སྡེ་དགེ་ཁྲོ་ལའི་ཕུག་ལམ་ལེགས་པར་གྲུབ་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-26


        སྤྱི་ཟླ་9པའི་ཚེས་26ཉིན་གྱི་སྔ་དྲོར་འཕྲིན་བཟང་ཞིག་གིས་དཀར་མཛེས་ཁུལ་སྡེ་དགེ་རྫོང་དང་ལྷག་པར་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་མང་ཚོགས་རྣམས་ཀྱི་ནང་སེམས་ལ་སྤྲོ་བ་ཚད་མེད་བསྐྱེད་པ་རེད། འཕྲིན་བཟང་དེ་ནི་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་ཞིང་རིང་ཚད་ཆེས་རིང་ཁྲོ་ལའི་ཕུག་ལམ་གྱི་འཛུགས་སྐྲུན་ལེགས་པར་གྲུབ་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་བྱུང་བ་དེ་རེད། ཁྲོ་ལའི་ཐུག་ལམ་ཤར་གཏོང་བྱས་པ་ལས་སྐ་མ་བཅུ་ལྷག་གིས་ཁྲོ་ལའི་རི་བོ་བརྒལ་ཐུབ་པ་དང་སྔོན་ཆད་ལྟར་ཆུ་ཚོད་གཉིས་ལྷག་སྤྱད་དེ་ཉེན་ཁ་ཆེ་བའི་རི་ལམ་བརྒྱུད་པའི་ལོ་ཟླ་མཇུག་རྫོགས་པ་རེད། 

        ཁྲོ་ལའི་ཕུག་ལམ་གྱི་ལས་གྲྭ་དེ་རྒྱལ་ལམ་317གྱི་ཁྲོན་བོད་བྱང་རྒྱུད་ཀྱི་དཀར་མཛེས་ནས་སྡེ་དགེ་སྐམ་ཐོག་བར་གྱི་ས་མཚམས་སུ་ཡོད་ཅིང་།  ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་12ཡོད་ཅིང་། ཕུག་ལམ་ཁོ་ནའི་རིང་ཚད་ལ་སྨི་7079ཡོད་ལ། ཕུག་ལམ་གཡས་གཡོན་གཉིས་སུ་ལམ་ཐིག་སྤྱི་ལེ་ལྔ་ཡོད་ལ། ལས་གཞི་འདིར་མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར་11.2བཏང་ཡོད་པ་རེད།

        2011ལོའི་ཟླ་བ་6པའི་ཚེས་1ཉིན། རྒྱལ་ལམ་317པའི་ལམ་རྒྱུད་ཀྱི་ཁྲོ་ལའི་ཕུག་ལམ་གྱི་ཤར་སྒོ་དེ་སྡེ་དགེ་རྫོང་མ་ཎི་གད་མགོ་ཤང་ནས་སྐྲུན་འགོ་ཚུགས་ཤིང་། 2014ལོའི་ཟླ་བ་9པ་ནས་ཀྲུང་གོའི་ལྕགས་ལམ་ཅུས་དང་པོའི་སྤྱི་གཉེར་ཁང་བཞི་པས་སྐྲུན་འགན་འཁུར་བའི་རྒྱལ་ལམ317པའི་ལམ་རྒྱུད་ཀྱི་ཁྲོ་ལའི་ཕུག་ལམ་གཙོ་བོ་སྨི་1720སྔོག་འདོན་བྱས་པ་དང་ལས་ཡུན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད། 2015ལོའི་ཟླ་བ་12པའི་ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་ཁྲོ་ལའི་ནུབ་ཕྱོགས་ཀྱི་ཕུག་སྒོའི་གཙོ་ལམ་སྔོག་འདོན་བྱས་ནས་ནུབ་ཕྱོགས་ཀྱི་ཕུག་ལམ་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད། 2016ལོའི་ཟླ་བ་11པའི་ཚེས་10ཉིན་གྱི་སྔ་དྲོར་ཁྲོ་ལའི་ཕུག་ལམ་དངོས་སུ་ཕུག་མཇུག་སྒྲིལ་བ་རེད།
        དེ་རིང་སྔ་དྲོའི་ཆུ་ཚོད་བཅུ་གཅིག་གི་སྟེང་དུ་ཁྲོ་ལའི་ཕུག་ལམ་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱུང་བར་རྟེན་འབྲེལ་ཞུ་བའི་ཡུལ་དངོས་སུ་བཟོ་བསྐྲུན་ལས་ཞུགས་པ་དང་ཇུས་འགོད་པ། སྡེ་དགེའི་རྫོང་ཉེ་འགྲམ་གྱི་མང་ཚོགས་སོགས་མི་སྣ་སྟོང་ལྷག་གི་དགའ་སྤྲོ་དང་རྟེན་འབྲེལ་ཁྲོད་ལོ་ངོ་བརྒྱད་ལ་འཛུགས་སྐྲུན་བྱས་པའི་ཁྲོ་ལའི་ཕུག་ལམ་ལེགས་པར་གྲུབ་ནས་རླངས་འཁོར་ཤར་གཏོང་བྱས། ཁྲོ་ལའི་ཕུག་ལམ་འཛུགས་སྐྲན་གྱི་གོ་རིམ་ཁྲོད་གྲང་ངར་ཆེ་བའི་མཐོ་སྒང་དུ་ཕུག་ལམ་བསྐྲུན་པའི་དཀའ་གནད་མང་པོ་ཁྱད་དུ་བསད་ནས་ཁྲོན་བོད་བྱང་རྒྱུད་ཀྱི་འགག་སྒོ་ཡོངས་སུ་གཏོར་བ་རེད། འདིས་བོད་ཁུལ་གྱི་དཔལ་འབྱོར་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པར་ཕན་ནུས་ཆེན་པོ་འདོན་ངེས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1