རྔ་བ་ཁུལ་གྱིས་ཕུལ་བྱུང་དགེ་རྒན་ལ་གཟེངས་རྟགས་བསྩལ།

མགོན་པོ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 09-22


        ཉེ་ཆར། རྔ་བ་ཁུལ་གྱིས་རྔ་ཁུལ་གྱི་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དང་ལི་ཁྱིམ་རྒྱུད་ཀྱི་སློབ་གསོའི་བྱ་དགའ་སྟེར་བའི་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་བསྡུས།  མཛོད་དགེ་རྫོང་གི་སྟག་ཚ་གྲོང་རྡལ་གྱི་སློབ་ཆུང་དགེ་རྒན་མགོན་རྣམ་ལགས་ལ་ལི་ཁྱིམ་རྒྱུད་ཀྱི་གཞི་རིམ་བསླབ་དེབ་བཀོལ་སྤྱོད་དང་ཁྱབ་བརྡལ་བཏང་བའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ།   
        བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་རྗེས། གསར་འགོད་པས་བྱ་དགའ་ཐོབ་པའི་མྱོང་ཚོར་སྐོར་གླེང་དུས།   མགོན་རྣམ་གྱིས། དགེ་སློབ་ཡོངས་ཀྱི་འབད་བརྩོན་ལ་བརྟེན་པས་ད་གཟོད་གཟེངས་བསྟོད་བྱ་དགའ་འདི་ཐོབ་པ་ཡིན། ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་ལ་སྙིང་བོ་ལེན་པ་ཤིན་ཏུ་གལ་ཆེ་བས། དགེ་རྒན་ཕལ་བ་ཞིག་ཡིན་པའི་ངོས་ནས། བདག་གིས་དུས་རྣམ་ཀུན་ཏུ་མི་སྣ་གསོ་སྐྱོང་གི་བྱ་བ་འདི་དལ་བའི་རྟེན་ལ་སྙིང་བོ་ལེན་པའི་ཐབས་མཆོག་ཅིག་ཏུ་སྙམ་སྟེ། རང་གི་ཕྲག་ཏུ་བབས་པའི་འོས་འགན་ཕྱི་བཤོལ་མེད་པར་བསྒྲུབས་པ་ཡིན་ཞེས་དགའ་བ་བྲོད་ནས་དེ་སྐད་བཤད།   
        དགེ་རྒན་མགོན་རྣམ་ཁ་བཤད་ཆུ་ཡི་ཝུ་བའི་རྗེས་སུ་མ་སོང་བར། ལག་ལེན་གསེར་གྱི་ཐིགས་པའི་རྗེས་སུ་འབྲངས་ནས་མི་ལོ་བཅུ་བདུན་གྱི་སློབ་གསོའི་ལམ་བུ་ཁྲོད་དུ། ཁོ་བོས་གཞན་ཕན་དང་ལྷག་བསམ་སློབ་གསོའི་གོ་ཆ་བགོས་ནས་མདོ་དབུས་མཐོ་སྒང་གི་བྱིས་པ་མང་བོར་ཤེས་རབ་སྒྲོན་མེས་རབ་ཏུ་བརྒྱན་པའི་ཤེས་རིག་གི་འོད་སྣང་བྱིན། ཁོང་གིས་གཞན་ཕན་དང་ལྷག་བསམ་མེད་པའི་སློབ་གསོ་ནི་རྩ་བ་བོར་བའི་ཡལ་ག་དང་མཚུངས་ཞེས་བཤད།    

                དགེ་རྒན་མགོན་རྣམ་ནི་མཛོད་དགེའི་སྤང་ཐང་ཆེན་མོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་དཀའ་སྡུག་ཆེ་བའི་འབྲོག་པའི་འཚོ་བ་དང་བྱིས་པ་ཚོར་སློབ་སྦྱོང་གི་ཁོར་ཡུག་མེད་པས། ཡིག་རྨོངས་སུ་གྱུར་བའི་གནད་དོན་ཁོ་བོས་མིག་གིས་མཐོང་ཞིང་སེམས་ཀྱིས་མྱངས། ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཁོ་བོས་གཞན་ཕན་དང་ལྷག་བསམ་སྔོན་འགྲོ་མ་ལྟར་བསྐྱེད་དེ་མི་སྣ་གསོ་སྐྱོང་གི་ལམ་བུར་གོམ་པའི་རེ་ཁ་ཐོག་མ་བྲིས་ཏེ། མི་ཚེ་དང་ཁྲིད་སྟེགས་ཡ་མ་བྲལ་བར་ལང་ཚོའི་མཆོད་པ་སློབ་གསོའི་ལས་དོན་ལ་ཕུལ།  

 

        མི་ལོ་བཅུ་བདུན་རིང་། ཁོ་བོས་རང་ཉིད་ཀྱི་ལས་ཀ་ཁྲི་མོན་ལས་ཐར་བའི་མི་བཞིན་དུ་ཕྱི་མིག་ཙམ་ཡང་མི་བལྟ་བར། བསམ་སྦྱོར་གཉིས་ཀྱིས་སློབ་གསོའི་ལས་དོན་ལ་ཤ་ཐང་ཐང་གིས་འབད། དགེ་རྒན་མགོན་རྣམ་གྱིས། ལས་རིགས་གང་ཞིག་ཡིན་རུང་ཐོག་མར་དེ་ལ་དང་བ་བཅོས་མིན་ཞིག་སྐྱེ་དགོས། དེ་ནས་རང་ཉིད་དགའ་སའི་ལས་རིགས་བདམ་དགོས་པ་དང་། ལས་རིགས་གང་དེ་བདམས་རྗེས་རྒྱུན་འཁྱོངས་དང་འགྱོད་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཕྲག་ཏུ་བབས་པའི་འོས་འགན་བསྒྲུབ་དགོས་པ་ཤིན་ཏུ་གནད་ཆེ་ཞེས་བཤད།
        ཁོ་བོ་སློབ་གྲྭ་འདིར་ཐོག་མར་ཡོང་དུས་དགེ་རྒན་གྱིས་མི་འདང་ནའང་ལོ་ཆུང་བྱིས་པ་རྣམས་ཀྱི་དུས་ཚོད་འཕྲོ་བརླག་དང་སློབ་ཁྲིད་འགོར་འགྱང་བྱེད་བཞིན་པ་སེམས་ཀྱིས་མ་བཟོད་ནས་དཀའ་ཁག་ལ་མ་འཛེམས་པར་འཛིན་གྲྭ་མང་བོའི་སློབ་ཁྲིད་ཀྱི་འགན་དང་དུ་བླངས་ཏེ།《བདག་གི་འབྲོག་ཁྱིམ》ཞེས་པའི་གཞི་རིམ་བསླབ་དེབ་ཁྲིད།  

        སློབ་ཁྲིད་ཀྱི་འགན་ཤིན་ཏུ་ལྕི་ན་ཡང་ཁོ་ལ་སྔ་བཞིན་དཀའ་སྣང་གཏན་ནས་མེད་པར། སློབ་གསོའི་ལས་དོན་ལ་འབད་འབད་དུང་དུང་བྱས་དང་བྱེད་ཀྱིན་གདའ།    

        ཉིན་རྒྱུན། ཞོགས་པའི་སྐྱ་རེངས་བུ་མོ་ཤར་ཕྱོགས་ཀེ་ལ་ཤའི་རྩེ་ནས་འཛུམ་དུས། དགེ་རྒན་མགོན་རྣམ་མལ་ལས་ལངས་ནས་སློབ་མ་རྣམས་ཀྱི་སྣེ་ཁྲིད་ནས་ཞོགས་སྦྱོང་ལ་འབད། དེ་ནས་ཁོ་བོས་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་སློབ་ཁྲིད་བྱེད་པ། ལས་བྱ་དག་བཅོས་བྱེད་པ། སློབ་ཕྱིའི་བྱ་འགུལ་སྤེལ་བཅས་ཀྱི་ལས་ཀ་གཅིག་འཕྲོར་གཅིག་ཡོད་པས། ངལ་གསོ་བའི་དུས་ཚོད་ཕལ་ཆེར་མེད་པར་སྣང་། ཁོ་བོ་ཨ་ཐང་ཆད་དུས་ཅོག་ཙེར་བསྔས་ནས་ངལ་གསོའི་ཟོལ་ཙམ་བྱེད་པ་དང་། ཅོང་བརྡ་གྲག་མ་ཐག་མགྱོགས་མྱུར་གྱིས་སློབ་ཁང་དུ་ཕྱིན་ནས་དཀའ་སྣང་ཡོད་ཚད་ཐལ་བའི་མཆིལ་མ་ལྟར་དོར་ནས་མུ་མཐུད་དུ་སློབ་ཁྲིད་ཀྱི་ལས་ལ་འབད།      

                སློབ་གྲྭ་གྲོལ་རྗེས། དགེ་རྒན་མགོན་རྣམ་གྱིས་མིག་མདུན་དུ་རི་ལྟར་སྤུངས་པའི་ལས་བྱ་དག་བཅོས་བྱ་དགོས་པས་དུས་རྒྱུན་སློབ་གྲྭ་དང་ཁ་བྲལ་དུས་ཤིན་ཏུ་འཕྱི།   
        ལོ་མང་བོའི་རིང་། དགེ་རྒན་མགོན་རྣམ་གྱིས་གུས་རྟག་བརྩོན་པ་བསྐྱེད་ནས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་མང་བོ་གསོ་སྐྱོང་བྱས་ནས། ཕལ་བའི་ལས་གནས་སུ་ཕལ་བ་མ་ཡིན་པའི་སློབ་གསོའི་ལས་དོན་གཉེར། མི་ཚེའི་མཆོད་པ་སློབ་གསོའི་ལས་དོན་ལ་ཕུལ་བས་མི་རིགས་སློབ་གསོའི་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་བར་བསུབ་ཏུ་མེད་པའི་བྱས་རྗེས་བཞག་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1