གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

འགྱན་སངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༡༡ཉིན།

༄༅།། བློ་འབྱེད་དང་འབོལ་རྩོམ།


འགྱན་སངས། [ལྷ་ས]
        གངས་རིའི་ར་བས་བསྐོར་པའི་དབུས། ཐང་ལྷའི་སྲས་མོ་དལ་གྱིས་རྒྱུ་བའི་འགྲམ། སྤུར་རྒྱལ་བཙན་པོས་ཞབས་ཀྱིས་བཅགས་སའི་གནས། གངས་སེང་དཀར་མོས་གཡུ་རལ་ངོམ་སའི་སྤོ། ཆོས་སྲིད་རིག་གནས་ཚང་ཚིང་འཁྲིགས་པའི་ཀློང་། སྡེ་བཞིའི་གཡང་བཅུད་ཐོད་དུ་དཀྲིས་སའི་ཞིང་། མི་ཕོ་བཙན་དྲག་རྒྱུ་འགྲུལ་རྒོད་སའི་སྒོ། མཁས་པའི་ངག་གི་རང་མདངས་གྲོལ་སའི་ཞིང་། བཅུ་དྲུག་མཛེས་མས་མཆོར་སྒེག་ངོམ་སའི་ཚལ། དུས་བཞིའི་ལང་ཚོས་མཛེས་སྡུག་སྟོན་སའི་ལྗོངས། ཕྱོགས་བཞིའི་མགྲོན་གཡང་ངང་གིས་འཁོར་ས་མཐོང་བ་ཀུན་སྨོན་གྱི་ཡུལ་འདི་ཉིད། གངས་ལྗོངས་ལུས་ཅན་ཐུན་མོང་གིས་གདོད་ནས་རང་བཞིན་བཅོས་མིན་འགག་མེད་སེམས་ཀྱི་མོས་སྟོབས་ལ་བརྟེན་ནས“དབུས་འགྱུར་ལྷ་ལྡན་གྲོང”གི་གསེར་ཁྲི་ཆེན་པོར་མངའ་གསོལ་ཏེ། དེ་ཡང་ཡུལ་འདི་ལུགས་གཉིས་སམ་དབུ་ནག་བོད་པའི་སྲིད་འབྱོར་རིག་གསུམ་དང་། ཁྱད་པར་རིག་གནས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་སམ་ལྟེ་བ་དང་དཀྱིལ་ཕྱོགས། འབྱུང་གནས་སུ་གྱུར་པས་ན་མིང་དེ་ལྟར་བཏགས་པར་མངོན།
        སྔོན་གྱི་རབས་དག་ལ་ཡུལ་འདིའི་ཤེས་ལྡན་དག་གིས་མིང་གི་ཁུར་ཆེན་འདི་ཉིད་ཆུད་མི་འཛའ་བར་བབ་ཁུར་དུ་འཁྱེར་ཕྱིར། དོན་གྱི་སྙིང་བོའི་ཁྲི་ཐོག་ནས་བོད་མིའི་ཀུན་གཞིའི་རྣམ་ཤེས་ལ་སྲོག་གི་རྟེན་བྱེད་པ་དང་བདེ་སྡུག་གི་དྲན་པ་གསལ་བར་བྱེད་པ། འདུ་ཤེས་ཀྱི་དྭངས་མ་ཆོལ་གསུམ་ཞིང་གི་ལུས་ཀྱི་ཆ་རྣམས་ལ་ཁྱབ་པར་བྱེད་པའི་གསུང་ངག་ཟབ་མོའི་འཕྲིན་མཛད་ཀྱི་འཕྲོ་འདུ་གང་དེ་གཟུགས་ཅན་དུ་བྱས་མྱོང་ནའང་། ཀུན་གྱིས་ཐོས་པའི་དུས་དེ་ནས་བཟུང་། ཡུལ་འདིའི་ཤེས་ཅན་རྣམས་ཀྱིས་མགྲིན་པའི་ཆུ་སྐྱེས་ཀྱི་པདྨོ་ཡོངས་སུ་ཟུམ་སྟེ་དགུན་གྱི་ཁུ་བྱུག་བཞིན་མི་སྨྲ་བའི་བརྟུལ་ཞུགས་ལ་ཀུན་ནས་གནས་པར་གྱུར་པ་ན། ལུས་ཅན་གཞན་རྣམས་ཀྱིས་ཀྱང་དེ་བཞིན་རང་གི་ཁམས་དང་མོས་པ། བསམ་པ་དང་བག་ལ་ཉལ་གྱི་རིམ་པ་ཐམས་ཅད་རྒོད་པོ་བཞིན་ཕྱི་རུ་འཕྱོ་དྲགས་ན། གང་དེའི་ཁྱད་གསོད་ཀྱི་འཁྱགས་པ་རིམ་དགུའི་གཏིང་འོག་ཏུ་ཚུད་དོགས་ཀྱིས་གནང་བཀག་ལ་བལྟ་བ་མེད་པར་ཁ་ལ་སྒོ་ལྕགས་བརྒྱབ་སྟེ་ནང་གི་དེ་ཉིད་རྟོག་མེད་དཔྱོད་མེད་གྲག་མེད་འགུལ་མེད་ཀྱི་སྟོང་རྐྱང་བརྗོད་བྲལ་གྱི་མཐའ་ལ་སྤུར་ཏོ། །དེ་ལ་བརྟེན་ནས་ཡུལ་འདིའི་ཤེས་ཅན་རྣམས་ཐོས་པ་ཆེ་ཡང་རྗེས་དཔྱོད་མེད་པ། དྲན་པ་གསལ་ཡང་གཏད་སོ་མེད་པ། དགའ་ཞེན་ཡོད་ཀྱང་བབ་ཁུར་མེད་པ། སྨྲ་ལ་མཁས་ཀྱང་སྨྲ་ཁམ་ཆུང་བའི་བཤད་སྒྲོས་ཤིག་ཀྱང་བདག་གཞན་ཀུན་གྱི་ཁ་ན་མ་བགྲོས་ངང་གིས་གྲགས་ཏེ།“ལྷ་ས་ན་མཇལ་པ་མང”ལུགས་ཁོ་ན་ཙམ་མ་ཡིན་པར། རིག་པའི་དཔུང་སྡེ་ཆེ་ལུགས་དང་བསླབ་སྒོའི་རྣམ་གྲངས་མང་ལུགས། གཞུང་ལུགས་རྒྱ་མཚོའི་ཟབ་ལུགས། སྐད་རིགས་ཀུན་ལ་མཁས་ལུགས། ཤེས་བྱའི་རྟོགས་པ་མཐོ་ལུགས་དང་བསྡུར་ཤེས་ཀྱིས་བལྟས་ན། གཏམ་དེ་བདེན་དུའང་སྲིད་དེ། མདོ་ཁམས་ཀྱི་སློབ་གཉེར་པ་རྣམས་ལ་སྦྱང་བརྩོན་གྱི་གཟིགས་བཟོས་བདག་རྐྱེན་དང་དོན་དུ་གཉེར་རུང་གི་རིག་སྒོའི་རྣམ་གྲངས་ས་འདིའི་སྟོང་གི་ཆའང་མི་ལྡན་ནའང་། ཉེ་བའི་ལོ་བཅའ་བཅུའི་རིང་ལ། གསར་བཤད་ངང་མོའི་མགྲིན་རྔ་མཚོ་མཐའ་ནས་རྡུང་ཞིང་དགག་སྒྲུབ་ཆར་སྤྲིན་ཡིད་འོང་འབྲུག་གི་སྒྲ་དེའང་མཁའ་མཐའ་ནས་བསྒྲགས་པར་གྱུར་པས། ཡུལ་འདིའི་བློ་གསལ་སྤུ་སྡུག་རྨ་བྱའི་མགྲིན་པ་ཕྱོགས་དེ་དང་དེ་ལ་མི་འདེགས་པའི་དབང་མེད་པ་ལྟ་བུ་རེད།
        ལེགས་པར་བརྟགས་ན། ཡུལ་འདིའི་ཡོན་ཏན་པའི་སྡེ་དག་ལྟ་ཅི་སྨོས། ན་གཞོན་བློ་གསལ་དོན་གཉེར་པ་རྣམས་ཀྱི་ཕ་སྐད་ཀྱི་རྨང་གཞི་དང་ཤེས་བྱའི་གཏིང་ཚད། དོན་གྱི་གོ་ལུགས། རིག་པའི་འཆར་སྒོ། རྣམ་དཔྱོད་ཀྱི་སྟོབས་རྩལ་ཕྱོགས་གང་ཅི་ནས་སློབ་ཆེན་གཞན་གྱི་སློབ་གཉེར་པ་ལས་རྡུགས་པར་མ་མཐོང་ལ། ཁོ་བོ་འཁྲུལ་བ་མིན་ན། སྲོལ་རྒྱུན་གྱིས་གཙོས་པའི་རིག་སྒོ་འགའ་རེའི་ཕྱོགས་ནས་གཞན་ལས་ལྷག་པའི་ཆའང་མང་དུ་མཆིས་ཏེ། དཔེར་ན་གླིང་འདི་ན་ཕན་བདེ་ཐམས་ཅད་ཀྱི་རྩ་ལག་རིགས་ཀྱི་སྐད་དང་ཡི་གེར་རྨོངས་པར་གྱུར་པ་འགའ་ཡང་མ་མཆིས་པ་འདི་ཚོ་སློབ་ཆེན་གཞན་ན་མཐོང་ཐོས་དཀོན་པའི་དགའ་བའི་སྣང་གནས་ཤིག་ཅི་ལ་མིན། དེ་ལྟ་ནའང་། སོར་མོའི་འདུ་བྱེད་གར་དུ་བསྒྱུར་ནས་སྔོན་སོང་བག་ཆགས་ཀྱི་རྗེས་དཔྱོད་མི་ནུས་པ་དང་། ད་ལྟའི་རྟོག་པ་གཞན་དབང་རྐྱེན་ཡུལ་ལས་དྲངས་ཏེ་རང་མགོ་རང་གིས་ཐོན་མི་ནུས་པ། དགག་སྒྲུབ་རིག་པའི་རྩེད་འཇོའི་ལམ་ནས་གནས་ལུགས་དོན་གྱི་སྙིང་བོ་བདག་གིར་བྱ་མི་ནུས་པ། དོགས་སློང་རིག་ཤེས་གསེར་གྱི་ཐུར་མས་ལེགས་ཉེས་དྲང་ལྡོག་སྤང་བླང་གི་དམིགས་ཕྱེ་མི་ནུས་པ། དཔྱོད་བཅས་ཉི་མའི་ཟེར་བརྒྱ་དབྱིངས་སུ་སྤྲོས་ཏེ་སྟོང་བཤད་སྨག་མུན་སེལ་བའི་བློ་ཁ་མ་རྫོགས་པ། རྟོགས་པའི་ཀློང་རྒྱ་ནང་ནས་གྲོལ་ཏེ་མི་མིན་འབྱུང་བོའི་ཚུལ་མིན་ལོག་སྒྲུབ་རོ་ལངས་གར་གྱི་འདུ་བྱེད་ལ་མཆིལ་ཞགས་འཕེན་མི་ཤེས་པ་སོགས། གཞན་ལ་ལྟོས་པས་མི་ནུས་མི་སྤོབས་མི་འཇོན་པའི་རབས་མང་བོ་ཞིག་རང་སྟེང་ན་གདོད་ནས་གཞི་གྲུབ་པ་དེ་འུ་ཅག་གིས་མི་འདོད་བཞིན་དུ་ཁས་ལེན་དགོས་ཏེ། གཏམ་ཨ་ཕས་བཤད་རྒྱུ་བུ་གུས་བཤད་བཞིན་པའི་སྣང་གནས་འདི་ལ་སུ་ཞིག་གིས་ཀྱང་མངོན་སུམ་གྱི་བསྙོན་འདིང་མི་ནུས་པས་སོ། །དེ་ཡང་གོང་དུ་བཤད་པ་ལྟར་ང་ཚོའི་སློབ་གྲོགས་རྣམས་ལྷན་སྐྱེས་ཀྱི་རིག་པ་གསལ་མིན་དང་དབང་བོ་རྣོ་མིན། ཤེས་རབ་ཆེ་མིན། རྣམ་དཔྱོད་མྱུར་མིན་ཐད་ནས་གཞན་དང་ཁྱད་ཤོར་བས་ལན་པ་མ་ཡིན་པར། གཙོ་བོ་སྐྱེ་བོ་རང་ལྡོག་གི་བློ་སྒོ་ད་དུང་འབྱེད་མ་ཐུབ་པའི་གནད་དེ་ལ་ཐུག་ཡོད་པར་ཁོ་བོས་འདོད།
        དེ་ཡང་བློ་འབྱེད་ཅེས་པ་གཞུང་དག་གིས་ལུང་དང་རིགས་པ་བརྒྱ་ཕྲག་གིས་སྒྲུབ་པར་བྱེད་ནའང་འདིར་ཡིག་ཚོགས་བསྐྱུང་ཕྱིར་གོ་ཐོབ་བྱས་ན། རང་དབང་དང་འདྲ་མཉམ་དང་རང་ཚུགས་ཀྱི་བདེན་པ་ཆེན་པོའི་གནས་ལུགས་མིག་འབྲས་ལྟར་སྲུང་བ་གཞིར་བཅས། སྐྱེ་བོ་རེ་རེས་རང་ལ་གདོད་ནས་ལྷན་སྐྱེས་སུ་གྲུབ་པའི་ཤེས་རབ་ཀྱི་ཆ་དེ་ངོས་ཟིན་པར་བྱས། ཀུན་གཞིའི་གཏིང་རིམ་ན་སྦས་དོན་དུ་གནས་པའི་དཔྱོད་ཤེས་ཀྱི་བག་ཆགས་དེ་སད་དུ་བཅུག རང་ངོ་རང་གིས་མཐོང་བ་ལ་བརྟེན་ནས་བློ་དང་རིག་པ་བྱིས་པའི་གནས་སྐབས་ལས་ཐར་དུ་བཅུག རང་དབང་གི་དཔྱད་འཇོག་ཉི་ཟླས་མི་ཤེས་རྨོངས་པའི་མུན་པ་གཏིང་ནས་སེལ། འཇིག་རྟེན་གྲགས་ཚོད་ཀྱི་རྗེས་སུ་མི་འབྲང་བར་རང་གི་རིགས་ཤེས་ཡང་དག་གིས་ཆོས་ཐམས་ཅད་གནས་ལུགས་ཀྱི་སྲང་ལ་ཡང་དག་ཏུ་གཞལ། དོན་དམ་ཚད་མའི་རྣམ་གཞག་སྤངས་ནས་རང་བློས་བདེན་པ་གསར་དུ་རྟོགས་ལ་འབད། དབང་དང་གྲགས་པའི་སྒྲོག་ཐག་ཁམ་དུ་ཟོས་ཏེ་ཆོས་ཐམས་ཅད་ལེགས་ཉེས་དཔྱོད་པའི་ཡུལ་དུ་ཅམ་གྱིས་བཞག བསམ་སྤྱོད་ཐམས་ཅད་ཁ་བཤད་ཕྱོགས་འཛིན་དང་རིས་ལྟ་ཆགས་སྡང་གི་དབང་དུ་མ་སོང་བར་ཆོས་ཉིད་མི་འགྱུར་བདེན་པའི་པང་དུ་བཞུགས་སུ་གསོལ། དེའི་ཁར་དེ་ལྟ་བུའི་རྟོགས་སད་ཀྱི་བདག་རྐྱེན་ལ་བརྟེན་ནས་སྐྱེ་བོ་རང་ཉིད་ལ་རྩིས་ཐང་ལྡན་པ། སེམས་ཀྱི་འཁོར་ཕྱོགས་ལ་སྒམ་དཀྱེལ་འཛོམས་པ། མི་ཆོས་ཀུན་སྤྱོད་ལ་སྤང་བླང་ཡོད་པ། སྦྱོར་བའི་ལེགས་ཉེས་ལ་སྟངས་འཛིན་ཡོད་པ། བྱས་པའི་འབྲས་བུ་ལ་ཁག་ཁུར་ཡོད་པ། སྤྱི་པའི་བྱ་བཞག་ལ་འགན་འཁྲི་ཡོད་པའི་སྐྱེ་བོ་རང་མཚན་པ་ཞིག་འཁྱོངས་པར་བྱ་རྒྱུ་ནི་བློ་འབྱེད་ཀྱི་དགོངས་པ་འཁྲུལ་མེད་དུ་མངོན་ལ། དེ་དག་ཚང་བས་ཡོན་ཏན་པའི་མཚན་ཉིད་ཀྱང་ཡོངས་སུ་རྫོགས་པར་འདོད་དོ།།
        ནོར་ལས་ནོར་གྱི་སྙིང་བོ་བླངས་པའི་རིག་པའི་བགོ་སྐལ་འདི་ཉིད་འུ་ཅག་ལ་ད་དུང་ཐོབ་པར་མ་གྱུར་པ་ནི། སློབ་གྲོགས་མང་མང་ཞིག་སྲོལ་རྒྱུན་ཁོ་ནའི་འཁོར་བར་འཁྱམས་ནས་ལོ་བརྒྱ་སོང་ཡང་བསམ་པ་མ་རྙེད་པས། དེ་སྐད་དགེ་ཆོས་ཀྱིས“རོ་དང་མཚུངས་པའི་ལུས་པོ་འདི། །ག་དུས་ཤི་ཡང་མི་འགྱོད་དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་འདི། །མཉམ་དུ་ཤི་ན་ཤིན་ཏུ་ཕངས”ཞེས་གསུངས་པ་ལྟར་གང་ཞིག་སྨྲ་བར་འདོད་ཀྱང་གང་ཡང་སྨྲ་མི་ཤེས་པའི་ངང་ལ་མི་ཚེ་ཟད་དོགས་ཀྱི་སྡུག་བསྔལ་སྐྱེ་བའི་རྩ་བ་དང་།གཞན་དུ་ན་ཡུལ་འདིར་ལེགས་པར་བཞུགས་ཤིང་དྲང་བོར་སྨྲས་ཏེ་ཡིན་ལུགས་མ་སྦས་མངོན་སུམ་དུ་འཆད་པའི་གཟུར་གནས་བློ་ལྡན་ཉུང་བའི་རྐྱེན་ཡང་རེད་སྙམ། འདི་ལྟ་བུའི་སྟོང་རྐྱང་རིས་ཆད་ཕྱོགས་ལྷུང་གི་གནས་བབ་ལ་དམིགས་ནས། ད་ཐེངས་རིག་པའི་གནས་ལ་སྲལ་ལེན་གྱི་སྙིང་སྟོབས་ཆེ་ཞིང་སྤྱི་པའི་འགན་འཁྲི་ཕྲག་གོང་ནས་མ་དོར་བའི་བློ་གསལ་དོན་གཉེར་ཅན་དུ་མས། བོད་པ་རྣམས་ལ་སྐྱིད་འདོད་སླ་འཆོས་སུ་སྣང་བའི་སྙན་ངག་གི་མཚམས་ཚིགས་ལས་རིང་དུ་བརྒལ་ཏེ། འབོལ་རྩོམ་སྲོག་གི་སྙིང་བོར་གཟུང་བའི《མེ་སོན》ཉིད་སྐྱེ་བོའི་མིག་དབང་གསོ་བའི་དགའ་སྟོན་ལ་སྔར་མེད་གསར་དུ་སྟོབ་པའི་སྙིང་སྟོབས་ཀྱི་རྒྱལ་མཚན་ཕྲག་ཏུ་བསླངས་སོང་བ་འདིས་འུ་ཅག་བསྐལ་བཟང་དུ་བྱས་སོང་སྙམ་སྟེ། བཟང་བོའི་མཛད་པ་འདི་ཡིས་མི་ཤེས་རྨོངས་པའི་ཚང་མལ་ན་གཉིད་དུ་ཡུར་བའི་ས་འདིའི་འདུ་ཤེས་ཡ་མ་བརླ་དག་གི་གསན་སྒོ་ཡུན་གྱིས་བརྡུང་ལ་ཐེ་ཚོམ་མི་དགོས་པའི་ཕྱིར་རོ།།
        དེ་ལྟ་མོད་ཀྱི། སྙན་ངག་གི་ཆེད་དུ་སྙན་ངག་འབྲི་བ་ལྟར། འབོལ་རྩོམ་གྱི་ཆེད་དུ་འབོལ་རྩོམ་འབྲི་བ་ཁོ་ནས་ལས་མཛད་འདིའི་དམིགས་རྩེ་མངོན་དུ་བྱ་ཐབས་མེད་དེ། དོན་དམ་པའི་འབོལ་རྩོམ་ནི་སྤྱི་ཚོགས་དཔྱད་བརྗོད་ཀྱི་ཟུར་དེ་སྒྱུ་རྩལ་གྱི་གཟུགས་དྲི་རོ་རེག་གིས་བརྒྱན་ཏེ་རིག་གནས་ཀྱི་ཆ་དང་རྩོམ་རིག་གི་ཆ། བསམ་བློ་ལྟ་བའི་ཆ་གསུམ་ག་རོ་གཅིག་ཏུ་མཐུན་པ་འོ་ཆུ་ལྟར་འདྲེས་པར་བྱས། སྐྱེ་བོ་རང་གི་མཐོང་སྣང་དང་། ལོ་རྒྱུས་རེག་ཟིན། ཆབ་ཤོག་གཏམ་གླེང་སོགས་ས་བོན་དུ་བྱས་པའི་རྩོམ་ལུས་བྱེ་བྲག་པ་དེར་གོ་དགོས་པས་ན། དེ་ཉིད་དམིགས་བྲལ་སྣང་བ་གདོང་འདེད་ཀྱི་ཚིག་གི་མེ་ཏོག་ལྷུག་པོར་བཀྲ་ཡང་།ཡང་དག་དོན་གྱི་འབྲས་བུ་སྲན་རྡོག་ལས་ཉུང་བ་འཕྲལ་དགའ་ཕུགས་མེད་ཀྱི་ལྷུག་རྩོམ་དང་མི་འདྲ་ལ། མི་གསལ་རབ་རིབ་ཚིག་གི་སྨིག་རྒྱུས་དོན་གྱི་བཞིན་རས་ཡོངས་སུ་བསྒྲིབས་པས། དགོངས་པ་དང་དགོངས་མིན་གཞན་གྱིས་འབྱེད་ཐབས་མེད་སྟབས། རང་གིས་དེ་ལ་དྲང་ངེས་ཀྱི་རྣམ་གཞག་འབྱེད་པར་གདམས་པ་རང་མོས་སྙན་ངག་དང་། ཐད་བརྗོད་གཏམ་ཚིག་གཅིག་གིས་གོ་བར་འགྱུར་བའི་བརྗོད་དོན་གང་ཞིག་སྒྲོ་བཏགས་རྫུན་གྱི་ལ་ལུང་བཅོ་བརྒྱད་བསྐོར་ཏེ་ཚིག་གི་སྤྲོས་པས། ཀློག་པ་པོའི་མགོ་མཇིང་ན་བར་བྱེད་པ་བཅོས་མའི་སྒྲུང་གཏམ། རང་ལ་འཁྱེར་འཁོས་མེད་ཀྱང་ཡར་གྱི་ཚིག་གཡར་མར་གྱི་དོན་བརྐུས་ནས་དཔྱོད་པའི་འཁོར་ལོ་མགལ་མེ་ལྟར་བསྐོར་ཏེ་ཁྲལ་རིགས་འཇལ་བ་རྫུས་སྤྲད་དཔྱད་རྩོམ་དག་དང་མཚུངས་པ་མ་ལགས་སོ།།
        བྱེ་བྲག་ཏུ་བཤད་ན་འབོལ་རྩོམ་ཡང་དག་ལ། གཅིག་ནས་དཔྱད་ཡུལ་ཆེ་བ་འཇིག་རྟེན་ནས་ཆུང་བ་རྡུལ་ཕྲན་བར་གྱི་སྔ་རབས་ད་འབྱུང་གི་ཆོས་དག་ལས་བྱུང་བའི་རྟོགས་པའམ་མཐོང་ཐོས་ཙག་ཙིག མྱོང་བ་ཟ་ཟི། སྣང་བ་བན་བུན། ལྟ་བ་ཕན་ཕུན་རྣམས་གནད་འདུས་ལ་དོན་ཕིགས་པ། ཁྱབ་ཆེ་ཞིང་ཟུར་རྣོ་བ་གཙགས་བུ་རྨ་ཐོག་ཏུ་འདེབས་པ་ལྟ་བུའི་ངག་གི་རྟ་ལ་བསྐྱོན་ཏེ་དཔྱོད་འཇུག་གམ། དགག་སྒྲུབ་དང་མཐའ་དཔྱོད་ཀྱི་བགྱི་བ་ལྷུར་ལེན་པའི་ཆོས་དེ་ཚང་དགོས་ལ། གཉིས་ནས་དགག་ཡུལ་ལམ་དཔྱད་ཡུལ་དུ་གྱུར་པའི་ལྟ་སྲོལ་ལམ་དོན་དེ་ཉིད་ལ་བག་ཚ་བ་མེད་པར་དགའ་བྲོད་རྩེད་མཚར་དང་ཚིག་རྒྱག་ཟུར་ཟའི་མཉེས་གཤིན་གྱི་མདའ་མོས་ཉེ་བར་བསྣུན་ཏེ། ཟོལ་ཟོག་ལྟས་ངན་མུན་པའི་དམག་ཚོགས་ཕྱིར་ཕྱིར་བསྙིལ་ཞིང་། གཞུང་ལུགས་སྡུད་པའི་དུང་ཆེན་དབྱིངས་སུ་བུས་ནས་མི་མཐུན་ཆུ་སྲིན་དགྲ་བོ་རྨང་ནས་འཇོམས་པར་བྱེད་ནུས་པའི་ངག་གི་རྩལ་གསུམ་འཛོམས་པ་ཞིག་དགོས། གསུམ་ནས་བརྗོད་པར་འདོད་པའི་གནས་ལུགས་དོན་ཟབ་གོ་དཀའ་དེ་ཉིད་ངེས་རྙེད་ཁུངས་སྐྱེལ་དང་། ཟབ་གསལ་དག་པའི་ངག་གིས་ཉི་ཟླ་ལྟར་གསལ་བར་མཛད་དེ་ཀློག་པ་པོའི་མིག་ལ་གཟུགས་ཅན་དུ་སྟོན་ནུས་ཤིང་། སྤྱི་མཚན་དུ་གྱུར་པའི་ལྐོག་གྱུར་གྱི་ཆོས་དང་གནས་ལུགས་གང་དེ་གཏམ་རྒྱུད་དང་དཔེ་ཆོས། བྱུང་རབས་སོགས་ལ་སྦྱར་ཞིང་ཉམས་འགྱུར་འབུམ་གྱིས་ཕྱུག་པའི་ཚིག་གི་ཡུར་ལམ་དུ་དྲངས་ཏེ། ཀློག་མཁན་ལ་མྱངས་ནས་མི་ཚར་བའི་རོ་བརྒྱའི་ལོངས་སྤྱོད་དུ་སྟོབ་ཐུབ་པ་ཞིག་དགོས། བཞི་ནས་རྫུན་དང་གཡོ་སྒྱུའི་ངོ་བསྟོད་ཀྱི་བྲོ་གླུའི་ཡོ་ལང་རིང་དུ་སྤངས་ཏེ། གནས་ལུགས་དོན་གྱི་ཏིང་འཛིན་རྒྱ་མ་ཁ་སྦྱོར་དེ་ཉིད་ཡོ་མེད་ཕྱག་ཏུ་འཛིན་པའི་དམ་ཚིག་སྙིང་ལ་བཞག རང་ལྟ་གང་དེ་མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་བའི་གཞུང་དང་མཐུན་པར་བྱས་ཏེ། བདེན་གཏན་ཚིགས་གཉིས་ཀྱིས་ཕྱི་ནང་ཀུན་ནས་བརྒྱན་པའི་གསུང་ངག་ཟབ་མོའི་རྗེས་སུ་འགྲོ་ལྡོག་ནུས་པ་ཞིག་དགོས་པ་དཔེར་ན། འབྲུག་པ་ཀུན་ལེགས་ཀྱི་ཁ་མཐོ་རྒྱག་དམའ་རྒྱག་ལ་མཚམས་ཚིགས་མེད་ཀྱང་དོན་གནས་ལུགས་ཀྱི་རྒྱ་མཚོ་ཁ་མ་བྲི་བ། གཞན་སུན་འབྱིན་གྱི་མདའ་མོ་སྙིང་ལ་ཟུག་ཀྱང་ངག་རྩེད་མཚར་གྱི་དགའ་བའི་ཉམས་མ་ཤོར་པ། ཕྱི་ཚིག་རིས་ལ་གཙང་བཙོག་གི་རྣམ་གཞག་མེད་ཀྱང་ནང་བདེན་ཐུབ་ཀྱི་ལྟ་བའི་གདེངས་མ་ལྷོད་པ། མཁས་བླུན་བར་མ་སུས་བལྟས་ཀྱང་གེ་སར་སྒྲུང་གླུ་ལ་ཉན་པ་ལྟར་རེ་དགའ་རེ་སྡུག་གི་འདུ་ཤེས་ཕྲ་རགས་རྒྱུད་ལ་བཅོས་མིན་དུ་བསྐྱེད་ནུས་པ་བཅད་ལྷུག་སྤེལ་མའི་བདག་ཉིད་དུ་གྱུར་པའི་འབོལ་རྩོམ་དེ་རྣམས་ལྟ་བུ་ཞིག་དགོས་སོ།།
        དེ་ལྟ་མ་ཡིན་པར་གྲགས་འདོད་ཕུགས་སུ་བཅུག་ནས་བསྟན་བཅོས་ཅི་རྩོམ་གཞན་ལ་ངན་ཤགས་འཐབ་མོ་དང་མཚང་འདྲུ་བསྙད་འདོགས། གཞི་མེད་སྐུར་འདེབས་ཕྱིར་དུ་མི་སྙན་ཚིག་སྐམ་རྐྱང་བ་ཡན་པར་བརྐྱངས་བཅུག་པ་གཟེ་མ་ར་མགོ་ལྟ་བུའི་ངག་དང་། ཚིག་གི་ལབ་ལབ་མང་ནའང་དོན་གྱི་གནས་ལུགས་ཟབ་མོའི་ཕྱོགས་ཙམ་མི་ཟིན་ཚོང་འདུས་ཀྱི་འོ་མ་ལྟར་ཆུ་རྐྱང་དུ་སོང་ནས། ནང་གི་སྙིང་བོས་སྟོང་བར་གྱུར་པ་ནེ་ཙོའི་འདོན་པ་ལྟ་བུའི་ངག རི་བོང་ཐུར་རྒྱུག་གི་བདེ་བ་བསྟེན་ཕྱིར་བྲོ་བའི་ཁ་བཤད་འདྲ་བའི་ཚིག་ཚོགས་བརྒྱ་སྟོང་སྤྱད་དེ་ངོ་བསྟོད་སྤྲེལ་ལད་ཀྱི་རྣམ་ཐར་འཁྲབ་པ་བྱབ་ཆུང་གར་མཁན་ལྟ་བུའི་ངག རང་སེམས་ལ་འཇོག་རྒྱུ་མེད་ཀྱང་སྔོ་ལོ་འཕྱར་འཕྱར་ལ་ཁ་ནས་གང་དྲན་དྲན་སྨྲས་ཏེ། གནས་ལུགས་དོན་མཐོང་ཡིན་པར་སྒྲོག་པ་བཟི་བོ་ཆང་རྐྱལ་ལྟ་བུའི་ངག སྟེང་ཞེ་སྡང་གིས་བསྐྱོར་ཞིང་འོག་གཏི་མུག་གིས་བཏེགས་པས། འཕན་ཟེལ་མི་དཔྱོད་མུན་ནག་མདའ་འཕེན་ཡེ་ཤེས་སྤྱན་བཅར་གྱི་བརྟུལ་ཞུགས་ལ་སྤྱོད་པ་དཔའ་བོ་རྨོངས་པ་ལྟ་བུའི་ངག ཟོག་པོའི་སྣོད་ཁ་ཕྱེ་ལྟར་སྐྱག་གཏད་གང་ཡང་མེད་པའི་ཆགས་ཚིག་འཁྲིག་ཚིག་འཆལ་ཚིག་ཅལ་ཅོལ་གྱི་སྙིགས་རོ་ཐང་མར་བརྡལ་ནས། གཞན་གྱི་མཐོང་ལམ་བཙོག་བསླད་དུ་གཏོང་བ་ཕྱགས་དར་ཕུང་བོ་ལྟ་བུའི་ངག གཞན་ལ་བཤད་རིན་མེད་ཅིང་དོན་ལ་ལེན་དུ་མེད་པའི་བྱ་བ་ཙག་ཙིག་སྣ་ཟིན་སྤུ་ཟིན་ནས་བྲིས་ཏེ། ཁེ་འདོད་བསྡུས་ཆང་གི་ཚོགས་འཁོར་དུ་དགྲམ་པ་ཨ་མ་ཆང་མ་ལྟ་བུའི་ངག གླེང་གཞི་གཅིག་ཀྱང་མཐར་མི་སྐྱེལ་བར་ར་ཕོས་རྩྭ་ཟ་བ་ལྟར་གཏད་མེད་ཀྱི་ངང་ལ་སྟེང་གི་ནམ་མཁའ་འོག་གི་ས་གཞི་དང་བཅས་པ། ཕྱོགས་བཞི་མཚམས་བཞིར་རེག་འཇོག་བྱེད་པ་བྱིས་པ་ལང་ཤོར་ལྟ་བུའི་ངག་སྟེ། དེ་ལ་སོགས་པའི་རྗོད་བྱེད་ངག་གི་སྐྱོན་ཅི་ཡོད་རྩོམ་ལུས་གཞན་ལ་རུང་མིན་ཅི་ཤེས། ངེས་དོན་གྱི་འབོལ་རྩོམ་ལ་གཏན་ནས་རུང་བ་མ་ཡིན་པས་མཐའ་གཅིག་ཏུ་སྤང་བྱ་ཉིད་དོ།།
        རྩོམ་ལས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པའི་གང་ཟག་ལ་མཚོན་ནའང་། རང་གཞན་ཕྱི་ནང་རིག་པའི་གནས་དག་ལ་མཐོང་རྒྱ་ཆེ་ཞིང་འཕྲལ་ཕུགས་ཀྱི་ཁེ་ཉེན་ལ་གཟིགས་རྒྱ་ཡངས་པ། སྐབས་ཀྱི་གནས་བབ་ལ་དྲན་ཤེས་བརྟན་དགོས་པས་མི་ཚད། ལྟ་བའི་གནད་ལ་འབབ་ཤེས་པ། བདེན་རྫུན་གཉིས་ཀྱི་ཚིགས་ཤེས་པ། བཟང་ངན་གཉིས་ཀྱི་ངོ་ཤེས་པ། འགྲོ་ལྡོག་གཉིས་ཀྱི་མཚམས་ཤེས་པ། དགག་བྱའི་ཡུལ་གྱི་གནད་ཤེས་པ། གཏན་ཚིགས་སྤྱོད་པའི་ལུགས་ཤེས་པ་ལ་སོགས་བསླབ་ཤེས་ཀྱི་ཡོན་ཏན་གྱི་སྟེང་ལ། ཚིག་དོན་མ་འཛོལ་བ་ཁ་ནས་ཆུ་འཕོ་བ་ལྟ་བུའི་རྩོམ་རྩལ་ལ་བྱང་དགོས་པ་གཞིར་བྱས། ད་དུང་ལྟ་བའི་ཕྱོགས་ནས་བྱ་བརྒྱ་ཁ་ཤར་ལ་བལྟས་ཚེ་པུ་ཤུད་ཁ་ནུབ་ལ་ལྟ་བ་ལྟ་བུའི་བློ་སྟོབས་དང་། སྤྱོད་པའི་ཕྱོགས་ནས་ཅི་ཟེར་རྣ་བས་ཐོས་ཚད་ལ་མི་རྟོན་པར། སྡོང་དུམ་ཆུ་ནང་དུ་གཡེངས་ནས་བརྟག་པ་ལྟར་ལེགས་ཉེས་མགོ་ལྟག་འབྱེད་པའི་དཔྱད་སྟོབས། བསམ་པའི་ཕྱོགས་ནས་སེམས་ཀྱི་རང་ས་ཟིན་པ་གཡག་རྒན་གྱི་མཇིང་བ་ལས་གཅུ་དཀའ་བའི་རང་ཚུགས་དེ་ཅིས་ཀྱང་དགོས་པ་སོགས་ཀྱིས་མཚོན། བློ་འབྱེད་ལྟ་བ་ཕྱགས་རྫོགས་ལ་ཉེ་བར་མཁོ་བའི་གནད་དག་ལ། རིག་པའི་སྙིང་སྡུག་གཏན་གྱི་མཛའ་མོས་རྗེས་ཆགས་ཟུར་མིག་རྣོན་པོ་སྙིང་ལ་རིང་ནས་བཏབ་པའི་སློབ་གྲོགས་སྨྱུག་ཐོགས་པ་རྣམས་ཀྱིས། ཐུགས་དགོངས་ཡང་དག་ཏུ་བཞེས་ནས་དེ་དོན་ཁོང་དུ་ཆུད་པར་བྱས། དུས་དེ་རིང་ནས་བཟུང་སྟེ་འཇམ་མཉེན་སོར་མོའི་འདུ་བྱེད་གར་དུ་སྒྱུར་བའི་མཛད་བཟང་གི་དབུ་བསླངས་ཏེ། སྙིང་ག་ཆོས་ཀྱི་འཁོར་ལོ་ནས་འཁྲུངས་པའི་འབོལ་རྩོམ་ཅོ་གའི་དྲུག་འགྱུར་གྱིས་དབུས་འགྱུར་རིག་པའི་སྡིངས་ཁང་ཆེན་མོའི་མིང་གི་སྙན་པ་གང་འདི་གླིང་བཞིའི་མཐའ་ལ་བསྒྲག་རྒྱུའི་སྨོན་འདུན་དང་། གཞན་དུ་ན་སློབ་གྲོགས་རྣམ་པས་ཐབས་ལ་མཁས་པའི་བྱེ་བྲག་ལ་མངོན་པར་བལྟས་ཏེ། ལས་མཛད་འདི་ཉིད་བང་མེད་བུབ་འགྱེལ་དུ་མི་འགྲོ་བར་ཡུན་རིང་འཚོ་བཞུགས་གནང་ཐབས་ལ་འབད་ནུས་ཀྱི་རེ་བ་དང་བཅས། ཤེས་བརྩོན་ངང་མོ་འབུམ་གྱི་ངག་རིག་བསུ་བའི་ཕོ་ཉ་མོ་འདི་ཀོ་སྤྱི་ལོ2011གི་ཟླ11པའི་ཚེས9ལ་རང་གིས་མི་འཇོན་མི་འཁྱོང་བ་ལ་མ་ལྟོས་པར། གདོང་ལྤགས་ཀོ་བ་མཐུག་པོས་གཡོགས་ཏེ་ཡིད་ཀྱི་ཁྱེའུ་རྩེན་པའི་སྡིངས་ཁང་ནས་མི་ཆུང་སེམས་བསྐྱེད་ཀྱི་ཚུལ་དུ་འགྱན་སངས་ཀྱིས་བཏང་ངོ་།།
      (སྦྲང་ཆར་སྤྱིའི་དེབ་145ལས་བཤུས། )

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1