ཞི་ཅིན་ཕིང་གིས་དབུལ་སེལ་འགག་སྒྲོལ་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་དྲ་བ། སྤེལ་དུས། 10-10


        རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་བཞི་པ་ཐོན་ལ་ཡོད་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་སེལ་འགག་སྒྲོལ་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། སྤྱི་ཚོགས་རིང་ལུགས་ནི་བསྒྲུབས་ནས་བྱུང་བ་དང་། དབུལ་སེལ་འགག་སྒྲོལ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ངེས་པར་དུ་ལྡབ་འགྱུར་སྒོས་འབད་བརྩོན་བྱ་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཡང་འབད་བསྐྱར་འབད་བྱེད་པ་དང་ནན་ཏན་སྒོས་བྱ་བ་བསྒྲུབ་ནས། བློ་ཐག་རྦད་ཆོད་སྒོས་དབུལ་སེལ་འགག་སྒྲོལ་ཐད་དུ་རྒྱལ་ཁ་ལེན་དགོས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མུ་མཐུད་ནས་གྲུབ་འབྲས་གསར་པ་གསར་སྐྲུན་བྱ་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་དབུལ་ཕོངས་ལས་ཐར་བར་བྱེད་པ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་ཆེད་དུ་ཡིན་པ་དང་། ང་ཚོ་ཏང་དང་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་འབེན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་ཏུ་ཞིང་སྡེ་ཡི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་རྒྱུའི་ཁས་ལེན་དམ་བཅའ་བཞག ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་བྱས་ཤིང་། དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྟོབས་རང་ཚུགས་དང་དཀའ་སྤྱད་སྡུག་རུས་བྱས་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་དབུལ་སྐྱོར་བྱས་ལ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་ལག་བསྟར་ནན་མོ་བྱས་པར་མ་ཟད་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱས་ནས་དབུལ་སེལ་འགག་སྒྲོལ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་ཁས་ལེན་བྱེད་པ་ཡིན་ཞེས་བསྟན། 
        ཞི་ཅིན་ཕིང་གིས་དབུལ་སེལ་འགག་སྒྲོལ་བྱ་བའི་ལག་ལེན་ཁྲོད་དུ་སྔོན་ཐོན་དཔེ་ལེགས་ཅན་སྐོར་ཞིག་བྱུང་བ་དང་། རྒྱལ་ཡོངས་ཀྱི་དབུལ་སེལ་འགག་སྒྲོལ་བྱ་དགའ་ཐོབ་མཁན་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན། ཁོ་ཚོས་གཞི་རིམ་ལ་རྐང་བཙུགས་པ་དང་འགན་འཁྲི་དང་ལེན་བྱས་ལ། སྒེར་སེམས་མེད་པར་བྱས་རྗེས་བཞག་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཕྱོགས་སོ་སོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཧུར་ཐག་སྒོས་འགུལ་སྐྱོད་སྤེལ་བར་སྐུལ་མ་བཏང་ནས་དབུལ་སེལ་འགག་སྒྲོལ་མཉམ་ཤུགས་སྔར་ལས་ཇེ་ཆེར་གཏང་དགོས། གཞི་རིམ་འཐབ་ཕྱོགས་དང་པོའི་དབུལ་སྐྱོར་བྱ་བ་སྒྲུབ་མཁན་ནི་དབུལ་སེལ་འགག་སྒྲོལ་གྱི་གཙོ་ཤུགས་དམག་དཔུང་ཡིན་པས། ཁོ་ཚོའི་ཆབ་སྲིད་ཐད་ལ་སེམས་ཁུར་བྱ་དགོས་པ་དང་བྱ་བའི་ཐད་ལ་རྒྱབ་སྐྱོར་བྱེད་པ། འཚོ་བའི་ཐད་ལ་འགན་སྲུང་བྱ་དགོས་པར་མ་ཟད་ཁོ་ཚོས་དབུལ་སེལ་འགག་སྒྲོལ་བྱ་བའི་ཐད་ལ་ནུས་ཤུགས་གང་ཡོད་འདོན་པར་རྒྱབ་སྐྱོར་བྱ་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1