འཛམ་ཐང་རྫོང་གིས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བྱས་པ།

རྩོམ་སྒྲིག་པ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-09


       ཉེ་སྔོན་གསར་འགོད་པ་རྡོ་ཆུའི་ཉེ་འདབས་སུ་ཐོན་ཚེ་ཁ་དོག་དམར་སེར་གྱིས་བསྐུས་པའི་ཨར་ལས་ཞིག་མིག་ལམ་དུ་མངོན་སུམ་དུ་ཤར་འདུག དེ་ནི་ད་ལོའི་ཟླ་8པར་འཛམ་ཐང་རྫོང་གིས་གསར་དུ་བསྐྲུན་པའི་བོད་རྒྱ་སྐད་གཉིས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་རེད། སློབ་གྲྭ་ནི་འཛམ་ཐང་རྫོང་མཁར་གྱི་རྐ་རི་ཁུལ་གསར་དུ་བསྐྲུན་པ་དང་། རྫོང་མཁར་དང་བར་ཐག་ཆུ་བོ་གཅིག་ལས་མེད་པས། རྫོང་དེའི་མཛེས་ལྗོངས་ལེགས་པ་ཞིག་ཏུ་གྱུར། སྒོར་དུང་ཕྱུར་གཅིག་ལྷག་བཏང་བ་དང་རྒྱ་ཁྱོན་ཞིང་མུའུ་56ཟིན་པ་དང་། ད་ལྟ་སློབ་མ་1925དང་དགེ་རྒན་200ཙམ་ཡོད། རྒྱ་ཁྱོན་འདི་འདྲ་ཆེ་བའི་སློབ་གྲྭ་ནི་འཛམ་ཐང་རྫོང་དུ་ཨང་དང་བོ་ཡིན་པར་མ་ཟད། རྔ་བ་ཁུལ་དུ་ཡང་འདི་འདྲ་ཆེ་བའི་སློབ་གྲྭ་ཧ་ཅང་ཉུང་བ་རེད། རྫོང་དེའི་སྔ་མའི་ཞོལ་ཁུལ་སློབ་གྲྭའི་དགེ་སློབ་ཚང་མ་སློབ་གྲྭ་གསར་བར་སྤར་བར་མ་ཟད། ཡུལ་ཚོ་དང་གྲོང་རྡལ་བཅུའི་སློབ་རིམ་བཞི་བ་ནས་དྲུག་པའི་བར་གྱི་སློབ་མ་རྣམས་སློབ་གྲྭ་འདིར་ཐོན་པ་དང་རྐ་མདའ་ཡུལ་ཚོའི་སློབ་རིམ་དང་བོ་ནས་དྲུག་པའི་བར་གྱི་སློབ་མ་རྣམས་ཀྱིས་སློབ་སྐབས་གསར་བར་འདི་ནས་སློབ་སྦྱོང་དང་འཚོ་གནས་གསར་བ་བྱེད་མགོ་ཚུགས།
       སློབ་གྲྭ་གསར་བས་སློབ་མ་མང་ཆེ་བ་ནི་རོང་འབྲོག་པའི་བུ་དང་བུ་མོ་ཡིན་པར་དམིགས་ནས། ཞོལ་ཁུལ་སློབ་ཆུང་དུ་སློབ་མ་མང་ནས་འཚང་བ་དང་བྱེད་སྒོ་སྤེལ་ས་མི་འདང་བ། ནུས་རྩལ་སོ་སོར་དབྱེ་འབྱེད་མེད་པ་སོགས་ཀྱི་གནད་དོན་ཐག་བཅད་པ་དང་། རོང་འབྲོག་པའི་བུ་དང་བུ་མོ་རྣམས་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་བྱས། 
      ལོ་ལྔའི་རིང་། གཟུགས་བརྙན་ཕབ་གཏོང་ཁང་དང་ནུས་མང་སློབ་ཁྲིད་ཁང་། དཔེ་མཛོད་ཁང་སོགས་ཀྱི་སློབ་གསོའི་སློབ་ཁྲིད་སྒྲིག་བཀོད་ཇེ་ལེགས་ཇེ་བཟང་དུ་གྱུར་པ་ལས་འཛམ་ཐང་རྫོང་གི་མི་རིགས་སློབ་གསོའི་མཁྲེགས་ཆས་ལེགས་སུ་འགྱུར་བ་ར་འཕྲོད་བྱུང་། མཉེན་ཆས་ཐད་ལོ་ལྔའི་རུང་དུ་འཛམ་ཐང་རྫོང་གི་སློབ་གསོ་ལ་འཕོ་འགྱུར་དགའ་འོས་པ་བྱུང་བ་སྟེ། སློབ་གྲྭའི་དགེ་རྒན་དྲུག་ཅུ་ནས་ཆིག་བརྒྱ་དང་དྲུག་ཅུ་ལྷག་ཇེ་མང་དུ་གྱུར་ནས་རིགས་སྣ་ཚོགས་ཀྱི་དགེ་རྒན་བཀོད་སྒྲིག་བྱས་པས། སློབ་མ་རྣམས་ཀྱི་གཤིས་རྒྱུད་སློབ་གསོ་འགན་ལེན་ལེགས་པོ་ཐོབ།
       ལོ་ལྔའི་རིང་དུ་འཛམ་ཐང་རྫོང་གི་སློབ་གསོ་ལེགས་འགྱུར་ཆེན་པོ་བྱུང་བ་ནི་སློབ་མའི་ཁྱིམ་བདག་གི་བསམ་བློའི་འདུ་ཤེས་ལེགས་སུ་འགྱུར་པ་དེ་རེད། ལོ་ལྔའི་སྔོན་དུ་དགེ་རྒན་གསེར་སྒྲོན་གཞན་པ་དང་མཉམ་དུ་གྲོང་སྡེ་དང་ཁྱིམ་ཚང་དུ་ཕྱིན་ནས་རོང་འབྲོག་པ་རྣམས་ལ་སློབ་རན་ལོན་པའི་བུ་དང་བུ་མོ་སློབ་གྲྭར་བསྐྱལ་བར་སྐུལ་དགོས་པ་རེད། ད་ལྟ་རོང་འབྲོག་པས་རང་མོས་ཀྱིས་བྱིས་པ་སྐྱེལ་ཡོད་པར་མ་ཟད། ཐ་ན་བྱིས་པ་སློབ་སྦྱོང་ལེགས་པོ་ཐུབ་ཆེད་བསམ་བློ་མང་བོ་གཏིང་བཞིན་ཡོད་པ་རེད། ཞོལ་ཁུལ་སློབ་གྲྭར་སློབ་མ་མང་བ་དང་ད་ལྟ་སློབ་མ་རྣམས་ཀྱིས་སློབ་གྲྭ་གསར་བར་ཤེས་བྱ་སྦྱོང་བར་མ་ཟད། འཚོ་བའི་གོམས་སྟབས་ལེགས་པོའང་ཆགས་བཞིན་འདུག་པས་རོང་འབྲོག་མང་ཚོགས་ཀྱི་ཡིད་རྟོན་དང་དགའ་བསུ་ཐོབ། 
       རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རོགས་སྐྱོར་ཆེན་པོ་གནང་ནས། སློབ་གྲྭ་གསར་བ་འདི་བསྐྲུན་པ་ནི་སློབ་མ་རྣམས་ཀྱི་བཀྲ་ཤིས་པའི་དོན་ཞིག་ཡིན་པ་དང་དགེ་རྒན་རྣམས་ཀྱི་བཀྲ་ཤིས་པའི་དོན་ཞིག་ཀྱང་ཡིན། སློབ་མ་རྣམས་ལ་སློབ་ཡོན་མི་དགོས་པར་སློབ་གྲྭར་འགྲོ་ཆོག་པ་དང་རིན་མི་དགོས་པར་ཟ་མ་ཟ་ཐུབ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་སྲིད་ཇུས་ལག་ཏུ་བསྟར་བའི་དཀའ་དྲིན་ཡིན་ཞེས་གསེར་སྒྲོན་གྱིས་དེ་ལྟར་བཤད། 
        འཛམ་ཐང་རྫོང་གིས་རྫོང་མཁར་དུ་སློབ་གྲྭ་གསར་བ་ཞིག་བསྐྲུན་ནས། རྫོང་དེའི་རོང་འབྲོག་མང་ཚོགས་ཀྱི་བྱིས་པ་རྣམས་ཀྱིས་སྤུས་ལེགས་ཀྱི་སློབ་ཁྲིད་ལོངས་སུ་སྤྱོད་པ་དང་བྱིས་པ་རྣམས་སྐྱིད་པོ་དང་དགའ་སྤྲོའི་ངང་འཚར་ལོངས་འབྱུང་བ་ལས། སློབ་གསོ་ནི་དམངས་སེམས་དྲོ་སྐྱིད་བསྒྱུར་བའི་དམངས་འཚོའི་ལས་གྲྭ་ཞིག་ཡིན་པ་གསལ་བོར་མངོན་འདུག བྱིས་པ་རྣམས་སློབ་གྲྭ་གསར་བར་སྤྲོ་སྐྱིད་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1