༄༅།། གཡས་འཁྱིལ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་མདོར་བསྡུས།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-30


དབང་ཆེན་གྱིས་བྲིས། སྐལ་བཟང་གིས་པར་བླངས།

        བཀྲ་ཤིས་པའི་དོན་མཚོན་པར་བྱེད་པའི་དངོས་པོ་བརྒྱད་ཀྱི་རྟགས་རྣམས་གང་ཡིན་མཚོན་དོན་དང་བཅས་བློ་ལ་ངེས་པའི་ཕྱིར་གསལ་བར་འགོད་པ་ལ། ཐོག་མར་ངེས་ཚིག་གི་སྒོ་ནས་ཐ་སྙད་ཀྱི་དོན་བདེ་བླག་ཏུ་རྟོག་པར་བྱེད་པ། བར་དུ་ཇི་ལྟར་དར་བའི་སྲོལ་དང་ཡུལ་དུས་གང་དུ་ལོངས་སྤྱོད་པ། ཐ་མར་ཕན་ནུས་དང་དགེ་མཚན་ཇི་ལྟར་ལྡན་པ་བསྟན་པ་དང་སོ་སོའི་དོན་ངེས་པར་བྱས་ཏེ་བསྟན་པའོ། །
        དང་པོ་བཀྲ་ཤིས་ཞེས་པའི་མིང་འདི་ཉིད་ངེས་ཚིག་ལྟར་ན་རི་མོའམ་དབྱིབས་གཟུགས་ཀྱི་ལམ་ནས་མཛེས་རྒྱན་དུ་རྣམ་པར་བཀྲ་བ་གང་ཞིག་ཡུལ་དུས་གནས་སྐབས་ཐམས་ཅད་དུ་དགེ་ཞིང་ཤིས་པའི་དོན་མཚོན་པར་བྱེད་པ་ཞིག་སྟེ་ཆོས་དང་འཇིག་རྟེན་ཕྱོགས་གཉིས་ཀ་ནས་རྟེན་འབྲེལ་གྱི་དོན་ཁྱད་པར་བ་མཚོན་པར་བྱེད་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན།
        གཉིས་པ་བར་དུ་ལམ་སྲོལ་འདི་ཐོག་མར་ཇི་ལྟར་བྱུང་ཞེ་ན་སྤྱི་ལོ་སྔོན་གྱི་1922ལོར་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་དགུང་གྲངས་ལྔ་ཡས་མས་སུ་གཡུང་དྲུང་བོན་གྱི་གདུལ་བྱ་འདུལ་བ་ལ་དགོངས་ནས་ལྷ་ཡུལ་དུ་བྱོན་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་རྟགས་བརྒྱད་ཀྱི་མཆོད་པའི་རྫས་ཐོགས་ནས་མཆོད་ཡོན་གྱི་རྟེན་འབྲེལ་ཟབ་མོའི་ཉེ་ལམ་ལ་རྟེན་ནས་བྱུང་པ་མདོ་དྲི་མེད་ལས་གསལ་བར་གསུངས་ཡོད་པས་དེ་དག་གི་དོན་རེ་རེ་བཞིན་འོག་ནས་འབྱུང་བ་ལྟར་ཤེས་པར་བྱའོ།།དེ་ནས་བཟུང་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་དགེ་མཚན་ལྡན་པའི་ལས་ཁྱད་པར་ཅན་བསྒྲུབ་པའི་ཐོག་མར་བཀྲ་ཤིས་པའི་དོན་མཚོན་བྱེད་དུ་རི་མོའམ་གཟུགས་སུ་བྱས་པའི་རྟགས་བརྒྱད་འདི་ལག་ལེན་དུ་བསྟར་ནས་ལོངས་སུ་སྤྱོད་པར་རྒྱུན་འཇགས་སུ་གྱུར་པ་ཡིན་ལ། དཔེར་ན་ཆོས་ཀྱི་མཛད་སྒོ་ཆེར་སྤེལ་བར་གཙུག་ལག་ཁང་དང་མཆོད་རྟེན་སོགས་སྐུ་གསུང་ཐུགས་བརྟེན་ལ་རབ་གནས་དང་སྒོ་འབྱེད་བྱེད་པའི་སྐབས་དང་། བླ་སྤྲུལ་མཁན་གསུམ་ཆིབས་བསུ་དང་གདན་དྲངས་བ། ཁྲི་སྟོན་གྱི་མཛད་སྒོ་སྤེལ་བ་དང་སྦྱིན་བསྲེག་བྱ་བ་དཀྱིལ་འཁོར་བཞེངས་པ་སོགས་ཀྱི་སྔོན་དུ་བྱ་བ་དེ་ཉིད་ལེགས་ལམ་དུ་འགྲོ་བའི་རྟེན་འབྲེལ་གྱི་ཆེ་བ་ལམ་བར་རྟགས་བརྒྱད་ཀྱི་རི་མོ་འབྲི་བ་དང་། གསེར་དངུལ་ཟང་རག་སོགས་ཀྱི་གཟུགས་སུ་བཞེངས་པ་བྱས་ཏེ་བཀྲ་ཤིས་པའི་རྫས་འབུལ་བ་ཡིན། དེ་མིན་རོལ་མོ་དང་ལྗགས་གླིང་བུམ་པ་དུང་དམར་འབྲུ་ཕོར་ནང་མཆོད་རྐང་གླིང་དུང་དཀར་གྱི་གཤོག་པ་རྔ་སོགས་གསེར་དངུལ་ཟང་རག་ཞ་ཉེ་སོགས་ཀྱིས་བསྐྲུན་པའི་མཆོད་རྫས་རྣམས་ཀྱི་ངོས་འབུར་སྒྲོས་དང་འཇམ་རིས་རྟགས་བརྒྱད་ཀྱི་རི་མོས་བཀྲ་བ། ཐང་ག་དང་ལྡེབས་རིས་ཀྱི་ལྷ་ཡི་མདུན་དུ་རྟགས་བརྒྱད་ཀྱི་མཆོད་པ་དང་ལྷ་ཁང་དང་གཙུག་ལག་ཁང་གི་སྒོ་དང་གདུང་སྣམ་ཀ་ཞུ་འདོད་སྣམ་སོགས་ཀྱི་ཁོར་ཡུག་ཀུན་ཏུ་རི་མོ་འདིས་མ་ཁྱབ་པ་མེད་ལ་ཀུན་གྱི་མིག་རྒྱན་དུ་སྤུད་པ་ཞིག་ཡིན།
        བར་དུ་ཇི་ལྟར་ལོངས་སུ་སྤྱོད་པ་ལ་འཇིག་རྟེན་པ་རྣམས་ཀྱིས་རྟགས་བརྒྱད་ཀྱི་རི་མོ་འདིར་རིན་ཐང་དང་གཙིགས་མཐོང་ཆེན་པོ་འཛིན་པ་ཡིན་ཏེ་དུས་ཆེན་དང་ལོ་སར་སོགས་སྟོན་མོ་ཆེན་མོའི་མཛད་སྒོ་སྤེལ་བའི་དུས་རྟེན་འབྲེལ་གྱི་ཆེ་བ་བཀྲ་ཤིས་པ་མཚོན་བྱེད་དུ་གྱང་དང་སྒོ་ངོས་སུ་རྗེན་དང་གྲོ་སོ་ཕྱེ་མས་སྐར་རྒྱན་བྱས་པའི་རྟགས་བརྒྱད་ཀྱི་རི་མོས་ཕྱོགས་ཐམས་ཅད་བཀྲ་བ་དང་། དབྱར་སྟོན་གྱི་མཛད་སྒོ་སྤེལ་ནས་གུར་དང་གུར་མོ་ཆེ་སོགས་ལ་རྟགས་བརྒྱད་པ་ཏྲའི་རི་མོ་དང་རྒྱ་ནག་ལྕགས་རིའི་ཟླུམ་ཟུར་གྱི་འཁྱུད་ཅིང་རྒྱན་ཞིང་བཀྲ་བ། བག་མ་དང་མགྲོན་པོ་བསུ་སྐྱེལ་གཤིན་དུར་འདེབས་པའི་ལམ་བར་ནས་དཀར་དང་རྗེན་སོགས་ཀྱི་རྟགས་བརྒྱད་ཀྱི་རི་མོ་འབྲི་བ། དཔྱིད་རྨོད་དང་སྟོན་བསྡུའི་མཛད་སྒོ་སྤེལ་སྐབས་དེ་བཞིན་དུ་བེད་སྤྱོད་བྱེད་པའི་དམངས་སྲོལ་རིག་གནས་ཀྱི་རྒྱན་དུ་འཛིན་པ་ཡིན། ད་རུང་འཚོ་བའི་ཡོ་བྱད་རྣམས་ལ་བཟོ་རྩལ་དང་འབྲེལ་བའི་རིག་གནས་ཀྱི་དངོས་པོའི་མ་ལག་ཆ་ཚང་འདིའི་བཞེངས་བསྐྲུན་བྱས་ཡོད་པ་ཞིག་ཡིན་ཏེ་དཔེར་ན། རྫ་བན་དང་ཟང་བན་མདོང་མོ་ཁྲོ་སྣོད་རྩམ་པར་མར་པར་ཇ་དེམ་སོགས་སྣོད་སྤྱད་ཀྱི་རིགས་ཐབ་སྒོ་ཡན་ཆད་ལ་རྟགས་བརྒྱད་ཀྱི་འབུར་རིས་འཇོག་ཡོད་པ་དང་། གའུ་དང་གློ་གཟུང་སྤ་ཁུག་པང་རྒྱན་སྐྲ་བཟུང་གློ་གྲི་སོགས་རྒྱན་ཆའི་རིགས་དང་། གོས་ཆེན་དང་རྒྱ་སེར་སོགས་འཐག་བཟོ་བྱས་པའི་རྟགས་བརྒྱད་རི་མོས་བཀྲ་བའི་གོས་དང་ལྤགས་ལྭ་དང་ཕྱིང་ལྭའི་རྒྱབ་དང་མཐའ་ཤན་གྱུན་ཁྲིད་པའི་རྟགས་བརྒྱད་རི་མོ་དང་། པང་གདན་དང་མགོ་རས་ཕྱུ་པ་སོགས་གཙེམས་དྲུབ་བྱས་པའི་རྟགས་བརྒྱད་རི་མོས་བཀྲ་བ། ས་གདན་དང་གྲུམ་ཙེ་འཐག་དྲུབ་བྱས་པ་གཞན་ཡང་རྟ་ཁེབས་སྒ་སྲབ་ཡབ་ཆེན་གོང་རྨེད་སོགས་དམངས་སྲོལ་གྱ་ནོམ་ཞིང་ཕུན་སུམ་ཚོགས་པའི་ཤུལ་བཞག་རིག་གནས་ཀྱི་ཁོར་ཡུག་ལ་མཛེས་རྒྱན་དུ་གྱུར་པའོ། །

ཐ་མར་ཕན་ནུས་དང་དགེ་མཚན་ཇི་ལྟར་ལྡན་པ་བསྟན་པ་དང་སོ་སོའི་དོན་ངེས་པར་བྱས་ཏེ་བསྟན་པའོ། །

དང་པོ་སྐྱོན་བྲལ་གྱི་པད་མ།
        བཀྲ་གསལ་པདྨའི་གདན་མཆོག་ལྷུན་ལ་རྫོགས་ཞེས་བསྟན་ཏེ། དེ་ཡང་གཤེན་རབ་དགུང་ལོ་ལྔའི་ཐོག་ལྷ་གནས་གཡུང་དྲུང་གསལ་བྱེད་གླིང་དུ་ནམ་མཁར་འཕུར་ནས་ལྷ་རྣམས་ལ་གཡུང་དྲུང་གསལ་སྨྲ་ཡོད་ཁམས་རྒྱུད་ཀྱི་བོན་འཁོར་སྐོར་བའི་ཚེ། ལྷ་མོ་པདྨ་མས་མེ་ཏོག་པདྨ་མདངས་དང་ལྡན་པ་ཞིག་གདན་དུ་ཕུལ་ཏེ་པདྨ་ལྟ་བུའི་འཁོར་བའི་ཉེས་སྐྱོན་དང་བྲལ་བའི་བཀྲ་ཤིས་པའི་སྨོན་ཚིགས་གསོལ་བས་གཤེན་རབ་པདྨའི་གདན་ལ་བཞུགས་ཏེ་འཁོར་བའི་ཉེས་པའི་སྐྱོན་དང་བྲལ་ཞིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ཞེས་གསུངས་སོ། །
གཉིས་པ་བཅུད་ལྡན་གྱི་བུམ་པ།
        རྒྱུན་མེད་ཕྱྭ་ཚེ་བདུད་རྩི་བུམ་པའི་མགུལ་ཞེས་བསྟན་ཏེ། གཤེན་རབ་དགུང་ལོ་སོ་དྲུག་ཐོག་ལྷ་གནས་ནས་མར་རི་རབ་ཀྱི་རྩེར་བྱོན་ཏེ་ཕྱག་ས་ལ་བརྡབས་པས་སའི་དབུས་ནས་བཀྲ་ཤིས་ཀྱི་ལྷ་མོ་བུམ་པ་མས་གསེར་གྱི་བུམ་པ་བཅུད་ལྡན་ཞིག་ཕུལ་ཏེ། གཤེན་རབ་ཀྱི་མགུལ་ལ་བུམ་པའི་བཀྲ་ཤིས་གསོལ་བས་སྐུ་ལུས་གསེར་མདངས་སུ་གྱུར་ཏེ་གཡུང་དྲུང་དག་པ་ལྷའི་རྒྱུད་བཤད། དེ་ནས་བུམ་པ་དེ་བཞེས་མ་ཐག་མགུལ་ལ་འདོད་དགུ་འབྱུང་བའི་བང་མཛོད་ལྟར་གདུལ་བྱའི་རྒྱུད་ལ་བོན་སྒོ་ཚད་མེད་པ་ཕྱེས་ཏེ་བཀྲ་ཤིས་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ནོ། །

གསུམ་པ་བཀྲ་ཤིས་གསེར་གྱི་ཉ།
        འཇིགས་མེད་ཕྱག་ནི་བཀྲ་ཤིས་གསེར་གྱི་ཉ་ཞེས་བསྟན་ཏེ། གཤེན་རབ་དགུང་ལོ་སོ་བདུན་ཐོག་རི་བདུན་གྱི་ཁ་ཁྱེར་དུ་བྱོན་ཏེ་གཡུང་དྲུང་ཁྱིམ་བདུན་མི་ཡི་ནང་དུ་གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད་གསུངས། དུས་དེར་ཉ་ཅན་ལྷ་མོས་གསེར་ཉ་ཟུང་གཅིག་ཕུལ་ནས་ཕྱག་གསེར་ཉ་ལྟ་བུ་གཉེན་ཞིང་བདེ་བའི་བཀྲ་ཤིས་གསོལ་བས་གསེར་ཉ་བཀྲ་ཤིས་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ནོ། །
བཞི་པ་མི་ནུབ་པའི་རྒྱལ་མཚན།
        གསལ་བ་འོད་ལྡན་མི་ནུབ་རྒྱལ་མཚན་སྐུ་ཞེས་བསྟན་ཏེ། གཤེན་རབ་དགུང་ལོ་སོ་བརྒྱད་སྐབས་ཟད་མཚམས་མེ་ཏོག་གླིང་དུ་བདུད་རྗེ་ཁྱབ་པ་ལག་རིང་སོགས་རབ་ཏུ་བྱུང་སྟེ་གཡུང་དྲུང་ཕལ་ཆེན་འདུལ་བའི་རྒྱུད་གསུངས་ཚེ། ལྷ་མོ་རྒྱལ་མཚན་མས་བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཙུགས་ཏེ། སྐུ་མི་མཐུན་པའི་ཕྱོགས་མཐའ་དག་གཡུལ་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་གསོལ་བས། དེ་ནས་རྒྱལ་མཚན་འདི་ཉིད་མི་མཐུན་ཕྱོགས་ལས་རྒྱལ་བའི་བཀྲ་ཤིས་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ནོ། །


ལྔ་པ་འགག་མེད་ཀྱི་དུང་།
        སྒྲ་རྒྱལ་དུང་ཅན་མྱ་ངན་མེད་པའི་དབྱངས་ཞེས་བསྟན་ཏེ། བོན་སྟོན་གཤེན་རབ་མཆོག་དགུང་ལོ་ཞེ་གཅིག་ཐོག་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་ནང་དུ་གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད་གསུངས་ནས་བོན་སྒྲས་འཇིག་རྟེན་ཁྱབ་པར་གྱུར་པའི་སྐབས། ལྷ་མོ་དུང་ཅན་མས་གསུང་ལ་འགག་པ་མེད་པའི་ཆེད་དུ་དུང་དཀར་གཡས་འཁྱིལ་ཞིག་ཕུལ་ཏེ་གསུང་ལ་འགག་མེད་ཚངས་དབྱངས་དྲུག་ཅུའི་བཀྲ་ཤིས་གསོལ་བ་ནས་བཟུང་དུང་དཀར་འདི་ཉིད་གསུང་ལ་འགག་པ་མེད་པའི་བཀྲ་ཤིས་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ནོ། །

དྲུག་པ་ཕུན་ཚོགས་དཔལ་གྱི་བེའུ།
        ཐུགས་ཉིད་དཔལ་བེའུ་མཚན་མའི་ཡུལ་ལས་འདས་ཞེས་བསྟན་ཏེ། བོན་སྟོན་དེ་ཉིད་དགུང་ལོ་ཞེ་གཉིས་ཐོག་གསས་ཁང་ཁོལ་མ་ནེའུ་ཆུང་དུ་གཡུང་དྲུང་ཁོང་མ་དག་པའི་རྒྱུད་འཆད་སྐབས་ཐུགས་ཉིད་གཡོ་བ་མེད་པར་ཡེ་ཤེས་ལྔའི་རྣམ་པ་རབ་ཏུ་བཀྲ་བའི་ཚེ། ལྷ་མོ་དཔལ་བེའུ་མས་དཔལ་བེའུ་ཞིག་ཕུལ་ནས་ཐུགས་ལ་གཡོ་བ་མེད་པའི་བཀྲ་ཤིས་གསོལ་བས། དེ་ནས་བཟུང་དཔལ་བེའུ་འདི་ཉིད་ཐུགས་ལ་སྡུག་བསྔལ་དང་གཡོ་འཁྲུལ་མེད་པར་བཀྲ་ཤིས་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ནོ། །

བདུན་པ་དབང་བསྒྱུར་བའི་འཁོར་ལོ།
        དབང་བསྒྱུར་འཁོར་ལོ་ཐུགས་རྗེའི་རྩིབས་སྟོང་ལྡན་ཞེས་བསྟན་ཏེ། གཤེན་རབ་དེ་ཉིད་དགུང་ལོ་ཞེ་གསུམ་ཐོག་ཕོ་གླིང་མོ་གླིང་གཉིས་ཀྱི་བར་མཆོད་རྟེན་ཆེན་པོའི་དྲུང་དུ་ལས་འབྲས་མངོན་སྟོན་སྲིད་པའི་འཁོར་ལོ་སོགས་མངོན་པའི་བོན་འཁོར་སྐོར་སྐབས། ལྷ་མོ་འཁོར་ལོ་མས་འཁོར་ལོ་ཞིག་ཕུལ་ནས་ཞབས་ལ་ཆགས་ཐོགས་བྲལ་བར་གསེར་གྱི་འཁོར་ལོས་བཀྲ་ཤིས་གསོལ་བས་དེ་ནས་བཟུང་འཁོར་ལོ་འདི་ཉིད་ཞབས་ལ་ཆགས་ཐོགས་མེད་པར་བཀྲ་ཤིས་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ནོ། །

བརྒྱད་པ་སྐྱོབ་པའི་གདུགས་།
        དབུ་ཆེན་གདུགས་ཆེན་ཞུ་ཤམ་པྲོག་དང་བཅས་ཞེས་བསྟན་ཏེ། གཤེན་རབ་དེ་ཉིད་དགུང་ལོ་ཞེ་དགུའི་ཐོག་མི་གཡོ་བསམ་གཏན་གླིང་དུ་གཡེང་བའི་ཚོགས་སྤང་དབེན་པའི་གནས་བརྟེན་ཏེ། ཚིག་བོར་དོན་བསྒོམས་ནས་གཞི་ལམ་འབྲས་བུའི་བོན་རྣམས་གཏན་ལ་ཕབ་ནས་སྒོམ་པའི་ཐོག་མར། ལྷ་མོ་གདུགས་ཅན་མས་དབུའི་ཐོག་ཏུ་གདུགས་ཕུབ་ཏེ་དབུ་གདུགས་ལྟར་ཀུན་གྱིས་བླ་ན་མཐོ་བའི་བཀྲ་ཤིས་གསོལ་བ་ན་གདུགས་འདི་ཉིད་དབུ་འཕང་དགུང་དང་མཉམ་པར་བཀྲ་ཤིས་པའི་མཚོན་རྟགས་སུ་གྲུབ་པ་ཡིན་ནོ།།
བཀྲ་ཤིས་རྟགས་བརྒྱད་མཚོན་པའི་བསྡུས་དོན་འདི་བན་བོན་གཉིས་སྟོན་པའི་ཁྱད་པར་ཙམ་མ་གཏོགས་ནང་དོན་རྣམས་ཕལ་ཆེར་ཁྱད་མི་འདུག་པས་འདི་བོན་ལྟར་བཤད་པ་ནི་རིག་གནས་འདིའི་ཐོག་མའི་ཡོང་ཁུངས་དུས་སྔ་ཕྱིའི་ཁྱད་པར་ལ་ལྟོས་ནས་བཀོད་པ་ཡིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1