རྒྱ་གར་དུ་H1N1ཀ་པའི་ཆམ་རིམས་བྱུང་བ་ལས་མི་གྲངས་1741གྲོངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-28


        ད་ལོ་རྒྱ་གར་དུ་H1N1ཀ་པའི་ཆམ་རིམས་བསྐྱར་དུ་བྱུང་བ་རེད། རྒྱ་གར་གྱི་འཕྲོད་བསྟེན་དང་ཁྱིམ་དུད་ཕན་བདེ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། ད་ལོ་ནས་བཟུང་རྒྱ་གར་རྒྱལ་ཡོངས་སུ་ཁྱོན་བསྡོམས་H1N1ཀ་པའི་ཆམ་རིམས་ནད་པ་34009བྱུང་བ་དང་། དེའི་ཁྲོད་མི་1741གྲོངས་པ་རེད། 
        ཚེས་26ཉིན་《རྒྱ་གར་སི་ཐན་སྐབས་དོན་ཚགས་པར་》གྱིས་འཕྲོད་བསྟེན་དང་ཁྱིམ་དུད་ཕན་བདེ་པུའུ་ཡི་གཞི་གྲངས་དྲངས་པར་གཞིགས་ན། H1N1ཀ་པའི་ཆམ་རིམས་བྱུང་བ་ལས་གྲོངས་པའི་མི་གྲངས་མང་ཤོས་ནི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེ་ཡིན་ཞིང་། ཁྱོན་བསྡོམས་མི་568གྲོངས་པ་དང་། དེ་ནས་ཀུ་ཅི་ལ་ཐེ་མངའ་སྡེ་ཡིན་ཞིང་། མི་413གྲོངས་པ་རེད། མངའ་སྡེ་དེ་གཉིས་ཀྱི་ཆམ་རིམས་འགོས་པའི་མི་གྲངས་སོ་སོར་5191དང་6994རེད། གཞི་གྲངས་ལས་ད་དུང་མིག་སྔའི་བར་དུ་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པར་མི་2755ལ་H1N1ཀ་པའི་ཆམ་རིམས་ཀྱི་ནད་དུག་འགོས་པ་གཏན་འཁེལ་བྱས་ཡོད་ཅིང་། དེའི་ཁྲོད་མི་16གྲོངས་པ་མངོན་པ་རེད།
        གནས་འཕྲིན་སྤེལ་བར་གཞིགས་ན། ད་ལོའི་H1N1ཀ་པའི་ཆམ་རིམས་འགོས་པའི་ནད་པའི་གྲངས་འབོར་ནི་ཆམ་རིམས་ཚབས་ཆེ་ཤོས་བྱུང་བའི་2015ལོའི་ནད་པའི་བསྡོམས་གྲངས་དང་ཉེ་བ་རེད། གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། 2015ལོར་རྒྱ་གར་གྱིས་ཁྱོན་བསྡོམས་H1N1ཀ་པའི་ཆམ་རིམས་འགོས་པའི་ནད་པ་ཧ་ལམ་ཁྲི་4.2ཟིན་པ་དང་། དེའི་ཁྲོད་མི་3000ལ་ཉེ་བ་གྲོངས་པ་སྙན་ཞུ་བྱས་པ་དང་། 2016ལོར་ཁྱོན་བསྡོམས་H1N1ཀ་པའི་ཆམ་རིམས་འགོས་པའི་ནད་པ་1786ཟིན་པ་དང་། དེའི་ཁྲོད་མི་265གྲོངས་པ་སྙན་ཞུ་བྱས་པ་རེད།
        རྒྱ་གར་གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དཔོན་པོས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱ་གར་སྲིད་གཞུང་གིས་འཕྲལ་བསྟུན་ཚོགས་ཆུང་བཙུགས་ནས་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེར་བརྟག་དཔྱད་བྱེད་པར་བསྐྱོད་པ་རེད། ས་གནས་དེ་གའི་སྨན་པས་H1N1ཀ་པའི་ཆམ་རིམས་ཀྱི་ནད་དུག་ཕལ་ཆེར་གཞན་འགྱུར་བྱུང་བའི་དོགས་པ་བྱེད་ཀྱི་ཡོད་ཅིང་། ནད་དུག་འདི་རིགས་ཐོག་མར་སྲོག་ཆགས་བརྒྱུད་དེ་འགོས་ཁྱབ་བྱེད་ཀྱི་ཡོད་པ་དང་། ད་ལྟ་མི་བརྒྱུད་དེ་འགོས་ཁྱབ་བྱེད་ཀྱི་ཡོད་པ་རེད།
        H1N1ཀ་པའི་ཆམ་རིམས་ཀྱི་ནད་དུག་སྤྱིར་བཏང་དུ་དགུན་དུས་སམ་ཆར་པ་བབས་རྗེས་འགོས་ཁྱབ་བྱེད་ཀྱི་ཡོད་པ་རེད། མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེའི་སྨན་པ་ཚོས་ད་ལོའི་ཆམ་རིམས་སྔོན་ཚུད་ནས་ཐོལ་གྱིས་བྱུང་བར་སེམས་ཁྲལ་བྱེད་ཀྱི་ཡོད་ཅིང་། ཁོ་ཚོས་རྒྱལ་ཁབ་ནད་རིགས་ཚོད་འཛིན་ལྟེ་གནས་ཀྱིས་རྒྱུ་རྐྱེན་རྩད་ཞིབ་གསལ་པོ་གང་མགྱོགས་བྱས་ནས་དུས་ཐོག་ཏུ་འཕྲལ་བསྟུན་བྱ་ཐབས་ལག་བསྟར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་བལྟས་ན། མི་རྣམས་ཆམ་རིམས་འགོས་རྗེས་དུས་ཐོག་ཏུ་སྨན་ཁང་ལ་སྨན་བཅོས་བྱས་མེད་པ་དེ་ནི་གྲོངས་པའི་མི་གྲངས་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས། གལ་ཏེ་ནད་རྟགས་བྱུང་རྗེས་དུས་ཐོག་ཏུ་སྨན་བཅོས་བྱས་པ་དང་སྨན་བཏུང་ན་ནད་པ་མང་པོའི་ཚེ་སྲོག་སྐྱོབ་ཐུབ་ཀྱི་རེད།
        H1N1ཀ་པའི་ཆམ་རིམས་ནི་གློ་བུར་དུ་བྱུང་བ་དང་འགོས་པའི་རང་བཞིན་གྱི་དབུགས་འབྱིན་རྔུབ་དབང་པོའི་ནད་གཞི་ཞིག་ཡིན་ཞིང་། དེའི་ནད་རྟགས་ནི་གློག་བུར་དུ་གློ་རྒྱག་པ་དང་། དབུགས་འབྱིན་རྔུབ་བྱེད་དཀའ་བ། ཚ་བ་རྒྱས་པ་སོགས་བྱུང་གི་ཡོད་པ་རེད། ཆམ་རིམས་ནད་དུག་འདི་རིགས་འགོས་པའི་རང་བཞིན་ཧ་ཅང་ཆེ་བ་དང་། སྟོན་ཁ་དང་དགུན་ཁའི་དུས་ཚིགས་སུ་ནད་ཕོག་ཤུགས་ཆེ་བ་དང་། ལོ་ཧྲིལ་པོར་འགོས་ཁྱབ་བྱེད་ཐུབ་ཀྱི་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1