༄༅།། པོད་པ་སེང་གེ

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-09


      པོད་པ་སེང་གེ་ལ་ལྔ་བའི་ཚེས་ལྔའི་སྐོར་བྲོ་ཡང་ཟེར། ཆིང་ཏའོ་ཀོང་གི་ལོ་རབས་སུ་ཀམ་ཕུ་བོད་སྡེའི་མི་རྣམས་ཀྱིས་ཤར་ལྷོ་མཚོ་རྒྱུད་ནས་དབྱིན་དམག་ལ་འཐབ་ནས་ཚེ་སྲོག་བློས་བཏང་བའི་བོད་ཆའང་གི་ཡུལ་དམག་ལ་རྗེས་དྲན་བྱ་ཆེད་གསར་དུ་བརྩམས་པའི་མཆོད་འབུལ་ཞབས་བྲོ་ཡིན། ལོ་རེའི་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔ་ཉིན། སྡེ་བ་ཡོངས་ཀྱི་སྡེ་མི་རྣམས་ཀྱིས་ལན་བུའི་དུར་ས་ཞེས་པའི་མཆོད་འབུལ་བྱ་འགུལ་སྤེལ་སྐབས་བྲོ་འདི་འཁྲབ་པ་རེད། ཞུགས་མཁན་ཤིན་ཏུ་མང་ལ། རྣམ་པར་བརྗིད་ཉམས་ལྡན། དཔའ་བོར་བརྩི་བཀུར་དང་བསྟོད་བསྔགས་ཀྱི་བསམ་པ་མཚོན་པར་བྱེད། དེ་ཡི་སྙིང་བོ་ནི་རྗེས་རབས་ཚ་བུ་རྣམས་ཀྱིས་དཔའ་བོ་དག་གི་མཛད་རྗེས་ནམ་ཡང་ཡིད་ལ་འཛིན་ཆེད་ཡིན། བོད་རིགས་མི་དམངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་ལྷག་ཏུ་མཚོན་ཡོད། 2008ལོར། པོད་པ་སེང་གེ་ནི་སྐོར་གཉིས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་ཡོད།

       པོད་པ་སེང་གེ་ཡི་རོལ་དབྱངས་གསལ་ལ་སླ་བ། རྣམ་པ་འདྲ་མིན་མང་བ། ལེན་མགོ་འཛིན་པ་ཡོད་ལ། མཉམ་ལེན་ཡོད། གཏམ་བརྗོད་རང་བཞིན་གྱི་ཁེར་ལེན་ཡོད། ཞབས་བྲོ་ཧྲིལ་བོ་ཁག་གཉིས་སུ་བགོས་ཡོད་ལ། དུས་ཡུན་ཕལ་ཆེར་དུས་ཚོད་གཉིས་ཙམ་དགོས། ཁག་དང་བོ་ནི། བྲོ་དཔོན་གྱིས་ལག་ལ་དྲིལ་བུ་བཟུང་ནས་བྲོ་མཁན་རྣམས་འཁྲིད་ནས་སྐོར་བ་བྱས་ནས་འཁྲབ་པ་སྟེ། བྲོ་དཔོན་གྱི་ལེན་མགོ་བཟུང་རྗེས་བྲོ་མཁན་གཞན་དག་གིས་ལེན་པ། དེ་ལྟར་ལེན་ཞོར་འཁྲབ་ཞོར་བྱེད། ཚན་པ་ཞིག་བླངས་ཚར་རྗེས་བྲོ་དཔོན་ནང་དུ་འཛུལ་བ་སྟེ། བྲོ་མཁན་གཉིས་ཀྱི་གཡས་ལག་མཐོན་པོར་བཏེགས་པའི་འོག་ནས་འཛུལ་བ་དེ་ཡིན། འཕྲོར་མཐུད་ནས་བྲོ་མཁན་གཞན་དག་རེ་རེ་བཞིན་འཛུལ་བ་རེད། ལེན་ཞོར་འཛུལ་ཞོར་བྱེད། བྲོ་མཁན་ཡོངས་ཀྱི་གཡོན་ལག་དེ་མདུན་ཕྱོགས་ཀྱི་བྲོ་མཁན་གྱི་གཡས་ལག་ལ་འཇུས་ཤིང་མདུན་ཕྱོགས་བྲོ་མཁན་གྱི་ཕྲག་པ་གཡས་ལ་ཁེན་པ་ཞིག་ཡིན། 

      དེ་ནས་བྲོ་མཁན་ཚང་མས་ལག་རྡང་སྦྲེལ་ནས་བྲོ་དཔོན་གྱིས་སྣེ་ཁྲིད་ནས་ལྟེ་གནས་སྐོར་རུབ་བྱེད་པ་རེད། དེ་ལས་མཐུན་སྒྲིལ་ཟབ་ན་ད་གཟོད་རྒྱལ་ཁ་འཐོབ་པ་མཚོན་པར་བྱེད། ཁག་འདི་ལ་གཏམ་བརྗོད་རང་བཞིན་ཤུགས་དྲགས་ལ་རོལ་དབྱངས་གཟབ་བརླིང་དང་། དབྱངས་རྟ་ལྷོད་པོ་ཡིན། རོལ་དབྱངས་ཁྲོད་གཟི་བརྗིད་དང་ཕྱིར་དྲན་གྱི་ཉམས་ཀྱིས་ཁེངས་ཡོད། ཁག་གཉིས་པ་ནི་བསམ་སྤྱོད་བཟང་བའི་རྒན་པ་ཞིག་གིས་སྐོར་རའི་དབུས་སུ་ཁེར་ལེན་བྱེད་པ། བྲོ་མཁན་ཚང་མ་རང་སར་ཙོག་ནས་ཉན་པ། ཡང་ནས་ཡང་དུ་ལེན། གླུ་ཡི་ནང་དོན་ནི་ཡུལ་དམག་གིས་ཤར་ལྷོ་མཚོ་རྒྱུད་ནས་འཐབ་འཁྲུག་སྐབས་ཀྱི་དཔའ་ངར་དང་དཀའ་ཚེགས། ཕ་ཡུལ་དྲན་པའི་བསམ་པ་བཅས་ཡིན། གླུ་བླངས་རྗེས། བྲོ་མཁན་རྣམས་ཀྱིས་མཉམ་དུ་ཀི་འབོད་བྱས་ཏེ་རླུང་རྟ་མཆོད་པ། བཀྲ་ཤིས་བསམ་དོན་འགྲུབ་པ་དང་བདེ་སྐྱིད་ལྡན་པར་སྨོན་ལམ་འདེབས་པ་རེད། སྐོར་བྲོ་མཚམས་འདི་ནས་མཇུག་བསྒྲིལ་བ་ཡིན། ཁག་དང་བོ་དང་བསྡུར་ན་རོལ་དབྱངས་ཀྱིས་མི་སེམས་འགུག་ལ་དབྱངས་རྟ་མགྱོགས་ལ་མཉེན་ལྕུག་ལྡན་པ། དཔའ་ངར་དང་ཡིད་ཆེས་ཀྱི་ཉམས་ཀྱིས་ཁེངས་འདུག མི་རྣམས་ཀྱིས་ངམ་ཤུགས་སུ་དཔའ་སྟོབས་དང་མཐུན་སྒྲིལ་ཚོར་ཡོང་།
        པོད་པ་སེང་གེ་ཡིས་རྒྱལ་ཁག་བཞི་ཡི་སྐོར་བྲོ་ཡི་ཁྱད་ཆོས་རེ་སྲུང་འཛིན་བྱས་ཡོད་མོད། འོན་ཀྱང་འཁྲབ་སྟོན་ཐད་འཛུལ་རྩལ་སོགས་ཞབས་བྲོ་འཁྲབ་སྟངས་གསར་དུ་གཏོད་ཡོད་ལ། བྲོ་དཔོན་གྱིས་གཏམ་བརྗོད་རང་བཞིན་གྱི་གླུ་ལེན་དང་བྲོ་མཁན་ཡོངས་ཀྱིས་ཉན་པའི་འཁྲབ་སྟོན་རྣམ་པ་ཐུན་མིན་དུ་གསར་གཏོད་བྱས་ཡོད་པས། ས་གནས་ཁྱད་ཆོས་ལྷག་ཏུ་ལྡན།  ལྷག་པར་དུ་ཕྲག་པར་ཁེན་རེས་ཀྱི་འཁྲབ་སྟངས་འདིས་ཡུལ་དམག་རྣམས་ཀྱི་འཐབ་འཁྲུག་སྐབས་ཀྱི་དཔའ་ངར་ཞུམ་མེད་ཀྱི་རྣམ་པ་མཚོན་ལ། ཀུན་གྱི་ཡིད་ནས་ནམ་ཡང་ཡལ་བ་མེད། བརྟན་བརླིང་བརྗིད་ཉམས་ཀྱི་གར་སྟབས་རེ་རེ་དང་ཡང་ཡང་འགྱུར་བ་ཆེ་བའི་བསྟར་ཕྲེང་བཅས་ཀྱིས་དམག་སྐྱོད་ཀྱི་དཀའ་ཚེགས་དང་མཐུན་སྒྲིལ་གྱིས་འཐབ་ནས་རྒྱལ་ཁབ་འཐོབ་པའི་དོན་སྙིང་མངོན་པར་བྱས་ཡོད། 
(རྔ་བ་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1