གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

ཀརྨ་རྒྱལ་མཚན་ནས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༩ཚེས་༢༦ཉིན།

༄༅།། དར་མདོའི་གནས་ཆེན་ལྷ་མོ་རྩེ།

ཀརྨ་རྒྱལ་མཚན་ནས།

        དར་རྩེ་མདོ་ནི་དཀར་མཛེས་རང་སྐྱོང་ཁུལ་གྱི་ཤར་ཕྱོགས་ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་བར། སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲེང་ཏུའུ་གྲོང་ཁྱེར་ལ་བར་ཐག་སྤྱི་ལེ་365ཡོད་པའི་ཤར་མི་ཉག་རིང་མོའི་ལྟེ་བ། ལྕགས་ལ་རྒྱལ་པོའི་རྒྱལ་ས། གནའ་བོའི་རྒྱ་བོད་ཇ་རྟའི་ཚོང་ལམ། ཨ་ཇ་ཁ་པ་འདུས་གནས། དེང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན་བཅས་ཀྱི་ལྟེ་གནས་དར་མདོ་གྲོང་ཁྱེར་གྱི་ཁོངས་སུ། རི་གསུམ་གྱིས་བསྐོར་ཞིང་ཆུ་གཉིས་བར་དུ་རྒྱུགས་པའི་འདུས་མདོ། ཁྲོན་བོད་གཞུང་ལམ་གྱི་ལམ་འགག་རི་བོ་ལྷ་མོ་རྩེའི་ཞོལ་དུ་ཆགས་ཡོད།

        དར་མདོའི་གདན་ཐོག་རི་བོ་ནི། མཚོ་འཕགས་སྨི་2560ཡོད། འདི་ནི་དར་མདོའི་གྲོང་ཁྱེར་གྱི་ཤར་ལྷོ་མཚམས་སུ་གནས་མཆོག་ལྷ་མོ་རྩེ་ཞེས་བྱ་བའི་རི་སྐེད་དུ་ཡོད་ཅིང་། ངག་རྒྱུན་དུ་ལ་མོ་རྩེ་ནི་ལྷ་མོ་མཆེད་བརྒྱད་རི་བོ་ཤིན་ཏུ་མཛེས་པ་བརྒྱད་དུ་སྤྲུལ་ཏེ་ཞི་བའི་ཚུལ་དུ་བཞུགས་ཤིང་། ནམ་མཁའ་འཇའ་ཚོན་གུར་ཁང་ནས་ལྷ་མོ་མང་པོའི་འཁོར་གྱིས་བསྐོར་བཞིན་པས་ལྷ་མོ་རྩེ་ཞེས་གྲགས། རི་རྩེ་ལ་མཚོ་འཕགས་སྨི་4338ཡོད། གདན་ཐོག་རི་བོ་ཡོད་སའི་ཕྱོགས་དེ་ནི་ཆེས་མཛེས་ཤིང་ཡིད་དུ་འོང་ལ། སྐྱིད་ཀྱི་དཔལ་ལ་རོལ་བའི་རི་བོ་ཞིག་ཡིན། དེར་ཕྱིས་ལྕགས་ལ་རྒྱལ་པོ་རིམ་བྱོན་གྱིས་བསང་ཁྲི་སོགས་བཞེངས་ཏེ། ལོ་འཁོར་མོའི་ས་ག་ཟླ་བའི་ཚེས་བརྒྱད་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པའི་ཉི་མོར་སྟོན་པ་ཐུབ་པའི་དབང་པོ་གཙོ་བཞུགས་ཀྱི་གོས་ཐང་ཆེན་མོ་བཤམས་པ་དང་། བསང་མཆོད་རྟ་རྒྱུགས་གནས་སྐོར་སོགས་བྱེད་སྲོལ་ད་ལྟའི་བར་ཆགས། གནས་སྐོར་བྱ་ཚུལ་ནི་ཐོག་མར་སེམས་བསྐྱེད་དང་ལྡན་པས་རྒྱ་ཡུལ་ཤར་སྒོ་ནས་སྒྲོལ་མ་ལྷ་ཁང་ཡོད་སའི་སྒང་རྒྱབ་ནས་གྱེན་ལ་བརྒྱབ་སྟེ་གདན་ཐོག་ཏུ་བསང་དང་གསེར་སྐྱེམས་ཀྱིས་མཆོད། མཎྜལ་ཕུལ། དེ་ནས་གྱེན་དུ་དེད་དེ་འཇའ་ཚོན་སྣ་ལྔའི་ཆུ་མིག་སོགས་མཇལ་ནས། ཡིག་དྲུག་འདོན་བཞིན་ཀོང་ཇོ་ཟམ་ཁར་བབ། ཟམ་པ་བརྒལ་ཏེ་ཆུ་བོའི་རྒྱུན་གྱེན་ལ་དེད། རྡོ་རྗེ་བྲག་དགོན་དང་། ལྷ་མོ་རྩེ་དགོན་པར་བསྐོར། རྟེན་འབྲེལ་སྨོན་ལམ་སོགས་བྱ། དེ་ནས་ཡིག་དྲུག་སོགས་ཀྱི་དབྱངས་རྟ་གླུ་རུ་ལེན་བཞིན་ཨ་ལི་འབུར་སྒང་གི་འཕྲེད་ལམ་བརྒྱུད་དེ་ཟུར་རི་ཕུག་ནས་མར་བབ་ཏེ། སེམས་ཅན་ཐམས་ཅད་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་ལ་འཇུག་པའི་སྨོན་ལམ་གདབ། རྣམ་རྒྱལ་མཆོད་རྟེན་ལ་ཕྱག་དང་སྐོར་བ་ཅི་ནུས་བྱ། མཐར་བཀྲ་ཤིས་བརྗོད་ཅིང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་བྱ་བ་ནི་བར་སྐོར་གཅིག་གི་ཚད་ཡིན།
        དེའང་འཇམ་དབྱངས་གྲགས་པས་མཛད་པའི་ལ་མོ་རྩེའི་དཀར་ཆག་གསལ་བའི་མེ་ལོང་ཞེས་པ་ལས། བོད་ཀྱི་གྲུབ་ཆེན་བླ་མ་ཞིག་པོ་ཞེས་བྱ་བས། རི་དེའི་རྐེད་པ་དང་རི་དེའི་མགོ་རུ་སྤྱིལ་བོ་བྱེད་བསམ་པས་རི་དེའི་རྐེད་དུ་འདུ་ཁང་དང་སྤྱིལ་བོ་མང་པོ་བྱས་ནས་རྟ་རྒྱུག་སའི་ལམ་བྱས། དེའི་ཟླ་བ་ཉའི་ཉིན་པར་ཅིག་ལ་བུད་མེད་རྒྱན་ཆ་མང་པོས་བརྒྱན་ཅིང་གསེར་དངུལ་དང་བྱུ་རུ། མུ་ཏིག་དང་མུ་མེན། ཆུ་ཤེལ་དང་དུང་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་བརྒྱད་དང་། བུད་མེད་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་མང་པོ་དང་བུ་མོ་ན་ཆུང་རྒྱན་གྱིས་བརྒྱན་པ་མང་པོ་དང་། དགེ་བའི་བཤེས་གཉེན་དུ་འོང་བ་བརྒྱད་དང་དཀའ་ཐུབ་དང་སྔགས་པ་མང་པོ་གཅིག་འདུས་པས་བུད་མེད་གཅིག་གིས་དཔོན་བྱས་པའི་གཡོན་སྐོར་དུ་བསྐོར་བ་བྱས་པས་ཕྱག་གསུམ་འཚལ་ནས་པུས་བཙུགས་བྱས་པས་འདི་སྐད་ཟེར་། ནང་པའི་ཆོས་ཀྱང་བདེན་པར་འདུག ཁྱོད་ལ་ན་ཚ་དང་། འཚོ་བ་ཉམས་པ་དང་ཉམ་ང་བ་དང་བག་ཚ་བའི་ཚིག་བརྗོད་པ་ལ་སྐྱི་བུང་ཡ་ང་བ་མ་བྱུང་བས། ཆོས་སྤྱོད་པ་རྣམས་ལ་བདེན་པར་འདུག ངེད་ཕྱི་པ་རྣམས་ཀྱང་ཤིན་ཏུ་དད་པས་ནང་པར་གྱུར་ཏོ། །ཁར་སང་བར་ཆད་བྱས་པ་བཟོད་པར་གསོལ། ད་ངེད་རྣམས་ཀྱི་དོན་དུ་ཆོས་སྤྱོད་པ་རྣམས་ལ་སོ་སོར་བདེན་པའི་གླུ་ཞིག་ལོངས་ཟེར་བ་ལ། དེའི་ལན་དུ་འདི་གསུངས་སོ། །
དགུང་འཁོར་ལོ་རྩིབ་བཅུའི་བླ་རེའི་འོག །ཡུལ་ཡོན་ཏན་ཅན་གྱི་དར་རྩེའི་ཀླུང་། །མི་རྒྱ་བོད་ཡུལ་བར་ཡིན་པའི་ཕྱིར། །མི་སྐད་རིགས་མི་གཅིག་མང་པོ་འགྲུལ། །
ཡུལ་ཚོང་འདུས་རིན་ཆེན་ཡིན་པའི་ཕྱིར། །མི་གང་གིས་ཅི་འདོད་ཐམས་ཅད་ཡོད། །རྟེན་སྦས་པའི་དབང་སྡུད་ཡོད་པའི་ཕྱིར། །མི་མི་མིན་ལ་སོགས་ཐམས་ཅད་འདུ། །ཕྱོགས་མཚམས་རྣམས་དུར་ཁྲོད་ཡིན་པའི་ཕྱིར། །
ཕྲ་མན་གྱི་ཊ་ཀི་ཐམས་ཅད་འདུ། །ཕུག་རྩེ་འཛིན་རི་རྒྱལ་གཉེན་པོ་དང་། །མི་གདོལ་བས་མིང་བཏགས་ལ་མོ་རྩེ། །གཡས་ས་བདག་རྒྱལ་པོ་ཡིན་པའི་ཕྱིར། །མགོ་སྣ་ལྔ་སྤྲིན་གྱི་ལ་ཐོད་མཛེས། །གཡོན་ས་བདག་རྒྱལ་མོ་ཡིན་པའི་ཕྱིར། །མགུལ་དུ་བསེ་མཚོ་བྲང་རྒྱན་མཛེས། །
བར་ས་བདག་རྒྱལ་བུ་ཡིན་པའི་ཕྱིར། །འགོ་རྫ་དང་གངས་ཀྱི་གཙུག་ཕུད་མཛེས། །མགུལ་འགུར་ཆུ་བུམ་པ་མན་ཆད་དེ། །གནོད་སྦྱིན་གྱི་བང་མཛོད་ཡིན་པའི་ཕྱིར། །ན་བུན་དང་སྐྱི་བུན་རྒྱུན་དུ་འཐིབས། །
ཕྱེད་མན་པོ་སྐེད་པ་མན་ཆད་དེ། །ས་བདག་ཀླུའི་བཤོས་ཤིང་ཡིན་པའི་ཕྱིར། །རྟགས་རྩི་ཤིང་ནགས་ཚལ་ལོ་འདབ་རྒྱས། །སྔོན་དགྲ་བཅོམ་བཞུགས་གནས་ཡིན་པའི་ཕྱིར། །རྟགས་པདྨ་སྤུངས་པའི་གདན་སྟེང་ན། །

རྒྱལ་སྲས་རྣམས་དཀྱིལ་ཀྲུང་བཅས་པ་འདྲ། །གངས་དེ་ལ་དགོན་གནས་སུ་བཅའ་རྣམས། །དོན་བྱང་ཆུབ་སྐམ་སར་སླེབ་པའི་ཕྱིར། །གངས་རྩེ་བརྒྱད་དགོངས་སུ་ཆས་པ་འདྲ། །གངས་རྒྱ་བོད་གཉིས་ལ་མཚན་སྙན་པ། །ཞེས་སོགས་གསུངས་པས་དད་པར་གྱུར་ཏེ། ཕྱིན་ཆད་བཞུགས་པ་རྣམས་ལ་སྡོང་གྲོགས་བྱེད་པར་ཁས་བླངས་སོ། །ལ་མོ་རྩེའི་སྟོད་སྨད་ཐམས་ཅད་དགོན་པ་བཟོས་ཤིང་ཡུན་རིང་དུ་བཞུགས་པས་སེམས་ཅན་དཔག་ཏུ་མེད་པ་ཐར་པའི་ལམ་ལ་བཀོད་པར་མཛད་དོ་ཞེས་གསུངས་སོ། །

        ཡང་གནའ་དཔེ་རྙིང་པ་འགའ་ལས་བསྟན་པ་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ། རྗེ་འབངས་ཉེར་ལྔའི་ཡ་གྱལ། བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་ལྷ་མོ་རྩེར་བཞུགས་སྐབས་ཡུལ་དེའི་གནས་བདག་ལྷ་མོ་མཆེད་བརྒྱད་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་པས་ཁོང་གིས་དེ་དག་ལ་བསང་དང་མཆོད་གཏོར་ཕུལ་ཏེ་ས་གཞི་བྱིན་གྱིས་བརླབས། ལྷ་མོ་རྩེའི་གནས་བྱང་ཞེས་བྱ་བའང་བརྩམས། ཞེས་གྲགས། ལྷ་ལུང་དཔལ་རྡོར་(སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ།)གྱིས་བོད་ཀྱི་བཙན་པོ་བཀྲོངས་ནས་མདོ་སྨད་དུ་བྲོས་ཏེ་བཞུགས་རིང་ལྷ་མོ་རྩེ་དང་གངས་དཀར་རི་བོ་སོགས་སུ་ཞབས་ཀྱིས་བཅགས་ཤིང་ཡུན་རིང་དུ་བཞུགས། ཀརྨ་པཀྵི་(1204-1283)ཧོར་རྒྱལ་པོ་གོ་བེ་ལས་ཧོར་ཡུལ་དུ་གདན་དྲངས་ཏེ་ཕེབས་ལམ་དུའང་དར་མདོ་ལྷ་མོ་རྩེར་ཕྱག་ཕེབས་ཏེ། གནས་འདི་བདེ་མཆོག་དང་རྗེ་བཙུན་རྣལ་འབྱོར་མའི་གནས་ཁྱད་པར་ཅན་ཡིན་གསུངས་ནས་སྡེ་དགོན་གོག་པོ་རྣམས་གསོལ་བ་དང་། དགོན་གནས་ཤིག་གསར་དུ་བཏབ་ཅིང་དགོན་པའི་མིང་གཞན་ཕན་གླིང་ཞེས་བཏགས་ཀྱང་། གནས་མིང་དགོན་དུ་ཆགས་ཏེ་ཀུན་གྱིས་ལྷ་མོ་རྩེ་དགོན་ཞེས་ཟེར། སྔོན་རྗེས་སུ་འབོ་གངས་དཀར་རི་བོའི་ཉེ་ལོགས་སུ་གངས་དཀར་སྒྲུབ་སྡེ་འདེབས་པ་པོ་གྲགས་པའི་དཔལ་(1260-?)དང་། རྨ་སེ་དགོན་པ་འདེབས་པ་པོ་མི་ཉག་བ་རྨ་སེ་སྟོན་པ(1317-1383)། ལྷག་པར་དུ་མི་ཉག་མཁས་པའི་ཡ་གྱལ་འཇམ་དབྱངས་གྲགས་པ་(1370-?)སོགས་ལྷ་མོ་རྩེར་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་ཡུན་རིང་པོར་བཞུགས་སྐད།

        གདན་ཐོག་རི་བོའི་རྩེ་ཞོལ། གཡས་གཡོན་མདུན་བརྒྱར་བཻ་རོ་སོགས་ཀྱི་སྒྲུབ་ཕུག་དང་། གཏེར་ཕུག ལྷ་ཁང་། བསང་ཁྲི། ཚོན་མདོག་ལྔ་ལྡན་གྱི་ལྷ་མཚོ། ལྷ་མོ་མཆེད་བརྒྱད་ཀྱི་ཞབས་ཕྱག་རྗེས་རང་བྱོན་སོགས་ད་ལྟའང་མཇལ་རྒྱུ་ཡོད། དེང་དར་མདོའི་གྲོང་ཁྱེར་ནང་གི་རྒྱུན་དྭངས་ཆུ་མིག་གི་ཆུ་ཕུག་ཀྱང་ལྷ་མོའི་སྒྲུབ་ཆུ་ཡོད་སའི་ས་འོག་ནས་ཐད་ཀར་རི་འདབས་ཀྱི་བྲག་སྐམ་པོ་ནས་ཕྱིར་ཐོན་པ་སྟེ། གཙང་ཞིང་ཡིད་དུ་འོང་ལ། དྲི་ཞིམ་གཡོ་བ་མེད་པ། བཏུང་ན་མཛེས་ཤ་དོད་པོ་སྐྱོན་མེད་ཡོན་ཏན་དུ་མས་བརྒྱན་པའི་འཛད་མེད་ཀྱི་ཆུ་གཏེར་ཆེན་པོ་ལྷ་ཆབ་བདུད་རྩི་ཞེས་གྲགས། སྔོན་དུས་སུ་བླ་མ་ལྷ་ཁང་སོགས་ལྷ་ཁང་དང་། དགོན་ཁག་མང་པོ་ཡོད་པས་ངག་རྒྱུན་དུ་མདོ་དགོན་ཁག་བརྒྱད་ཅེས་ཡོངས་སུ་གྲགས་ཀྱང་། རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ཏེ་སྤྱི་ལོ་1639ལོར་གཞན་ཕན་གླིང་སོགས་དགོན་སྡེ་མང་པོ་སོག་དམག་གིས་བརླགས་ཏེ་གྲྭ་པ་རྣམས་ཁ་འཐོར་ནས་ཉེར་སྐོར་གྱི་རྣལ་འབྱོར་ལུང་དང་། བུམ་པ་གཡུ་མཚོ། གཡག་རྭ་ལུང་པ། རྒྱལ་མདའ་ལུང་། ཟུར་རི་ཕུག ཀརྨ་སྒང་སོགས་ལ་སྒྲུབ་པ་ཉམས་ལེན་བཞུགས། དེ་ནས་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྟེ་སྤྱི་ལོ་1646ལོར་ད་ལྟ་ལྷ་མོ་རྩེ་དགོན་པ་ཡོད་ས་འབྲུག་སྒང་ཞེས་པ་ལ་དགོན་པ་གསར་པ་བཞེངས། དགོན་པའི་ཆོས་རྒྱུད་ཀྱང་རི་བོ་དགའ་ལྡན་པར་བསྒྱུར། དགོན་མིང་དགའ་ལྡན་འགྲོ་ཕན་གླིང་ཞེས་གསོལ། གཞན་ཡང་དར་རྩེ་ལ་མོ་རྩེའི་བསང་མཆོད་དང་། ཨ་ལི་འབུར་སྒང་གི་བསང་མཆོད། འཛམ་བྲག་གི་བསང་མཆོད་སོགས་ལས་ཤེས་པར་བྱའོ། །
        དེ་ལྟར་དར་མདོ་གདན་ཐོག་རི་བོ་ནི་གནའ་ནས་དེང་བར་འཛམ་གླིང་ཡང་རྩེ་སོན་པའི་རི་བོ་སྙན་གྲགས་ཅན་དང་། རྒྱལ་ཁབ་རིམ་པའི་གལ་ཆེའི་མཛེས་ལྗོངས་གྲགས་ཅན་ཞིག་ཡིན། ཁྱད་པར་དུ་ལོ་རབས་དགུ་བཅུ་པར་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་དར་མདོའི་མཛའ་གཞས་ཅེས་པ་གོ་ལ་ཧྲིལ་པོར་ཤུགས་ཅན་ཆེ་བའི་དམངས་གླུ་བཅུའི་གྲས་སུ་བཞག་ནས་བཟུང་དར་མདོའི་གདན་ཐོག་རི་བོ་ནི་འཛམ་གླིང་གི་ཁྱོན་ཀུན་ཏུ་རླུང་ལྟར་གྲགས་ཤིང་། དར་མདོའི་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་། རིག་གནས་འཕེལ་རྒྱལ་ལ་འགུལ་ཤུགས་ཆེན་པོ་ཐོན།
ཟུར་མཆན།
        དེའང་གདན་ཐོག་རི་བོ་ལ་རྟ་རྒྱུགས་ཐང་དང་།
        ལ་མོ་རྩེའམ་ལྷ་མོ་རྩེ་ཞེས་ཀྱང་བྱ། དེ་ནི་སྔོན་གྱི་ལོ་རྒྱུས་དང་། བྱ་བ་དང་། བྱེད་ནུས་ལས་འབྲེལ་བའི་མིང་དུ་ཆགས་པའི་དོན་གཅིག་མིང་གི་རྣམ་གྲངས་སོ། །

        ཨ་ཇ་ཁ་པ་དང་། ཨ་ལྕགས་ཁ་པ་ནི་དར་རྩེ་མདོ་པས་བཏགས་པའི་ཇ་རྟ་ཚོང་ལམ་དང་འབྲེལ་བ་ཡོད་པའི་ལུང་པའི་ཁ་སྐད་ཅིག་ཨེ་ཡིན་སྙམ། དེ་ནི་ཇ་རྟ་ཚོང་ལམ་དུ་རྒྱ་བོད་ཀྱི་ཚོང་པ་རྣམས་ས་གནས་སོ་སོ་ནས་དར་རྩེ་མདོར་ཚོང་གཉེར་བྱེད་དུ་འོངས་སྐབས་ཀྱི་སྡོད་སའི་བརྟན་འཇགས་གནས་ཚོང་གི་དོན་ཡིན། དར་རྩེ་མདོ་པ་མ་ཡིན་པའི་བོད་མིས་དེ་ལ་མདོ་པ་ཞེས་ཟེར་སྲོལ་ཡོད། གང་ལྟར་དར་མདོའི་ཨ་ཇ་ཁ་པ་ནི་ཏཱ་མིང་རྒྱལ་རབས་ནས་རིམ་བཞིན་ཇེ་མང་དང་ཇེ་རྒྱས་སུ་བྱུང་བའི་དར་རྩེ་མདོའི་རྒྱ་བོད་ཚོང་ལམ་ལས་རིགས་ཐོག ཚོང་ཟོག་སྤུས་དག་དང་། ཚོང་ཟོག་རིན་གོང་། ཚོང་ཟོག་བྲིན་རྒྱུག ཚོང་ཁྲལ་སྡུད་ལེན། ཚོང་རའི་རྙོག་འཛིང་སོགས་ཕྱོགས་གང་ཐད་ལ་གཅིག་གྱུར་གྱི་དོ་དམ་དང་། བདག་གཉེར། ཚོང་ལས་འཕེལ་རྒྱས་གཏོང་བ་ལ་ཡུལ་གཞན་དུ་མེད་པའི་ཁྱད་ཆོས་ཤིག་ཡིན། ཕྱིས་དུས་དངོས་སུ་ཐོ་བཀོད་ཀྱི་ཨ་ཇ་ཁ་པ་48ཡོད་པ་དང་། གཞན་ཡང་ཆུང་ཆུང་འགའ་བཅས་དེ་ལས་མང་བ་ཡོད་སྐད་དོ། །
        རི་གསུམ་ཆུ་གཉིས་སྒོ་གསུམ་ནི། ལྷ་མོ་རྩེ་དང་། འཛམ་བྲག ཨ་ལི་འབུར་སྒང་སྟེ་རི་གསུམ། གཡག་ཆུ། རྒྱུ་ཆུ་གཉིས། ཤར་རྒྱ་ཡུལ་ལྟག་སྒོ་དང་། ལྷོ་མི་ཉག་ལྟག་སྒོ། བྱང་གཡག་རྭ་ལྟག་སྒོ་བཅས་སོ། ། 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1