གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཀར་འགྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༩ཚེས་༢༦ཉིན།

༄༅།། མཚོ་བྱུང་མ་དང་འགྲོགས་པ།


ཆོས་དབྱིངས་སྟོང་པ་ཉིད་ཀྱི་ནམ་མཁའ་རུ། །
ཡེ་ཤེས་ལྔ་ཡི་རང་རྩལ་རྫོགས་པའི་སྐུ། །
དོན་དམ་དབྱངས་ཀྱི་དངོས་གྲུབ་སྟེར་བའི་མ། །
མཛེས་ལྡན་ངག་དབང་ལྷ་མོས་ཤིས་པ་སྩོལ། །
དྲང་སྲོང་ཆེན་པོའི་སྤྱི་བོར་འཛུམ་པའི་གཉེན། །
ལྷ་ཡི་རྐང་གླིང་འབུད་པའི་སྒྱུ་འཕྲུལ་མ། །
འཁོར་འདས་ཀུན་ཁྱབ་དབྱིངས་སུ་བཞུགས་པ་མོ། །
དེ་རིང་བདག་ཅག་མགོན་དུ་ཚུལ་བཞིན་བསྟེན། །
ཤེས་དཔྱོད་ཉི་ཟླ་འབུམ་གྱིས་རབ་འགེངས་ཤིང་། །
མ་བསྒོམས་རང་སྣང་གསལ་བའི་རིག་བྱེད་དེ། །
ཞབས་སོར་སྤྱི་གཙུག་གདན་དུ་བཞུགས་པ་ཡིས། །
འདོད་པའི་དཔལ་ཀུན་ཐོས་འཛིན་ཡུལ་དུ་བསྟིམས། །
སྔོན་ཚེ་བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས། །
མགྲིན་པ་རླུང་གི་རྩ་འདབ་བཀྲོལ་བའི་ཚེ། །
ཐུགས་ཀྱི་མཁྱེན་རབ་གཡར་བའི་ལྷ་མོ་ཁྱེད། །
དེ་རིང་བདག་ལ་གཟུགས་སྐུ་སྟོན་མཛོད་ཅིག །
མཐའ་དབུས་གཉིས་དང་བྲལ་བའི་འཇའ་ཀློང་དུ། །
བདེ་སྟོང་འོད་གསལ་ལྷུན་གྲུབ་རོལ་པའི་གར། །
ཉམས་ཀྱིས་འདོད་པའི་དབང་དུ་སྒྱུར་བ་མོ། །
ངལ་དང་དུབ་པ་མེད་པར་སྒོམ་སྙིང་འདོད། །
ཞལ་རས་པད་མོ་འཛུམ་པའི་དཀྱིལ་འཁོར་ལ། །
འདྲེན་བྱེད་བུང་བ་ཁྲ་བོ་ལྡེམ་ལྡེམ་འགུལ། །
མཆུ་སྒྲོས་བིམ་པའི་མདངས་ཀྱི་ཟེའུ་འབྲུ་ལས། །
དབྱངས་ཀྱི་སྦྲང་རྩི་སྟེར་མཛད་ད་བྱོན་ནོ། །
ཀུན་གཞི་གསང་བའི་ཞིང་གི་གསལ་སྟོང་སྐུ། །
ཚོགས་དྲུག་གླུ་རུ་ལེན་པའི་སྙན་ངག་མཁན། །
ལྗོན་པའི་ཡར་འདབ་རྩེ་རུ་ཉུལ་མཛད་པའི། །
བདག་གི་གྲེ་བར་འཐིམས་སོ་མཛའ་ན་མོ། །
ལྗག་དམར་བྱུ་རུ་གློག་གི་རོལ་རྩེད་ལས། །
ངག་གི་བདུད་རྩི་ཆང་ཕོར་ཁ་རུ་ཐིགས། །
ཚོར་བའི་རྨི་ལམ་བདའ་བའི་མགྲོན་པོ་ལ། །
ཆང་དང་མཆིལ་མས་བཟི་ཁ་ཡོང་སྲིད་དམ། །
སྒེག་པའི་ལང་ཚོ་འབར་བའི་ལྗོན་ཤིང་རྩེར། །
དབྱངས་ཀྱི་ཟེགས་མ་འཇོ་བའི་མཚོ་བྱུང་མ། །
གྲེ་བའི་སྒོ་མོ་རྡུང་བའི་རྣམ་ཐར་ཅན། །
འཇའ་ཡི་དར་ཐག་རྒྱུད་ནས་ཁྱེད་སྒུག་ཡོད། །
བག་ཆགས་རྒྱ་མཚོ་ཆེན་པོའི་ཀློང་ཡངས་ནས། །
ངག་རིག་རྦ་རླབས་ཆིལ་ཆིལ་གཡོ་བའི་མགོན། །
ཉ་མོ་ཆུ་ལ་ཞུགས་པའི་ངང་ཚུལ་གྱིས། །
མགྲིན་པ་ལོངས་སྤྱོད་འཁོར་ལོར་ཕེབས་ཤིག་ཀྱེ། །
ལོ་འདིར་རྟེན་འབྱུང་སེམས་ཀྱི་གྲོང་ཁྱེར་ནས། །
སྒྲ་མེད་དབྱངས་ཀྱི་ཟིལ་བ་གཏོར་བའི་ཉིན། །
འདོད་པའི་སྐྱེ་བོ་ཀུན་ཀྱི་གྲལ་མཐའ་ནས། །
བུམ་པ་ལག་གིས་བཏེགས་ཏེ་ཁྱེད་ལ་བསྲིངས། །
སྨིན་མ་ཀེམ་ཀེམ་གཡོ་བ་ཟླ་བའི་ཞལ། །
མནག་སྣུམ་སྐྲ་ལོ་བསིལ་བུས་ཡང་ཡང་བསྒུལ། །
ལེགས་བྲིས་ཡིད་ལ་གོམས་པའི་རི་དྭགས་མིག །
དཀྱུས་རིང་སྤྱན་ཟུང་གཡོ་བའི་བློ་སྟེར་མ། །
སྐེད་པ་རླུང་གི་འཁོར་ལོའི་རྩ་འདབ་དབུས། །
མེ་ཏོག་འདབ་མ་བགད་པའི་ཟེའུ་འབྲུ་ལ། །
འཕུར་ལྡིང་གར་ལ་རྩེན་པའི་རྐང་དྲུག་གིས། །
གཤོག་པའི་པི་ཝང་བརྡུང་ལ་ངལ་བ་བྲལ། །
གཤིས་ཀྱི་ངོ་མཚར་འཛུམ་བག་བརྒྱ་སྟོང་གྲོལ། །
ཀུན་རྫོབ་སྒྱུ་མས་སྤྲུལ་པའི་གནས་ལུགས་གཟིགས། །
བརྡ་དང་ཐ་སྙད་བསྟར་བའི་ཕྲེང་ཐག་རྒྱུན། །
ཀ་ལ་པིང་ཀིའི་དབྱངས་ལ་དྲངས་ཡོད་སྐད། །
གཞོན་ནུའི་བཅུ་དྲུག་གར་ལ་རོལ་བ་མོའི། །
མ་བཅོས་སྨྱོས་བུམ་འབུར་བའི་རི་མོ་ཡིས། །
ས་གསུམ་ལམ་ལ་ཞུགས་པའི་འཕགས་པ་ཡི། །
སེམས་ཀྱི་འཇུག་ལྡོག་མཚམས་སུ་འཛུམ་བག་བྲིས། །
ཡེ་རྫོགས་ཕྱག་རྒྱ་ཆེན་པོའི་ཉམས་ཤར་ཞིང་། །
སྤྲོས་པའི་མཚན་མ་ཀུན་ལས་འདས་པའི་ལྷ། །
མ་ཆགས་ཆགས་པའི་ཉམས་ཀྱིས་ཡིད་མགུ་བ། །
རབ་འབྱམས་རྒྱ་མཚོའི་ནང་ནས་འཁྲུངས་པ་མོ། །
འཛུམ་མདངས་ཉི་འོད་འཚེར་བའི་ཞལ་དཀྱིལ་དུ། །
རིག་གསལ་གསེར་གྱི་ལོ་འདབ་རླུང་གིས་སྤྲུགས། །
ཚོར་བའི་མུ་ཏིག་འཐོར་བའི་ཁ་སྒོ་ནས། །
རིག་བྱེད་བསྙལ་བའི་རྒུན་ཆང་ཐུར་དུ་ཟགས། །
ཆུ་སྐྱེས་གེ་སར་རྒྱས་པའི་གདན་གྱི་སྟེང་། །
ཞེ་སེམས་འཁྲེང་ཐག་སྒྲིལ་བའི་ལྷ་མོ་སྟེ། །
མཛའ་གཅུགས་མངར་ཁའི་མདུད་པ་བཀྲོལ་བ་མོ། །
ཁྱེད་ཉིད་འཚོལ་བའི་བསྐལ་བཟང་འཆར་ལ་རེ། །
སྐར་མས་དགུ་ཚིགས་འཐེན་པའི་ཕོ་བྲང་དུ། །
གཉུག་གཤིས་བརྩེ་བས་བྲན་པའི་བདག་མོ་ལ། །
མོས་གུས་འཇའ་ཚོན་འཐབ་པའི་འོད་ལམ་ནས། །
དགའ་མགུ་སེམས་ཀྱི་མཎྜལ་སོར་རྩེར་བཏེགས། །
ཟླ་འོད་གཙང་པོར་ཕོག་པའི་མཚན་གཞུང་དུ། །
བརྩེ་བའི་མུ་ཏིག་དཀར་པོ་མཚོ་ཁར་ལྷུང་། །
ཆགས་པའི་དུས་ཀྱི་རྨི་ལམ་རིང་མོའི་ནང་། །
ང་ཡིས་སྲང་ལམ་རྒྱུད་ནས་ཁྱེད་ཉིད་འཚོལ། །  

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1