༄༅།། འབིས་རྣམ་པར་སྣང་མཛད་ཀྱི་ལྷ་ཁང་།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-21


ཀརྨ་རྒྱལ་མཚན།

       
         འབིས་རྣམ་པ་སྣང་མཛད་ལྷ་ཁང་ནི་ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་ལྟེ་གནས་སྐྱེ་རྒུ་མདོའི་ཤར་ལྷོའི་མཚམས་ཀྱི་དཔལ་ཐང་ནས་བྱང་ཕྱོགས་སུ་འབབ་པའི་དཔལ་ཆུ་ལྡོག་བརྒྱུད་ཀྱིས་ལམ་ཐག་སྤྱི་ལེ་20ཙམ་གྱི་འབིས་གོག་ཅེས་པའི་ལུང་པར་ཡོད། མཚོ་འཕགས་མཐོ་ཚད་སྨི་3883ཡོད། ཡོངས་གྲགས་སུ་ཝུན་ཤིང་ཀོང་ཇོའི་ལྷ་ཁང་ཟེར། ལྷ་ཁང་དེ་ནི་རྒྱལ་ཕྱི་ནང་ཀུན་ཏུ་མཚན་སྙན་འབར་ཞིང་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཏེ། བོད་རྒྱ་མི་རིགས་བར་གྱི་མཐུན་སྒྲིལ་གྱི་གསེར་ཟམ་ཆེན་མོ་ཡིན་ལ། 2006ལོར་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་ཏུ་བཀོད། ད་སྐབས་ཁྲ་འགུ་དགོན་པས་བདག་སྐྱོང་མཛད་བཞིན་ཡོད་ལ། སྐྱེ་རྒུ་མདོའི་ཡུལ་སྐོར་སྤྲོ་འཆམ་གྱི་གནས་ཆེན་གཙོ་བོ་ཞིག་ཀྱང་ཡིན།
དང་པོ། སྔོན་མའི་ལོ་རྒྱུས་དང་དམངས་ཁྲོད་ཀྱི་གནའ་གཏམ།
        འབིས་ཁོག་ཝུན་ཤིང་ཀོང་ཇོའི་ལྷ་ཁང་ནི། ཐང་ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་སྟེ་སྤྱི་ལོ་641པའི་དུས་སུ། ཐང་རྒྱལ་རབས་དང་བོད་ཀྱི་རྒྱལ་པོ་གཉིས་ཀས་གཉེན་འབྲེལ་བཙུགས་ཏེ། ཐང་ཐེ་ཙུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོར་བཙུན་མོར་གནང་། ཀོང་ཇོ་འཁོར་བཅས་ཉི་ཟླ་རི་བོ་བརྒལ་ཏེ་ལེབ་འཁྱག་འགག་བརྒྱུད་དེ་འབིས་ཀྱི་བྲག་དཀར་འདབ་ལ། མགར་བློན་རིག་པ་ཅན་རེ་སྒུག་གནང་བའི་རིང་། བྲག་དེའི་ངོས་སུ་སྐུའི་རྟེན་དུ་རྣམ་སྣང་གངས་ཅན་མཚོ་རྒྱལ་དང་ཉེར་སྲས་བརྒྱད་སོགས་དང་། གསུང་གི་རྟེན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། ཤེར་སྙིང་གི་མདོ་སོགས་རྒྱ་བོད་གཉིས་ཀྱི་ཡི་གེ །ཐུགས་ཀྱི་རྟེན་དུ་བཀའ་གདམས་མཆོད་རྟེན་སོགས་བྲག་ངོས་སུ་འབུར་དུ་བརྐོས། ཐང་ཀྲུན་ཙུང་ཅིན་ལུང་ཁྲི་ལོ་བཞི་པ་སྟེ་སྤྱི་ལོ་710ལོར་གྱིམ་ཤིང་ཀོང་ཇོ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོར་བྱོན་པར་འབིས་ཁོག་ཏུ་ཞབས་ཀྱིས་བཅགས་པའི་སྐབས་སུ། འབུར་བརྐོས་རྟེན་གསུམ་རྣམས་ཆར་རླུང་གིས་འཇིག་པར་ཉེ་བར་གཟིགས་ནས་འདུ་ཁང་བཞེངས། ཞེས་སོགས་ཐང་རྒྱལ་རབས་སྐབས་སུ་རྒྱལ་བོད་གཉེན་འབྲེལ་ཐེངས་གཉིས་ཀའི་ཀོང་ཇོ་སྔ་ཕྱི་གཉིས་ཀྱིས་ཐང་བོད་མཛའ་མཐུན་གྱི་གསེར་གྱི་གཞུང་ལམ་ཞེས་པ་རྒྱ་བོད་གནའ་ལམ་གྱི་རྣམ་པ་སྔར་ལས་དར་རྒྱས་སུ་བཞག་ཡོད་ཅེས་ཡོངས་སུ་གྲགས།

སི་ཏུ་པཎ་ཆེན་བཀའ་འབུམ་ན་པོད་དུ་རྗེ་ཉིད་ཀྱི་རྣམ་ཐར་ལས། དེ་ནས་རྗེ་དུལ་མོ་པའི་དགོན་གནས་འདམ་དཀར་མོ་བ་དང་། ཁྲ་འགུ་དགོན་པ་སོགས་ཀྱིས་སྤྱན་དྲངས་ལྟར་ཕེབས། ཡར་ལམ་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་སྐུ་འཁྲུངས་གནས་དང་། བྲག་རྩེའི་གོང་གི་ཨ་ཕྱི་སྣ་ནམ་བཟའ་མཁའ་སྤྱོད་དུ་གཤེགས་གནས་ཕུག་དང་། འབིས་ལུང་ནང་དུ་རྒྱ་བཟའ་ཀོང་ཇོས་བཞེངས་པའི་རྣམ་སྣང་གཙོ་འཁོར་གྱི་སྐུ་དང་། ལེགས་སྦྱར་གྱི་ཤེར་སྙིང་དང་བོད་ཡིག་གི་བཟང་སྤྱོད་སྨོན་ལམ་སོགས་བྲག་ལ་བརྐོས་པ་རྣམས་མཇལ། མཆོད་འབུལ་གསོལ་འདེབས་སྨོན་ལམ་མཛད། རྣམ་སྣང་འདིའི་ཞལ་བྱང་བཀླགས་ཤིང་ཞིབ་དཔྱོད་གནང་བར་མེས་ཨག་ཚོམ་གྱི་སྐུ་རིང་དུ་བཞེངས་པར་འདུག་ཅིང་དེ་ལྟ་ན་ཀོང་ཇོ་ཕྱི་མའི་དུས་སུ་མངོན་ནོ། །ཞེས་སོ། །

གཉིས་པ། འབིས་རྣམ་པ་སྣང་མཛད་ཀྱི་གནས་ཡིག་གནད་བསྡུས་དང་སྦྱར་བྱང་བཤུས་མ།

        གནས་བཤད་དངོས་ལ་ནི། འདིར་ཐོག་མར་སྲིན་པོ་དང་སྲིན་མོའི་ས་གནས་བོད་ཡུལ་འཇིག་པར་གཟིགས་ནས། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཀོང་ཇོ་འདིར་ཕེབས་མ་ཐག །ཆོས་ཀྱི་དབྱིངས་ནས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་མངོན་སུམ་དུ་མི་དང་མི་ལབ་པ་བཞིན་དུ་གསུངས་པ། ཨ་ལ་ལ་ཨེ་མ་ཧོ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མི་ཡུལ་བྱོན། །རྒྱལ་པོའི་སྲས་མོ་ཀོང་ཇོ་ཌཱཀྐི་རྗེ། །བོད་ཡུལ་གདོང་དམར་འདུལ་བའི་བཀའ་དྲིན་དུ། །བདག་ནི་འགྲོ་འདྲེན་སྐྱབས་ཕྱིར་གནས་འདིར་བཞུགས། །གསུངས་ནས་སྐུ་ཡི་གནས་ཐམས་ཅད་ནས་འོད་ཟེར་འབུམ་ཕྲག་དུ་མ་ཕྱོགས་བཅུར་སྤྲོས་ནས་ཚུར་བསྡུས་ནས་ཞིང་ཁམས་ཀྱི་བཀོད་པ་མངོན་སུམ་སྣང་བར་མཛད་ནས་བྲག་འདི་ལ་ཐིམ་པས་རིགས་ལྔའི་གཙོ་བོ་རྣམ་སྣང་སྐུ་དངོས་སུ་བཞེངས་ནས། ཟབ་གཏེར་ཆོས་གཏེར་ཁ་བྱང་དང་ལུང་བྱང་སྦས། སེམས་ཅན་རྣམས་ཀྱི་ཚོགས་རྫོགས་དང་སྒྲིབ་སྦྱོང་ཕྱིར་དུ་དབུ་རྗེས་དང་ཞབས་རྗེས་ཕྱག་རྗེས་ལྷ་སྐུ་མངོན་དང་མི་མངོན་པ་མང་དུ་རྒྱས་གདབ། དེ་ཡི་དུས་སུ་ཀོང་ཇོའི་ལྷུམས་སུ་འགྲོ་ཀུན་འདྲེན་པར་ནུས་པའི་སངས་རྒྱས་ཀྱི་སྤྲུལ་པ་གཅིག་བཞུགས་ཀྱང་། བོད་ཡུལ་གྱི་བསོད་ནམས་ཀྱིས་མ་འཁྱོང་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པས། དེ་ཡི་དགོངས་རྫོགས་ལ་ཉིན་མཚན་ཆ་གཅིག་ལ་རྫུ་འཕྲུལ་གྱི་བཀོད་པས་དཔའ་བོ་དང་མཁའ་འགྲོ་མ་འབུམ་འབུམ་བསྡུས་ནས། ཉེ་བའི་སྲས་ཆེན་བརྒྱད་དང་དགྲ་བཅོམ་བྱང་སེམས་འཕགས་པའི་ཚོགས། བཟང་སྤྱོད་སྨོན་ལམ་ཆེན་མོ། སྤྱན་རས་གཟིགས། རྒྱལ་ཡུམ་སྒྲོལ་མ་སོགས། སྐུ་གསུང་ཐུགས་རྟེན་དང་ཡོན་ཏན་འཕྲིན་ལས། སྙིང་རྗེ་བྱང་སེམས་ཀུན་འདུས་ཕན་དང་བདེ་བའི་འབྱུང་གནས་འདིར་སྤྱན་དྲངས་བརྟན་པར་བྱས། ཀོང་ཇོའི་སྨོན་ལམ་གདབ་པ་ནི། ཀྱེ་ཀྱེ་ཧོ་གསོན་ཤིག་དགོངས་ཤིག་སྐུ་གསུམ་ལྷ་ཚོགས་དང་། །བདག་གི་ལྷག་བསམ་རྣམ་དག་དགེ་འབྲས་འདིས། །འགྲོ་བ་གང་གི་འབྲེལ་བ་ཐོབ་ཚད་ཀུན། གནས་སྐབས་ནད་གདོན་བར་ཆད་ཀུན་ཞི་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མྱུར་རྫོགས་ནས། །མཐར་ཐུག་རྣམ་མཁྱེན་རྫོགས་སངས་ཐོབ་གྱུར་ཅིག །ཅེས་གསུང་པའི་མོད་ལ་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་དེ་ལྟར་བགྱིས་པ་ལགས་སོ་གསུངས་ནས་གནས་འདིར་ཐིམ་པར་ཡིན་ནོ། །དེ་ནས་ཕྱིས་སུ་གུ་རུ་རིན་པོ་ཆེ་ཞག་ཉེར་གཅིག་བཞུགས་ནས། སྤྱན་རས་གཟིགས་དང་སྒྲོལ་མ་གཉིས་ཀྱི་ཞིང་ཁམས་མངོན་སུམ་བྱིན་གྱིས་བརླབས་ནས། ཟབ་གཏེར་དང་ནོར་གཏེར་དང་རྫས་གཏེར་ཁ་བྱང་དང་ལུང་བྱང་མང་དུ་སྦས། དེ་ནས་རིམ་བཞིན་མཚོ་རྒྱལ་དང་རྗེ་འབངས་ཉེར་ལྔས་བྱིན་གྱིས་རླབས་པའོ། །ཞེས་སོ། །

གསུམ་པ། འབིས་རྣམ་སྣང་གི་རྟེན་དང་བརྟེན་པ་ཇི་ལྟར་བདག་སྐྱོང་མཛད་ཚུལ།

        དེའང་འབིས་ཁོག་བྲག་བརྐོས་ལྷ་སྐུ་དང་ཡི་གེ་བཅས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་སྐུ་རིང་དུ་བཞེངས་པ་རྟེན་བཞེངས་ཀྱི་དཀར་ཆག་རང་ངོས་དང་ལོ་རྒྱུས་ཁུངས་བཙན་གྱི་རྣམ་ཐར་སོགས་ལས་གསལ་པོར་རྟོགས་ཐུབ་ལས། དེ་བཞེངས་པའི་དུས་སོགས་དོགས་སློང་མཛད་དགོས་པ་དེ་ཙམ་གལ་མི་ཆེ་སྙམས། རྟེན་དེ་དག་ད་ལྟའི་བར་དུ་བདག་སྐྱོང་མཛད་ཚུལ་ལ། སྤྱི་ལོ་1720ལོ་ནས་སི་ཏུ་པཎ་ཆེན་གནས་འདིར་སྔོན་རྗེས་ཐེངས་གསུམ་ཕེབས་ཏེ་གནས་འདིར་ཉམས་ཞིབ་གནང་ཞིང་མཆོད་འབུལ་སྨོན་ལམ་རྒྱ་ཆེན་མཛད། གཏེར་ཆེན་མཆོག་གྱུར་གླིང་པས་བསྐོར་ལམ་གསར་གནང་དང་གནས་ལ་རབ་གནས་སོགས་ཐེངས་དུ་མར་མཛད། དེ་སྐོར་ས་ཡོམ་ཆེན་པོ་དང་། སྤྱི་ལོ་1992ལོར་རླུང་གཡོས་སོགས་ཀྱིས་གནོད་སྐྱོན་ཆེན་པོ་ཐེབས་སྐབས་ཁྲ་འགུ་དགོན་པའི་དགོན་སྡེ་སྤྱིས་ཉམས་གསོ་དང་ལྷ་ཁང་ཆུང་ངུ་ཞིག་བཞེངས་ཤིང་རིམ་བཞིན་རྒྱ་བསྐྱེད་བཏང་།

        ད་ལྟའི་ལྷ་ཁང་འདི་ནི་སྤྱི་ལོ་1948ལོར་ཁྲ་ལེབ་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་བཤད་སྒྲུབ་ཆོས་ཀྱི་ཉི་མས་རྒྱ་བསྐྱེད་དང་ཉམས་གསོ་མཛད་པ་ཡིན། སྤྱི་ལོ་2010ལོར་ཡུལ་ཤུལ་ས་གཡོས་ཚབ་ཆེན་བྱུང་སྐབས་གནོད་སྐྱོན་ཆེན་པོ་བྱུང་མེད།

        འདིའི་མིང་བརྗོད་ཚུལ་གཅིག་མཚུངས་མིན་པ། དཔེར་ན། འབུམ་རྣམ་པར་སྣང་མཛད་དང་།
        འབིས་ཁོག་རྣམ་པར་སྣང་མཛད། འབིས་རྣམ་སྣང་། འབིས་ལུང་རྣམ་པར་སྣང་མཛད་སོགས་མི་མཐུན་པ་དུ་མ་འདུག དོན་དུ་རྟེན་འབིས་ཁོག་གམ་འབིས་ལུང་དུ་བརྟེན་པ་ལྷ་སྐུ་རྣམ་པར་སྣང་མཛད་གཙོ་འཁོར་ཡོད་པ་དང་། འབིས་དང་འབུམ་སོགས་བརྗོད་བདེའི་དབང་གིས་བྱུང་བར་སྙམ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1