༄༅།། དམངས་ཁྲོད་རིག་གནས་ལས་མིང་གི་སྙན་པའི་ཉམས་འདོན་ཚུལ་གླེང་བ།

བསོད་ནམས་དབང་ཕྱུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18



བསོད་ནམས་དབང་ཕྱུག

དང་པོ། མི་དང་འབྲེལ་བའི་མིང་གི་སྙན་པའི་ཉམས་འདོན་ཚུལ།
        རྩོམ་རིག་བརྩམས་ཆོས་ནི་སྒྱུ་རྩལ་གྱིས་ལས་སྣོན་བྱས་པའི་གཟུགས་བརྙན་གྱིས་སྤྱི་ཚོགས་འཚོ་བ་མཚོན་པ་ཞིག་ཡིན་ལ། རྩོམ་པ་པོ་དག་གིས་བརྩམས་ཆོས་ཀྱི་ནང་དུ་སྣང་བརྙན་མང་པོ་བྲིས་ཡོད་ནའང་། མཐར་ཐུག་གི་དམིགས་ཡུལ་ནི་མི་དང་འབྲེལ་བའི་འཚོ་བ་མཚོན་ཆེད་ཡིན། མི་སྣའི་སྣང་བརྙན་ཞིབ་འབྲི་བྱེད་པ་ལ་གསོན་ཉམས་ལྡན་པའི་སྐད་ཆའི་སྦྱོར་བ་ནི་མེད་དུ་མི་རུང་ཞིང་། སྐད་ཆ་དེ་དག་ཀྱང་མདོར་བསྡུས་ན་དམངས་ཁྲོད་ལས་བྱུང་བ་ཡིན་ཏེ། མགོ་ནག་མི་དང་འབྲེལ་བའི་མིང་སྐོར་ཞིག་གི་སྙན་ངག་གི་ཉམས་འདོན་ཚུལ་གླེང་ན། སྐྲ་ལ་ནུ། མིག་ཁྲ་ཆུང་། ལྕེ་དར་མ། སྐེ་གོར་མ། བློ་རིག་པ། ཁོག་ཤེས་རྒྱ། སེམས་སྐྱ་མོ། ཞེ་སྣང་བ། སྟག་ཤ་ར། སྨན་བུ་མོ། རྒན་མགོ་དཀར། གཞོན་སོ་དཀར། ཕ་ཨ་ཁུ། མ་སྲུ་མོ། གཏམ་ཁ་ལྕེ། ཁྲེལ་ཕྱི་ཐག གཟུགས་སྐྱེ་ལུས། གཡུག་ལས་ཀ ཡག་མོ་སྒོ་སོགས་སྡེབ་སྦྱོར་གྱི་ཆ་ནས་ཡ་དང་ཆ་སྦྱར་བས་ཁ་ལ་བདེ་ཞིང་ཚིག་རྒྱན་གྱི་ནུས་པའང་ཐོན་ཡོད་པ་རེད། གཡུག་ལས་ཀ་དང་ཡག་མོ་སྒོ་ལ་ལས་ཀ་ཅན་དང་མོ་སྒོ་ཅན་ཞིག་རེད་ཅེས་བཤད་ནའང་དོན་ལ་འགྱུར་བ་མེད་ཀྱང་རྗོད་བྱེད་ཧ་ཅང་ཕལ་བའི་ཚུལ་དུ་སྣང་བས་ཚིག་རྒྱན་ནི་ཟས་ལ་ཚྭ་འདེབས་པའི་བྲོ་བ་བཞིན་དེའི་ཡིད་འགུག་གི་ནུས་པ་ལྷག་ཏུ་བཟང་། གོང་གི་འབྲི་ཐབས་ལས་གོ་ལྡོག་སྟེ། དར་ལུང་རྣ། དམར་ཆུང་སྲོག འབྱུང་གཞི་ལུས། མྱུར་མོ་རྩལ། བདེ་མོ་ངག སྙན་མོ་སྐད། མགོ་ནག་མི། གཏི་མུག་གཉིད་ལྟ་བུ་དང་། ཆ་ཆ་ཡི་འབྲི་ཐབས་ལ། དུང་སོ་དཀར་མོ། མགྲིན་པ་ཕྲ་མོ། ཕོ་བ་གཡང་དཀར། རྒྱུ་མ་གཡུང་དྲུང་། གཞན་ཡང་མིག་རྩ་མཆོང་གི་ཁྲ། ཤ་རྩ་བྱུ་རུའི་དམར། སོ་རྩ་དུང་གི་དཀར། མིག་ཆགས་ག་ཅན། རྣ་ཧ་རུ་ཅན། ཡང་ན་རྣ་ཨ་ལོང་ཅན་ལྟ་བུ་སོགས་ཧ་ཅང་མང་། གངས་དཀར་སེམས། རྒྱུ་མ་གཡུང་དྲུང་ལྟ་བུ་ནི་དཔེ་འགོད་ཀྱི་ཐབས་ལ་བརྟེན་ནས་མིང་གི་མཛེས་པ་ཕྱིར་མངོན་པ་ཡིན་ཏེ། བསམ་པ་ཧ་ཅང་དཀར་བོ་ཡིན་པ་གངས་རི་ལ་དཔེ་བྱས་པ་དང་། རྒྱུ་མ་དྲང་མོ་མིན་པར་འཁྱིལ་བའི་རྣམ་པ་དེ་གཡུང་དྲུང་ལ་དཔེ་འགོད་བྱས་པ་སོགས་ཀྱང་ཡོད། རྩོམ་རིག་གི་བཟང་ངན་ནི་བརྗོད་བྱ་ཅི་ཞིག་བསྟན་ཡོད་པ་ཁོ་ནའི་སྟེང་ནས་བལྟ་བ་མིན་པར་རྗོད་བྱེད་ཀྱི་སྒྱུ་རྩལ་ལ་ཡང་རག་ལས་ཡོད། བཤད་ན་བདེ་ཞིང་ཉན་ན་སྙན་པའི་སྦྱོར་བ་འདི་དག་ནི་ལེགས་བཤད་རྩོམ་བྱེད་ཀྱི་བཅུད་ལྟ་བུ་ཡིན་པས་སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་ཞེས་པའང་འདི་ལྟ་བུ་ལས་ཤེས་དགོས། ཚིག་གི་བརྗོད་པ་ཐུང་ཞིང་སྙན་པའི་ཆ་འཛོམས་པའི་སྡེབ་སྦྱོར་འདི་ལས་བརྗིད་པ་ཚིག་སྡུད་མང་པོ་ཉིད་ཅེས་པའི་ཁྱད་ཆོས་ཀྱང་ཞར་ལ་རྟོགས་ཐུབ།
གཉིས་པ། སྒོ་ཕྱུགས་དང་འདབ་ཆགས། གཅན་གཟན་སོགས་ཀྱི་མིང་གི་ཉམས་འདོན་ཚུལ།

        བོད་མི་རིགས་ནི་རི་མཐོ་ས་གཙང་གི་གནས་ནས་གཡང་གི་ར་བ་སྒོ་བཞི་དང་འགྲོགས་ནས་འཚར་ལོངས་བྱུང་ཞིང་། འཚོ་བའི་ཁོར་ཡུག་དང་རིག་གནས་ཀྱི་དབང་གིས་རང་བྱུང་ཁམས་དང་རྟ་ནོར་ལུག་གསུམ། བྱ་བྱིའུ་འབའ་འབུ་སོགས་ལ་བརྩེ་སེམས་ཟབ་མོ་ཞིག་བཅངས་ཡོད་པ་གླུ་དང་། ལ་གཞས། གཏམ་དཔེ་སོགས་ལས་མཐོང་ཐུབ་ཅིང་། འདི་དག་ལའང་མི་དང་འདྲ་བར་མཐོང་ཆེན་བྱས་ཏེ་ཚིག་རྒྱན་བཀོལ་ཡོད་དེ། དཔེར་ན། རྟ་ལ་ཅང་ཤེས་རྟ། གྱི་ལིང་རྟ། རྟ་འདོ་བ། རྒོད་མ་ཐེར་ཞེང་ཅན། རྟ་བོ་གྲུག་ཞེང་ཅན། ནོར་ལ་ནོར་ནག་མོ། ནག་མོ་ནོར། ཞེས་གོང་འོག་བརྗེ་བའི་འབོད་སྲོལ་དང་། བྱེ་བྲག་ཏུ་འབྲི་ཐུལ་དཀར། འབྲི་ཐུལ་མ། མཛོ་ཁྱུང་དཀར། འབྲོང་བྲེ་སེར། འབྲོང་བྲེ་ལོ། འབྲོང་རུ་དམར། འབྲོང་རྭ་ཁ་ཅན་སོགས་ལ་ལ་གོང་འོག་ཕན་ཚུན་བརྗེས་ཏེ་སྦྱར་ནའང་ཆོག ལུག་ལ་ལུག་གཡང་དཀར། གཡང་དཀར་ལུག གཡང་མོ་ལུག འབའ་འབའ་ལུ་གུ ཁྱི་ལ་ཁྱི་རྒྱ་ལི། ཁྱི་དོམ་བུ་སོགས་གཡང་གི་ར་བ་སྒོ་བཞིའི་འབོད་མིང་ཐད་དུ་འདི་འདྲའི་ཚིག་རྒྱན་སྦྱོར་ཚུལ་ཡོད། གཞན་ཡང་སྨུག་ཆུང་དྲེའུ། བོང་སྐྱ་ལི། ཙི་གུ་ར་མ། སྤྱང་དར་མ། ཁ་དཀར་རྐྱང་། འདོད་འཇོ་བ་མོ་ལྟ་བུ་ཡང་ཡོད། འདབ་ཆགས་ཀྱི་ཐད་ནས་ཐང་དཀར་རྒོད་པོ། བྱ་རྒྱལ་ཁྱུང་ཆེན། སྐྱ་ཀ་ཁྲ་མོ། ཕོ་རོག་ནག་ཆུང་། རྨ་བྱ་སྔོན་མོ། སྨྲ་མཁས་ནེ་ཙོ། བྱིའུ་ཆུང་འཇོལ་མོ། སེར་བྱ་ངང་བ། ཕུག་རོན་སྔོན་མོ། ཡུལ་བྱིའུ་སྐྱ་རིལ་སོགས་བོད་རང་གི་ས་གཤིས་དང་མཐུན་པའི་ཁོར་ཡུག་ན་འཚོ་སྡོད་བྱེད་བཞིན་པ་དག་ལ་ཚིག་རྒྱན་འདི་ལྟར་སྦྱོར་ཚུལ་ཡོད། གཅན་གཟན་གྱི་སྦྱོར་ཚུལ་ལ་སེང་གེ་དཀར་མོ། གངས་སེང་དཀར་མོ། སྟག་ཐིག་ལེ་ཅན། སྟག་འཛུམ་དྲུག དམར་ཡག་སྟག རི་སྤྱང་སྔོན་མོ། གཡོ་ཅན་ཝ་མོ་སོགས་ཡོད་པ་མ་ཟད། འདི་དག་ནི་ཚིགས་བཅད་ཀྱི་སྡེབ་སྦྱོར་རྩོམ་པ་ལ་ཆེས་མཆོག་ཏུ་འགྱུར་བ་དང་། ཡང་ན་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས་ཞེས་སྙན་ངག་གི་བྱེད་ནུས་ཐོན་ཡོད་དེ། སེང་དཀར་མོ་དུང་གི་གཡུ་རལ་ཅན། །སྟག་འཛུམ་དྲུག་སྦྲང་མའི་ཐིག་ལེ་ཅན། །ཝ་དམར་བོ་མེ་ཡི་གྲ་ཁ་ཅན། །ལུག་གཡང་དཀར་སྤྲིན་གྱི་བལ་ཁ་ཅན། །བྱ་ཁུ་ལོ་ཁུ་ལང་སྟོད་ཐུང་ཅན། །རྟ་འདོ་བ་རླུང་གི་གཤོག་པ་ཅན། །སྟག་དམར་ཡག་མཚལ་གྱི་ཐིག་ལེ་ཅན། །རྒོད་ཐང་དཀར་དུང་གི་གཤོག་སྒྲོ་ཅན། །བྱ་ངང་བ་གསེར་གྱི་ཆོས་གོས་ཅན། ། འབྲོང་བྲེ་ལོ་དངུལ་གྱི་རུ་ཐུར་ཅན། །ལུག་གཡང་མོ་དུང་གི་སྤུ་ཐུར་ཅན། །རི་སྤྱང་སྔོན་མོ་དུང་གི་མཆེ་བ་ཅན། །སོགས་བྱ་དངོས་ཀྱི་ཁ་དོག་དང་། དབྱིབས། ཁྱད་ཆོས་སོགས་ལ་གཞིགས་ནས་སྙན་པའི་ཉམས་བཏོན་ཡོད། རྩོམ་རིག་བརྩམས་ཆོས་སམ་སྐད་ཆའི་སྦྱོར་བ་གང་གི་སྙན་པའི་ཆ་ནི་ཚིག་གི་སྡེབ་སྦྱོར་ལ་རག་ལས་ཤིང་། ཚིག་ནི་མིང་གི་སྡེབ་སྦྱོར་ལ་ཐུག་ཡོད་པས་མིང་གི་སྡེབ་སྦྱོར་ནི་ཚིག་དོན་ཀུན་གྱི་རོ་ཉམས་འབྱིན་བྱེད་ཀྱི་རྩ་བར་གྱུར་ཡོད།

གསུམ་པ། བཟའ་བཏུང་གི་སྐོར།
        མགོ་ནག་མི་རིགས་བརྟེན་ས་སྤུ་རིགས་དང་སྤུ་རིགས་སྲོག་ཆགས་བརྟེན་ས་རྩྭ་རིགས་ཞེས་པའི་གཏམ་འདིས་ང་ཚོ་ལ་མི་དང་དུད་འགྲོ་གང་ཡིན་ཡང་འཚོ་གནས་བྱེད་པར་ངེས་པར་དུ་བཟའ་ཆས་ལ་བརྟེན་དགོས་པ་བརྗོད་ཡོད། བཟའ་ཆས་ཀྱི་ཐད་ནས་རྩྭ་ཆུ་དང་འབྲལ་ཐབས་མེད་པས་ང་ཚོས་འདིའི་སྐོར་ཅུང་ཟད་གླེང་ན། རམ་དཀར་རྩྭ། སྔོན་མོ་ནས། སྦྲང་དཀར་རྩམ་པ། ལོ་ཡག་སྙེ་མ། འབྲུ་ལོ་ཏོག བཏུང་བྱའི་སྐོར་ནས་འོ་ཇ་དཀར་བོ། རྒྱ་ཇ་དམར་བོ། རྫ་ཆུ་བསིལ་མ། རྨ་ཆུ་ལི་མ། བདུད་རྩི་ཆང་། ཇ་ཡུ་དམར། ཆུ་གཙང་མོ། ཨ་རག་བདུད་རྩི། འབྲས་ཆང་དཀར་བོ། གྲོ་ཆང་སེར་བོ། ནས་ཆང་སྔོན་མོ། ལོ་ཆང་ཁམ་པ། ཟླ་ཆང་བསིལ་མ། ཞག་ཆང་དྲོན་མོ་སོགས་བོད་རང་གི་ས་ནས་ཐོན་སྐྱེད་བྱས་པའི་བཟའ་བཏུང་གི་མིང་བརྡ་ལའང་སྙན་པའི་མིང་བཏགས་ཡོད། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་བ། །དེ་ལྟར་མཁས་པའི་ངག་ནི་ལྐུགས་པར་འགྱུར། །ཞེས་འཇིག་རྟེན་གྱི་བྱ་དངོས་དང་ཆོས་ཉིད་མང་པོ་ཞིག་ངག་གི་ལམ་ནས་བརྗོད་ཐབས་བྲལ་ཡང་། རྟོག་པའི་འཆར་སྣང་དང་འཚོ་བར་རྒྱུས་ལོན་ཟབ་པའི་བོད་རིགས་མང་ཚོགས་ཀྱིས་ཡིད་འགྱུར་དང་ཚོར་འདུའི་མྱོང་བ་བརྒྱུད་ནས་གྲ་དག་ཅིང་སྡེབ་ལེགས་པ། བརྗོད་པ་ཐུང་ཡང་བརྗོད་དོན་ལ་སྙན་ཆ་ཐོན་པའི་ངག་གི་སྒྱུ་རྩལ་འདི་འདྲ་གསར་གཏོད་བྱས་ཡོད་པ་ནི་སྙན་ངག་གི་རིག་པ་ཡིན་ཞེས་བརྗོད་ཆོག
བཞི། ཅ་ལག་གི་སྐོར།
        འཚོ་སྡོད་ཀྱི་ཁོར་ཡུག་ཐད་ནས་དུས་རབས་མང་པོ་ཞིག་ལ་རི་མཐོ་ས་དང་། འགྲིམ་འགྲུལ་མི་བདེ་བའི་གནས་ཡིན་པས་ཅ་ལག་ལ་ཕྱིའི་དངོས་པོས་ཤན་ཤུགས་ཐེབས་པ་ཧ་ཅང་ཉུང་། ལྷག་པར་དུ་འཕྲུལ་ཆས་ཀྱི་རིགས་དར་བ་དེ་བས་ཀྱང་འཕྱི་བས་ཕྱི་ཡོང་དངོས་ཆས་ཀྱི་ཐད་ལ་ཚིག་རྒྱན་སྤྱད་པ་ཧ་ཅང་དཀོན། འདིར་རང་གི་དངོས་ཆས་སྐོར་ཞིག་གི་མིང་གི་ཚིག་རྒྱན་སྦྱོར་སྟངས་བཤད་ན། སྦྲ་མཐིང་སྨུག སྦྲ་རོག་རོག ཁང་སྐྱ་ལེབ། མདའ་ལི་མ། བོའུ་ཁྲ་རིང་། དཀར་ཡོལ་འབྲུག་མ། གསོམ་དཀར་བཞོ་ཟེའུ། རྡོ་གོར་མོ་སོགས་སྡེབ་སྦྱོར་དང་མི་འགལ་བའི་སྒོ་ནས་ལྷན་དུ་སྦྱར་ཞིང་། ར་མགོར་བོང་སྦྱར་དང་རྡོ་ཆག་བཙན་བསྒྲིགས་ལྟ་བུའི་ཚིག་གྱོང་མིན་པར་ཁ་ལ་བདེ་ཞིང་། རྣ་ལ་སྙན་པ། ཉམས་དང་འགྱུར་བས་གཏམས་པ་ཞིག་ཡིན་པས་སྙན་པའི་ཆ་ཐོན་ཡོད་པ་རེད། གཞན་ཡང་རྡོ་རྗེ་བྲག གནམ་ལྕག་ཐོག རྒྱ་རྫོང་ནགས། རྫ་ཁྲ་ཡག སྐྱི་བསེར་རླུང་། ཉ་གསེར་མིག ཨ་སྔོན་དགུང་། དོག་མོ་ས་སོགས་དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་ན་ཆེས་ཆེར་མཛེས་པར་འགྱུར་ཞེས་པ་བཞིན་ངག་གི་སྒྱུ་རྩལ་འདིས་རྩོམ་རིག་བརྩམས་ཆོས་སམ་བརྗོད་འདོད་ཀྱི་བྱ་དངོས་ཀྱི་ཁྱད་ཆོས་གསོན་ཉམས་ལྡན་པ་དང་། རྣམ་པ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུའི་ནུས་པ་བླ་ལྷག་ཏུ་བཏོན་ཡོད་པས་སྔོན་བྱོན་མཁས་པའི་གསུངས། སྨྲ་བའི་ཁ་ཡི་པད་མོ་མཆོག །ངག་རིག་ཚོགས་འདིས་ཕྱག་འོས་ཏེ། །གང་གི་ལྕེ་ཡི་གེ་སེར་རྡུལ། །ངེས་པར་རྒྱུད་མངས་མ་དེའོ། །ཞེས་པའི་ཤོ་ལོ་ཀ་ལས་ཀྱང་ངག་གི་སྒྱུ་རྩལ་ནི་ཆེས་མཆོག་ཏུ་གྱུར་བའི་སྒྱུ་རྩལ་ཞིག་ཡིན་པ་ཤེས་ཐུབ་བོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1