གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ལྷ་ལྷ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༩ཚེས་༢༦ཉིན།

༄༅།། ཁྲུང་ཁྲུང་ནི་བརྡ་རྟགས་ཤིག་ཡིན།

         གསེར་གྱི་གཞོང་བ་ལྟ་བུའི་ན་འདམ་ཁྲོད་ནས་འཕུར་འགྲོ་བསམ་ན་སེམས་ལ་སྐྱོ་བ་ཞིག མཛེས་སྡུག་གི་མེ་ཏོག་ལྟ་བུའི་སང་ལོའི་དཔྱིད་ཟླ་ལ་སླེབས་འོང་བསམ་ན་ཞེ་ལ་དྲོད་ཐིག་ཅིག འདུ་འཛོམས་དང་གྱེས་བྲལ་གྱི་བར་ནས། དཔྱིད་ཟླ་གང་མང་ལ་ལྷོ་ཕྱོགས་སུ་ཅེར་བ་གྲངས་མེད་ཡིན་ལ། སྟོན་གཞུང་གང་མང་ལ་སེམས་ཀྱིས་སྐྱེལ་མ་བྱས་པ་ཡང་ཉུང་ཉུང་ག་ལ་ཡིན།
        ཁྲུང་ཁྲུང་ལྷོ་ཕྱོགས་ནས་ཕེབས་པ་རེད། ཁྲུང་ཁྲུང་གིས་གནས་ཚང་གཡར་ས་ལྷོ་ཕྱོགས་རེད། ཁྲུང་ཁྲུང་གི་ཕ་ས་མཐོ་སྒང་ཡིན། ཁྲུང་ཁྲུང་གི་འཚོ་ས་མཐོ་སྒང་ཡིན། ཁྲུང་ཁྲུང་གིས་གང་འདོད་དུ་གཤོག་སྟབས་མི་བསྒྱུར། རྒྱང་བསྐྱོད་ཅིག་བྱེད་དུས་ནི་ཕ་ཡུལ་མཐོ་སྒང་ལ་ཆས་པའི་དན་རྟགས་ཡིན། ཁྲུང་ཁྲུང་ལ་གཤོག་རྩལ་ཆེན་པོ་ཡོད། ཁྲུང་ཁྲུང་ནི་གར་ལ་མཁས་པོ་ཡོད། སུ་དང་གང་ཡིན་རུང་ཁྲུང་ཁྲུང་ལ་མི་དོ། རྒྱུ་མཚན་ནི་ཁྲུང་ཁྲུང་མཐོ་སྒང་དུ་འཚོ་ཞིང་། མཐོ་སྒང་གི་རྔམ་བརྗིད་ནི་ཁོའི་རྟག་བརྟན་ཐེར་ཟུག་གི་རང་གཤིས་ཡིན། མཐོ་སྒང་གི་ནམ་མཁའ་ནི་ཁོའི་ཡངས་ཤིང་ཆེ་བའི་སེམས་ཁམས་ཡིན།
        ཁྲུང་ཁྲུང་སླེབས་ཐེངས་རེ་རེར། དཀར་ནག་ཕྱུགས་ཀྱི་འཕེལ་ཁ་བསྣམས་ནས་འབྲུ་དྲུག་སྙེ་མའི་ལོ་ལེགས་ཁྱེར་ཡོད། དཔྱིད་ཀྱི་དཔལ་མོའི་སྔོན་བརྡ་ཁྱེར་ནས་མཐོ་སྒང་ལ་ཕ་ཁྱིམ་བསྐྲུན་ཡོད། རྣམ་དག་གི་བོད་པ་ཁྲུང་ཁྲུང་ལ་དགའ། ཁྲུང་ཁྲུང་ནི་ངེད་ཅག་གི་བརྡ་རྟགས་ཡིན། སང་ལོའི་ཁ་བ་འབབ་ཚད་ཁྲུང་ཁྲུང་གིས་ཤེས། ད་ལོའི་ཆར་ཆུའི་མང་ཉུང་ཁྲུང་ཁྲུང་གིས་ཤེས།
        ཁྲུང་ཁྲུང་ངེད་ཅག་གི་བླ་བྱ་ཡིན། སེང་ལྕམ་འབྲུག་མོའི་བརྩེ་འཕྲིན་ཁྱེར་མཁན་ཁྲུང་ཁྲུང་ཡིན། ཚངས་དབྱངས་རྒྱ་མཚོའི་ཐུགས་དགོངས་འདེགས་མཁན་ཁྲུང་ཁྲུང་ཡིན། ཁྲུང་ཁྲུང་གངས་རི་དང་ལྷན་དུ་ཡོད། ཁྲུང་ཁྲུང་འབྲོག་པ་དང་ལྷན་དུ་གནས། འབྲོག་པས་ཅི་ཡང་མི་ཤེས་མོད། འབྲོག་པས་ཅི་ཡང་མ་ཤེས་ཆོག འབྲོག་པས་ཁྲུང་ཁྲུང་ལོག་ཕེབས་ཀྱི་དུས་ཚིགས་ཤེས་པས་ཆོག འབྲོག་པ་ཚོར་ཅི་ཡང་མེད་ཀྱང་ཆོག ཁྲུང་ཁྲུང་ལ་དགའ་བའི་སེམས་པ་ཡོད་པས་ཆོག ཁྲུང་ཁྲུང་ལ་དགའ་བ་ནི་ཕ་གཞིས་ལ་དགའ་བ་ཡིན། མ་འོངས་བུ་རྒྱུད་དག་གི་འཚོ་བར་དགའ་བ་ཡིན། ཁྲུང་ཁྲུང་ཤེས་པ་ནི་མཐོ་སྒང་ཤེས་པ་ཡིན། མཐོ་སྒང་འདིའི་དར་རྒུད་རྟོགས་པ་ཡིན།
        ཁྲུང་ཁྲུང་ནི་ནམ་ཟླའི་བརྡ་རྟགས་ཡིན། ཁྲུང་ཁྲུང་ཆུང་ཆུང་ཞིག་གཏན་ནས་མིན། ཁྲུང་ཁྲུང་དཔུང་བ་གཅིག་ཏུ་སྦྲེལ་མཁན་ཞིག་ཡིན། ཁྲུང་ཁྲུང་ལ་ཁྱིམ་གཞིས་ཡོད། ཁྲུང་ཁྲུང་ལ་རིགས་ཞེན་ཡོད། ཁྲུང་ཁྲུང་ལ་གསེར་གྱི་ཀ་བ་ལྟ་བུའི་སྒལ་ཚིགས་ཡོད། ཁྲུང་ཁྲུང་གིས་གང་འདོད་དུ་ཕ་གཞིས་ལ་གཏོར་བརླག་མི་བྱེད། ཁྲུང་ཁྲུང་གིས་ཕ་གཞིས་མིག་ལྟར་སྲུང་ནས། དུས་གཏན་དུ་མཐོ་སྒང་འདིའི་ཉིན་མོའི་བྱ་ར་དང་མཚན་མོའི་མེལ་ཚེ་བྱས་ཡོད། ཁྲུང་ཁྲུང་ནི་གཤོག་པ་ཐོགས་པའི་རང་བྱུང་ཨ་མའི་སོ་པ་ཡིན།
        ཁྲུང་ཁྲུང་ཡོད་ན་མཐོ་སྒང་ལ་དྭངས་གཙང་ཡོད། དཔྱིད་ཟླ་སྐྱ་བོ་དག་ལ་ཁྲུང་ཁྲུང་མེད་དུས། མཐོ་སྒང་དྭངས་གཙང་མིན་པའི་རྟགས་རེད། ཐ་ན་མཐོ་སྒང་མཐོ་སྒང་མིན་པའི་རྟགས། འབྲོག་པ་འབྲོག་པ་བཞིན་འཚོ་མི་ཐུབ་པའི་རྟགས་རེད། ཁྲུང་ཁྲུང་ནི་བརྡ་རྟགས་ཤིག་ཡིན། ཁྲུང་ཁྲུང་གྲགས་ཐེངས་མང་ན་འབྲོག་དམངས་དགའ་བས་བསྡད་ཆོག ཁྲུང་ཁྲུང་ཡོད་པས་མཐོ་སྒང་ལ་མཛེས་སྡུག་བསྣན་ཡོད། ཁྲུང་ཁྲུང་ཉུང་ནས་ཉུང་དུ་འགྲོ་དུས། སེམས་ཁྲལ་དང་དོགས་སྣང་གིས་འཚོ་འོས། མཐོ་སྒང་གི་ནང་སྙིང་རལ་བའི་རྟགས་ཡིན།
        ཁྲུང་ཁྲུང་ལ་རྒྱུ་འབྲས་ཡོད། མཚོ་མོའི་དར་ཁ་ཞུ་དུས། སྐྱེ་སའི་མཚོ་ཁར་ལན་གཅིག་འོང་ནས་ཕུགས་བསམ་དང་འཚོ་གནས་འཚོལ་བ་རེད། ཕ་ས་སེམས་ལ་ཉར་ནས། བརྩེ་བ་དང་འཁྲེང་ཞེན་ཁ་བའི་ལྗོངས་ལ་བསྐྱིལ་ཡོད། རེ་བ་དང་སྨོན་འདུན་སྤང་ཁའི་མཚོ་ལ་བསྟིམས་ཡོད། སྤོབས་སེམས་དང་སྟོབས་ཤུགས་གཤོག་པའི་རྩལ་ལ་བསྟིམས་ཡོད། སུ་དང་གང་ཞིག་ཁྲུང་ཁྲུང་ལ་སྡང་ན། དེ་ནི་ཕ་གཞིས་དང་ཕ་ཁྱིམ་ལ་སྡང་བ་རེད། མདོར་ན་མཐོ་སྒང་གི་མཛེས་སྡུག་ལ་སྡང་བ་རེད།
        ནག་རོག་རོག་གི་འཚོ་བའི་ཁྲོད་ན། ཕ་ས་གསེར་གྱི་ནོར་བུ་མཐོང་བཞིན་མི་འདུག ཁྲུང་ཁྲུང་ནི་སུ་ཞིག་གི་ཕོ་ཉ་ཡིན་པ་ངེས་བཞིན་མི་འདུག ཁྲུང་ཁྲུང་ནི་སུ་ཚང་གི་བླ་བྱ་ཡིན་པའང་རྟོགས་བཞིན་མི་འདུག
        ང་ཚོས་ཁྲུང་ཁྲུང་ནི་བརྡ་རྟགས་ཤིག་ཡིན་པ་ཅིས་ཀྱང་ཤེས་དགོས། ཁྲུང་ཁྲུང་ལྟར་རང་བྱུང་ཨ་མ་སྲུང་མཁན་མེད་ཚེ། ང་ཚོའི་འཇིག་རྟེན་ལ་གོད་ཆག་ཅིག་ཐེབས་ངེས།
        ང་རང་ཁྲུང་ཁྲུང་ལ་དགའ། ང་རང་ཁྲུང་ཁྲུང་གི་ཚོར་ཤེས་ལ་དགའ། ཁྲུང་ཁྲུང་གི་ཚོར་ཤེས་ནི་བརྡ་རྟགས་ཤིག་ཡིན། བདག་གིས་ཁྲུང་ཁྲུང་ཅི་ཞིག་སླད་དུ་འཚོ་བའི་དགོས་པ་ཤེས་འདོད། ཁྲུང་ཁྲུང་ལྟར་མཐོ་སྒང་འདིར་གླུ་ཞིག་ལེན་འདོད། ང་ཁྲུང་ཁྲུང་བཞིན་འཚོ་འདོད། ངས་མཐོ་སྒང་འདིར་བརྡ་ཞིག་སྟོན་འདོད། །  
 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1