གཙོ་ངོས།>> དམངས་སྲོལ།>>རྒྱན་གོས།

རིན་ཆེན་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༡༡ཉིན།

༄༅།། མདོ་འཛིན་པའི་གྱོན་ཆས་སྐོར།

རིན་ཆེན་སྐྱིད།


༡                 
        བརྙན་འཕྲིན་ལེ་ཚན་གྱི་བཤད་མཁན་དང་འགོ་འཛིན་པས་ལེ་ཚན་བཤད་པ་དང་འགོ་འཛིན་བྱེད་སྐབས། གྱོན་ཆས་གང་འདྲ་གྱོན་པ་དང་རྒྱན་ཆ་ཇི་ལྟ་བུ་འདོགས་རྒྱུ་ནི་རྟག་པར་བསམ་གཞིག་གཏོང་དགོས་པའི་གནད་དོན་ཞིག་རེད། ལྷག་པར་དུ་སྐྱེས་མ་བཤད་མཁན་དང་འགོ་འཛིན་པས་དེའི་སྐོར་ལ་བསམ་བློ་མང་པོ་གཏོང་དགོས་པ་རེད། མི་ལ་ལས་གྱོན་གོས་དང་རྒྱན་ཆས་ནུས་པ་ནི་རང་ཉིད་ལ་མཛེས་ཆས་སྤྲས་པ་ཁོ་ན་རེད་སྙམ་ནས་ལེ་ཚན་གྱི་ནང་དོན་དང་ཁྱད་ཆོས་ལ་མི་ལྟ་བར་རང་གི་གང་འདོད་ལྟར་གྱོན་གོས་ཀྱི་ཁ་དོག་དང་ཚུགས་ཀ་འདྲ་མིན་སྣ་ཚོགས་བདམས་ནས་གྱོན་པ་དང་རྒྱན་ཆ་གང་ཡིན་སྣ་ཚོགས་བདམས་ནས་བཏགས་པས།  རང་གི་སྣང་བརྙན་ལ་གནོད་པ་ཐེབས་པར་མ་ཟད། ལེ་ཚན་གྱི་འགུགས་ཤུགས་ལའང་ཤུགས་རྐྱེན་ངན་པ་ཐེབས་པ་རེད།  སྤྱིར་གྱོན་ཆས་ནི་གྱོན་་གོས་དང་རྒྱན་ཆ་ཕྱོགས་གཉིས་ལ་བསྟན་པ་ཡིན།གྱོན་གོས་ནི་མི་ལུས་སྒྲིབ་བྱེད་དང་རྒྱན་ཆ་ནི་མིའི་ལུས་པོ་དང་ལྭ་བའི་སྟེང་བརྒྱན་པའི་རྒྱན་ཆའི་དངོས་པོ་དག་ལ་ཟེར། དཔེར་ན། རྣ་ལུང་དང་སྐེ་རྒྱན། སོར་གདུབ། ལག་གདུབ་སོགས་རེད། དེང་སྐབས་སྤྱི་ཚོགས་ཁྲོད་དུ་གྱོན་གོས་དང་རྒྱན་ཆ་ནི་མིའི་ལུས་པོ་སྒྲིབ་བྱེད་དང་མིའི་ལུས་པོ་མཛེས་པར་སྤྲས་པ་ཙམ་དུ་མ་ཟད།དེ་ལ་ནང་དོན་སྔར་ལས་མང་པོ་ལྡན་ཏེ།དེ་ཡང་གྱོན་གོས་ལ་མིའི་ལུས་པོ་སྒྲིབ་པ་དང་ལུས་དྲོད་སྲུང་བ།རིག་གནས་ཀྱི་མཚོན་རྟགས། དཔལ་འབྱོར་གོ་གནས་ཀྱི་མཚོན་བྱེད་སོགས་ཀྱི་ནུས་པ་ལྡན།མི་ཡི་ལུས་པོ་སྒྲུབ་པ་ནི་གྱོན་གོས་ཀྱི་ཆེས་ཐོག་མའི་ནུས་པ་ཡིན་ཞིང་།གྱོན་གོས་ཀྱི་ནུས་པ་གཞན་ཞིག་ནི་ལུས་དྲོད་བསྲུངས་ནས་མིའི་ལུས་ཕུང་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་གི་དྲོད་གྲང་ལྟར་གྱོན་གོས་གྱོན་ཆོག་ཅིང་། ནམ་ཟླའི་དྲོད་གྲང་དང་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གྱོན་གོས་གྱོན་པ་ནི་འཚོ་བའི་རྒྱུན་ཤེས་ཙམ་རེད།རིག་གནས་ཀྱི་མཚོན་རྟགས་དང་དཔལ་འབྱོར་གོ་གནས་མཚོན་པ་ནི་གྱོན་གོས་ཀྱི་ཆེས་རིན་ཐང་ལྡན་པ་དང་ཧ་ཅང་གཙིགས་འཛིན་བྱ་དགོས་པའི་གཤིས་ནུས་རེད། མི་ཞིག་ལ་མཚོན་ན་ཁ་རྒྱབ་ཀྱི་གནད་དོན་སེལ་ནས་ཕྱིའི་གྱོན་གོས་ཐད་འགྲོ་སོང་གཏོང་བའི་ནུས་པ་ཡོད་པའི་དུས་སུ་གཤིས་ནུས་འདི་ལྷག་པར་གལ་ཆེ། 
        བརྙན་འཕྲིན་གྱི་བཤད་མཁན་དང་འགོ་འཛིན་པར་མཚོན་ན།ལེ་ཚན་བཤད་པ་དང་འགོ་འཛིན་བྱེད་སྐབས་ཀྱི་གྱོན་གོས་འདེམས་དུས་ཐོག་མར་དེའི་རིག་གནས་མཚོན་རྟགས་ལ་དོ་སྣང་བྱ་དགོས།གྱོན་གོས་དེ་རིག་གནས་ཀྱི་མཚོན་རྟགས་བྱེད་པ་ནི་དེང་རབས་སྤྱི་ཚོགས་ཁྲོད་དར་བ་ཞིག་རེད། ནང་དོན་དང་རྣམ་པ་མི་འདྲ་བའི་འདུ་ཚོགས་སོགས་ཀྱི་སྐབས་དང་ཡང་ན་གནས་བབ་མི་འདྲ་བའི་སྐབས་སུ་སྐབས་དེའི་ཁོར་ཡུག་དང་མཐུན་པའི་གྱོན་གོས་དགོས་ཤིང་། ནམ་རྒྱུན་ཀུན་གྱིས་མི་ཞིག་གི་གྱོན་གོས་ཐད་ནས་མི་དེའི་ཐོབ་ཐང་དང་དགའ་ཕྱོགས། རིག་གནས་ཡོན་ཏན་སོགས་ལ་བརྟག་པ་རེད། མི་སྒེར་གྱི་ཆ་ནས་བཤད་ན། གྱོན་གོས་དང་རྒྱན་ཆས་དཔལ་འབྱོར་གོ་གནས་ཀྱང་མཚོན་པ་སྟེ། རང་རེའི་བོད་རིགས་ཤིག་ལ་མཚོན་ན། གོས་ཚ་རུའི་རྒྱས་ཤོམ་དང་གཡུ་བྱུར་གསེར་དངུལ་གྱི་རྒྱན་ཆའི་བཟང་ངན་དང་མང་ཉུང་གིས་མི་དེའི་ཁྱིམ་ཚང་གི་འབྱོར་ཕྱུག་དང་དཔལ་འབྱོར་གོ་གནས་མཚོན་གྱིན་ཡོད།ཡིན་ནའང་བརྙན་འཕྲིན་གྱི་བཤད་མཁན་དང་འགོ་འཛིན་པར་མཚོན་ན། བྱེ་བྲག་གི་ལེ་ཚན་མི་འདྲ་བའི་ནང་དོན་གྱི་དགོས་དབང་དང་བསྟུན་ནས་གྱོན་གོས་དང་རྒྱན་ཆ་གདམ་དགོས་པ་ལས། སྒེར་གྱི་དཔལ་འབྱོར་གོ་གནས་ངོམ་བྱེད་མ་རེད། བཤད་མཁན་དང་འགོ་འཛིན་པའི་གྱོན་གོས་མི་འདྲ་བས་རྟགས་པར་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་མཚོན་བྱའི་ནང་དོན་མི་འདྲ་བའི་ཆ་འཕྲིན་ཀུན་ལ་བརྒྱུད་བསྒྲགས་བྱེད་ཀྱིན་ཡོད་པས། དོ་སྣང་ལེགས་པོ་མ་བྱས་ཚེ།གྱོན་གོས་གྱོན་སྟངས་ཤིག་གི་སྟེང་ནས་ཀྱང་ཆབ་སྲིད་དང་འབྲེལ་བའི་དོན་རྐྱེན་བཟོའང་སྲིད། དེར་བརྟེན་ལེ་ཚན་བཤད་པ་དང་འགོ་འཛིན་བྱེད་སྐབས་གྱོན་གོས་ཇི་ལྟར་འདེམས་པ་ལའང་བརྩི་བྱའི་རྩ་དོན་དང་དོ་སྣང་བྱ་དགོས་ས་མང་པོ་མཆིས། བརྙན་འཕྲིན་ལེ་ཚན་ཁྲོང་གྱོན་གོས་དུས་ལུས་པོའི་ཆ་ཕྱིར་མངོན་དྲགས་ན་ལྟ་མཁན་གྱིས་ཁྱོད་ལ་ལྟ་སྟངས་ལེགས་པོ་འཛིན་མི་སྲིད། ནང་སྒོས་སུ་སྐྱེས་མ་བཤད་མཁན་དང་འགོ་འཛིན་པས་ལྷག་པར་དེའི་སྐོར་ལ་དོ་སྣང་བྱ་དགོས།རིག་གནས་སྲོལ་རྒྱུན་མི་འདྲ་བས་མིའི་ལུས་པོའི་ཆ་རྗེན་པོར་ཕྱིར་མངོན་པ་དང་དེའི་དང་ལེན་བྱེད་ཐུབ་པའི་འདུ་ཤེས་ཀྱི་ཚད་ཐིག་ཀྱང་སོ་སོར་མི་འདྲ་བས། ང་ཚོས་འདི་ནས་བྱེ་བྲག་གི་ཚད་ཐིག་ཅིག་གཏན་ཁེལ་བྱེད་དཀའ། ཡིན་ཡང་བཤད་མཁན་དང་འགོ་འཛིན་པས་ལེ་ཚན་ཁྲོད་དུ་གྱོན་གོས་འདེམས་དུས་རྒྱ་ཆེའི་ལྟ་མཁན་དང་གོམས་སྲོལ་གཤིས་ལུགས་ལ་བརྩི་སྲུང་བྱ་དགོས་པ་ལས། རང་སྣང་གང་ཤར་དང་ཡང་ན་རང་གི་འདུ་ཤེས་དེ་ཚད་གཞིར་འཛིན་མི་རུང་། བརྙན་འཕྲིན་ལེ་ཚན་ཁྲོད་དུ་བཤད་མཁན་དང་འགོ་འཛིན་པས་མཚོན་པ་ནི་ཁྱོད་རང་ཉིད་གཅིག་པུའི་སྣང་བརྙན་མ་ཡིན་པར། གཙོ་བོ་མི་རིགས་ཤིག་གི་སྣང་བརྙན་རེད། བརྙན་འཕྲིན་ཁང་གི་བརྙན་ཕབ་ཁང་དུ་གློག་སྒྲོན་མང་པོ་ཚ་འོད་ཀྱིས་ཁེངས་ནས་དབྱར་དགུན་སྟོན་དཔྱིད་ཀྱི་ཁྱད་པར་མི་ཚོར་མོད། ཡིན་ནའང་ལེ་ཚན་ཁྲོད་དུ་བཤད་མཁན་དང་འགོ་འཛིན་པའི་གྱོན་གོས་ལ་དུས་ཀྱི་དབྱེ་བ་མེད་ཀྱང་ཆོག་པ་ཞིག་མ་རེད། ང་ཚོ་བོད་རིགས་ས་ཆར་མཚོན་ན་དབྱར་དགུན་གྱི་དྲོད་གྲང་ལ་ཁྱད་པར་ཤིན་ཏུ་ཆེ་བས། བཤད་མཁན་དང་འགོ་འཛིན་པས་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གྱོན་གོས་ཀྱང་འོས་འཚམ་ངང་གདམ་དགོས།      

        བཤད་མཁན་དང་འགོ་འཛིན་པའི་གྱོན་གོས་དེ་ལེ་ཚན་གྱི་ནང་དོན་དང་རང་གི་ཐོབ་ཐང་དང་གཅིག་གྱུར་བྱ་དགོས། གྱོན་ཆས་ཀྱིས་སྐབས་ལ་ལར་ལེ་ཚན་གྱི་ནང་དོན་དང་གཅིག་གྱུར་བྱ་དགོས། གྱོན་ཆས་ཀྱིས་སྐབས་ལ་ལར་ལེ་ཚན་གྱི་ནང་དོན་དང་བཤད་མཁན་དང་འགོ་འཛིན་པའི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། བཤད་མཁན་དང་འགོ་འཛིན་པའི་གྱོན་ཆས་ནི་ལྟ་མཁན་ལ་སྟོན་པ་ཞིག་ཡིན་མོད། མི་ལ་ལས་གྱོན་གོས་དེ་འཁྲབ་སྟོན་བྱེད་སྤྱད་ཀྱི་ཡོ་བྱད་ལྟར་བུར་བརྩི་བཞིན་ཡོད་པ་དེ་ནི་ནོར་འཁྲུལ་ཞིག་རེད།བཤད་མཁན་དང་འགོ་འཛིན་པའི་གྱོན་ཆས་ནི་ཁོ་ཚོའི་སྣང་བརྙན་གྱི་ཆ་ཤས་སུ་གྱུར་ནས་གྱོན་མཁན་གྱི་རིག་གནས་བློ་སྦྱོང་གི་ཆུ་ཚད་ཅིག་མཚོན་པ་ཡིན། རིག་གནས་བློ་སྦྱོང་གི་ཆུ་ཚད་དེའི་ནང་ཁོ་ཚོའི་མཛེས་དཔྱོད་ཀྱི་ལྟ་བ་དང་།འཚོ་བའི་རྣམ་འགྱུར།དགའ་ཕྱོགས་འདུན་པ་སོགས་འདུས། དེར་བརྟེན་ཉམས་མྱོང་ལྡན་ཞིང་ལས་ལ་བྱང་བའི་བཤད་མཁན་དང་འགོ་འཛིན་པས་རང་གི་ནམ་འགྱུར་གྱི་གྱོན་ཆས་ཐད་གཅིག་གྱུར་གྱི་ཁྱད་ཆོས་རང་བཞིན་ལ་དོ་སྣང་བྱས་ནས། དེ་རིང་དང་སང་ཉིན་་གྱི་ཁྱད་ཆོས་ཡོངས་སུ་ལྡོག་ཟླར་གྱུར་བའི་གོས་གྱོན་མི་སྲིད། བརྙན་འཕྲིན་གྱི་བཤད་མཁན་འགོ་འཛིན་པའི་ལས་ལ་ཞུགས་པའི་བཤད་མཁན་དང་འགོ་འཛིན་པའི་ཐོག་མ་ནས་རང་གི་ཁྱད་ཆོས་དང་ལེ་ཚན་གྱི་བླང་བྱ་ལྟར་གྱོན་ཆས་འདེམས་དུས་ཧ་ཅང་གཟབ་གཟབ་བྱ་དགོས།
        ཐོག་མར་བརྙན་འཕྲིན་ལས་འབུད་དུས་ལྟ་མཁན་གྱིས་ཁྱོད་ལ་རྒྱུས་ལོན་བྱེད་པའི་སྐབས་ཡིན་ཕྱིན། ཁྱོད་ཀྱི་ཉམས་འགྱུར་དང་གྱོན་ཆས་སྤྲས་ལུགས་ལ་ཤིན་ཏུ་དོ་སྣང་བྱེད་སྲིད། དང་ཐོག་ཁྱོད་ཀྱིས་སྣང་བརྙན་ལེགས་པོ་ཞིག་མ་བཞག་ཚེ། རྗེས་སུ་ལྟ་སྟངས་བསྒྱུར་རྒྱུ་ནི་ལས་སླ་མོ་གཏན་ནས་མིན་ཞིང་དེ་ལ་དུས་ཡུན་དང་སེམས་ཤུགས་ལྡབ་འགྱུར་བཀོལ་དགོས། བཤད་མཁན་དང་འགོ་འཛིན་པ་ལ་ལས་ཐོག་མར་ལེ་ཚན་བཤད་པ་དང་འགོ་འཛིན་བྱེད་སྐབས། བསམ་གཞིག་བཏང་བ་མ་འདང་བ་དང་ཡང་ན་སྟབས་མ་ལེགས་པར་ལྟ་མཁན་ལ་སྣང་བ་མི་་ལེགས་པ་སྦྱིན་ཚེ། དེ་ཚོའི་གཏན་གྱི་ལས་ཀའི་མདུན་ལམ་ལ་གནོན་པ་ཐེབས་ཀྱང་སྲིད། དེར་བརྟེན་ཆེས་ཐོག་མར་ལེ་ཚན་བཤད་པ་དང་འགོ་འཛིན་བྱེད་སྐབས་ངེས་པར་དུ་བསམ་བློ་ཞིབ་ཚགས་བཏང་ནས་ནོར་འཆུག་ཕྲན་བུ་ཡང་འབྱུང་མི་འོས། ལྟ་མཁན་གྱིས་ཁྱོད་རང་དང་ལེན་བྱས་རྗེས། རིམ་བཞིན་ཁྱོད་ལ་འཛིན་པའི་བླང་བྱའང་ཇེ་ལྷོད་དུ་གཏོང་སྲིད། གྱོན་ཆས་དང་མཛེས་སྤྲས་ཀྱི་འདུ་ཤེས་གཉིས་རྟག་པར་མཉམ་དུ་སྦྲེལ་འདུག བཤད་མཁན་དང་འགོ་འཛིན་པས་ཀྱང་གྱོན་ཆས་ཐད་ནས་མཛེས་པ་ལ་སྙེག་མོད། ཡིན་ཡང་མཛེས་པ་དེ་རིགས་ནི་སྐྱེས་གཟུགས་དང་ཁ་དོག་ཁོ་ནར་བསྙེགས་པ་མིན་པར། ཁོར་ཡུག་དང་མཐུན་པ་དང་ལེན་ཚན་གྱི་ནང་དོན་དང་རང་སྒེར་གྱི་ཁྱད་ཆོས་གཉིས་འོས་མཐུན་ཡོང་བར་བྱེད་པའང་དེའི་ཆ་ཞིག་ཡིན། བཤད་མཁན་དང་འགོ་འཛིན་པས་མི་སྒེར་གྱི་མཛེས་པ་རྐྱང་རྐྱང་བསྙེགས་ན། ཁོར་ཡུག་གི་ཕྱོགས་བསྡུས་མཛེས་ཉམས་དང་ལེ་ཚན་གྱི་ཁྱད་ཆོས་དང་འགལ་ཟླར་གྱུར་ངེས་ལ། གཞན་ད་དུང་གྱོན་ཆས་ཡ་མ་གཟུགས་སྣ་ཚོགས་ལ་དོགས་ཟོན་བྱ་དགོས། གྱོན་ཆས་གྱོན་པའི་གོམས་སྲོལ་དེས་དམིགས་བསལ་གྱི་ཕྱོགས་ལ་ལ་ནས་མིའི་སེམས་ཁམས་ཀྱི་གནས་ཚུལ་མཚོན་པ་ཡིན། ཀུན་དང་མི་མཐུན་པའི་གྱོན་ཆས་གྱོན་ལུགས་ཀྱིས་ཕྱོགས་གཅིག་ནས་ད་ཡོད་འཚོ་བ་ལས་ཡར་ཐོན་བརྩོན་པའི་བསམ་པ་མཚོན་ལ།ཕྱོགས་གཞན་ཞིག་ནས་མི་ཕལ་མོ་ཆེའི་ཤེས་རྟོགས་དང་མི་འདྲ་བའི་ཁྱད་པར་མཚོན་པ་རེད། གལ་ཏེ་ཁྱོད་རང་སྤྱིར་བཏང་གི་ལྟ་མཁན་དང་སོ་སོར་གྱེས་མི་འདོད་ཚེ།ཀུན་དང་མི་མཐུན་པའི་གྱོན་ཆས་ཡ་མ་གཟུགས་ཀྱི་རིགས་ལ་གཟབ་གཟབ་བྱས་ན་ལེགས།སྤྱིར་བཏང་དུ་མི་ཕལ་མོ་ཆེ་ཡི་སྣང་ངོར་ཉིན་རྒྱུན་འཚོ་བའི་ཁྲོད་གྱོན་ཆས་ཡ་མ་གཟུགས་གྱོན་མཁན་དག་གི་སེམས་ཁམས་ལ་སྐྱོན་གྱིས་གོས་པ་རེད་སྙམ། ལྟ་ཚུལ་དེ་ནི་ཕྱོགས་རིས་ཅན་ཞིག་ཡིན་མིན་གང་ཡང་རུང་སྟེ། སྤྱིར་བཏང་དུ་ཉིན་རེ་རེར་བསྒྲགས་པའི་གསར་འགྱུར་ལེ་ཚན་དང་ཡང་ན་དུས་གཏན་ཁེལ་གྱི་ལེ་ཚན་ཁྲོད་དུ་བཤད་མཁན་དང་འགོ་འཛིན་པའི་གྱོན་གོས་དང་རྒྱན་ཆའི་ཐད་དེ་འདྲའི་གཟབ་འཕྱོར་ཆེ་མི་དགོས་ཤིང་། ཐེངས་རེ་རེར་གསར་བ་གསར་རྐྱང་ཞིག་ཀྱང་ཡིན་མི་དགོས་པར། བབ་ཆགས་ཤིང་གྲ་དག་ལ་ལེ་ཚན་གྱི་ཁྱད་ཆོས་དང་མཐུན་པ་ཞིག་ཡིན་ཚེ་ཆོག་པ་རེད།ལོ་གསར་དུས་སྟོན་སྐབས་ཀྱི་དགོང་ཚོགས་ལྟ་བུའི་ལེ་ཚན་ཁྲོད་དུ་ལེ་ཚན་གྱི་ནང་དོན་དང་ཁྱད་ཆོས་དང་བསྟུན་ནས་བཤད་མཁན་དང་འགོ་འཛིན་པའི་གྱོན་གོས་དང་རྒྱན་ཆའི་སྟེང་ནས་དགོང་ཚོགས་ཀྱི་སྤྲོ་སྣང་དང་དུས་སྟོན་གྱི་གཟབ་རྒྱས་རྣམ་པ་མཚོན་ཐུབ་པ་བྱ་དགོས། ནམ་རྒྱུན་གཞི་རིམ་དུ་སོང་ནས་ལེ་ཚན་ཕབ་ཡུལ་དངོས་ནས་བཅར་འདྲི་བྱེད་སྐབས་གྲ་དག་ཅིང་ཅུང་སྟབས་བདེ་བའི་གྱོན་གོས་གྱོན་ནས་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བ་དང་མཐུན་པར་བྱས་ན་ལེགས།།


39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1