གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༡༡ཉིན།

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་ཁུལ་གསར་པའི་སློབ་འགོ་ཚུགས་པ།

        སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཐུགས་དགོངས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སི་ཁྲོན་མི་དངམས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་སྤྱི་ལོ་1983ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་པའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་འཇོན་མི་གསོ་སྐྱོང་བྱེད་པའི་ཆེད་ལས་རང་བཞིན་གྱི་སློབ་གླིང་ཞིག་ཡིན་ལ། རྗེས་ནས་སི་ཁྲོན་ཕིས་ཏོ་ཁུལ་གྱི་ཐང་ཁྲང་གྲོང་རྡལ་དུ་གནས་སྤར་ཞིང་2017ལོའི་ཟླ་9པར་འཛུགས་སྐྲུན་ལེགས་པར་གྲུབ་ནས་སློབ་མ་གསར་པ་སྡུད་པའི་འགོ་བརྩམས།

        2017ལོའི་ཟླ་9པའི་ཚེས་29ཉིན། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་ཁུལ་གསར་པའི་འཛུགས་སྐྲུན་ལེགས་གྲུབ་དང་སྐབས་གསུམ་པའི་འབྲིང་རམས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕིས་ཏོ་ཁུལ་དུ་གཟབ་རྒྱས་ངང་སྤེལ། སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན། ནོར་སྲིད་ཐིང་། ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུས། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་། དེ་མིན་གྲོང་ཁྱེར་དང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན་སོགས་མི་སྣ་200ལྷག་མཛད་སྒོར་ཞུགས། 

        རྒྱུས་ལོན་བྱུང་བ་ལྟར་ན། མཛད་སྒོའི་རྗེས་སུ་རྒྱུགས་ལེན་པའི་ཐབས་ལམ་བརྒྱུད་དེ་སྐབས་དང་པའི་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་སློབ་མ་34སྡུད་ལེན་བྱས་པ་དང་། སློབ་སྦྱོང་གི་ཡུན་ཚད་ལོ་བཞི་དང་མཐར་རྒྱུགས་འབྲས་ལྟར་བསླབ་གནས་གནང་རྒྱུ་ཡིན་པ་རེད། གཞན་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་ལགས་ཀྱིས་ནང་བསྟན་སློབ་གླིང་གི་གླིང་གཙོའི་འགན་བཞེས་ཤིང་། སློབ་གླིང་ལ་ད་ལྟ་གྲ་སྒྲིག་དགེ་རྒན་66དང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་ཆེད་མཁས་པས་གྲུབ་པའི་ཆེད་ཞུའི་དགེ་རྒན་80ལྷག་ཡོད་པ་རེད། །


39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1