམ་ལ་《གསར་འགྱུར་རྩོམ་སྟངས་དང་དེའི་གླེང་ཕྱོགས་སྐོར་ལ་མདོར་ཙམ་དཔྱད་པ།》 《བོད་སྐད་བརྙན་འཕྲིན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ཀྱི་བསམ་གཞིགས།》《བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་དངོས་ནས་ཇེ་མཐོ་གཏང་དགོས།》དང་《བོད་སྐད་ལེ་ཚན་སྒྱུར་སྒྲིག་ལོ་ཙཱ་བཅར་འདྲི་བཅས་གཞི་གཅིག་ཏུ་སྦྲེལ་བའི་ལྟ་བ།》《བོད་སྐད་བརྙན་འཕྲིན་གྱིས་ངེས་པར་དུ་མཚོ་སྔོན་ནས་གཞི་རྐང་བཙུགས་ཏེ་བོད་ཁམས་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་ཀྱི་བྱ་བ་སྤེལ་དགོས།》《བོད་སྐད་བརྙན་འཕྲིན་ངེས་པར་དུ་མིང་དོན་མཚུངས་པའི་བོད་སྐད་བརྙན་འཕྲིན་གྱི་ལམ་དུ་ཞུགས་དགོས།》《མཚོ་སྔོན་བོད་སྐད་བརྙན་འཕྲིན་འཕྲིན་ལམ་འཛུགས་སྐྲུན་ཐད་ཀྱི་བསམ་གཞིགས།》དང་《མཚོ་སྔོན་བོད་སྐད་བརྙན་འཕྲིན་འཕེལ་རྒྱས་ཀྱི་མཐོང་སྣང་།》སོགས་ཡོད་པ་དང་། གཞན་ཡང་སྒྲ་གཟུགས་ཡིག་གསུམ་འཛོམས་པའི་དཔེ་ཆ་《སའི་གོ་ལའི་གསང་བ།》ཞེས་པ་དགེ་རྒན་བདེ་སྐྱིད་འཚོ་དང་ལྷན་དུ་མཉམ་བསྒྲུབས་མཛད་པ་དང་། ཕུ་བོ་དང་ལྷན་དུ་《རྨ་ཡུལ་དགོན་སྡེའི་གཟི་བྱིན།》ཞེས་པ་མཉམ་བསྒྲུབས་མཛད། བརྩམས་ཆོས་འདི་དག་ནི་རང་ཉིད་མི་ཚེ་གཅིག་ལ་རྒྱང་བསྒྲགས་བརྙན་འཕྲིན་དང་གསར་འགོད་པའི་ལས་གནས་ལ་དངོས་སུ་ཞུགས་པའི་ཉམས་མྱོང་དང་སྦྲགས་ཏེ་རྗེས་རབས་པའི་ཆེད་དུ་བུམ་པ་གང་བྱོའི་ཚུལ་དུ་བྲིས་ཡོད་ལ། བརྩམས་ཆོས་འདི་དག་ལས་ཀྱང་ཁོང་གི་ཞུམ་པ་མེད་པའི་སྤོབས་པ་དང་གཞལ་བ་མེད་པའི་མཛད་རྗེས་སོགས་མཚོན་ཐུབ།


2016ལོའི་ཟླ་8པར་བལ་ཡུལ་དུ་བལ་སྡོད་གཞུང་ཚབ་དང་མཉམ་དུ་བལ་པོའི་བོད་དམངས་འདུས་སྡོད་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

བཞི་པ། གཟེངས་བསྟོད་བྱ་དགའ་ཐོབ་པའི་ཚུལ།

        ཁོང་གིས་མི་ཚེ་གང་པོར་རྒྱང་བསྒྲགས་བརྙན་འཕྲིན་གྱི་ལས་དོན་གཉེར་བའི་མཛད་རྗེས་ཡོད་ཚད་ཅིག་ཅར་དུ་སྒྲོག་པའི་བློ་སྤོབས་གུས་པ་ང་ལ་མ་མཆིས་ཀྱང་། གཟེངས་བསྟོད་དང་བྱ་དགའ་འདི་དག་ལས་ཟུར་ཙམ་སྟོན་པ་བྱ་སྟེ། སྤྱི་ལོ་2006ལོར་《བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་དངོས་ནས་ཇེ་མཐོ་གཏང་དགོས།》ཞེས་པའི་རྒྱ་ཡིག་གི་དཔྱད་རྩོམ་ལ་སྐབས་དྲུག་པའི་ཀྲུང་གོ་གསེར་གྱི་གླག་རྒོད་རྟགས་མའི་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་སྐབས་བྱ་དགའ་ཨང་གསུམ་པ་ཐོབ། 2006ལོ་ནས་2013ལོའི་བར་བསྟུད་མར་ལོ་དྲུག་ལ་བརྙན་འཕྲིན་ཁང་ཡོངས་ཀྱི་ལས་བྱེད་པའི་དཔྱད་ཞིབ་ལས་ལོ་མཇུག་གི་ཕུལ་བྱུང་མི་སྣའི་གྲས་སུ་ཚུད་པ་དང་། 2010ལོར་ཕུལ་དུ་བྱུང་བའི་འགོ་ཁྲིད་ལས་བྱེད་པའི་མཚན་སྙན་ཐོབ། གཞན་ཡང་རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དཔྱད་བསྡུར་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གྲུབ་འབྲས་བྱ་དགའ། 《གནའ་བོའི་བོད་ཀྱི་དབྱངས་རྟགས།》དང་《རྨད་བྱུང་མཆོད་རྟེན་གྱི་སྒྱུ་རྩལ།》སོགས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱངས། སྤྱི་ལོ་2014ལོར་ལྗོངས་ཞིང་ལྔའི་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་གྱི་ལེ་ཚན་དཔྱད་ཞིབ་ཁྲོད་《བོད་སྐད་བརྙན་འཕྲིན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ཀྱི་བསམ་གཞིགས།》ཞེས་པའི་དཔྱད་རྩོམ་ལ་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ་2015ལོར་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་རིག་གནས་པའི་མཚན་སྙན་ཐོབ་པ་དང་། བསྡོམས་པས་རྒྱལ་ཁབ་དང་ཞིང་ཆེན་སོགས་རིམ་པ་མི་གཅིག་པའི་གཟེངས་བསྟོད་རིགས་50ལྷག་ཐོབ། མདོར་ན་ཕུལ་དུ་བྱུང་བའི་གྲུབ་འབྲས་འདི་དག་ལས་ཁོང་གིས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་གྱི་འཕེལ་རྒྱས་ལ་བཅངས་པའི་སེམས་འདུན་དྲག་པོ་མཚོན་ཡོད་པར་མ་ཟད། སྤྱི་ཚོགས་དང་ལས་གནས་ལ་རང་ནུས་ཅི་ལྕོགས་ཀྱིས་འོས་འགན་ཕྲག་ཏུ་ཁུར་བའི་རང་གཤིས་བཟང་པོ་མཚོན་ཡོད། ཁོང་གི་མི་ཚེའི་བརྒྱུད་རིམ་ཁྲོད་བོད་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་དང་གསར་འགོད་པའི་ལས་དོན་ལ་བླ་ན་མེད་པའི་བྱས་རྗེས་བགྲང་གིས་མི་ལངས་པ་བཞག་ཡོད་པ་དང་ལས་དང་པོའི་གཞོན་ནུ་དོན་གཉེར་ཅན་རྣམས་ལ་སྐུལ་མ་ངེས་ཅན་ཐེབས་ཡོད་པ་སྨོས་མེད་རེད། །  


ནམ་མཁའ་ཐར་གྱིས་ཕབ་སྐྲུན་བྱས་པའི་བརྙན་འཕྲིན་བརྩམས་ཆོས་ཁག་ཅིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1