གཙོ་ངོས།>> དེང་རབས་མི་སྣ།>>སྨན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༡༢ཉིན།

༄༅།། སངས་རྒྱས།

མདོ་དབུས་མཐོ་སྒང་གི་མིང་དུ་གྲགས་པའི་སྨན་པ་བཟང་པོ་ཞིག
——རྒྱལ་ཡོངས་སྲོལ་རྒྱུན་གསོ་རིག་གི་སྨན་པ་གྲགས་ཅན་སངས་རྒྱས་ཀྱི་གནས་ཚུལ་བཀོད་པ།
 
        ཞིང་ཆེན་བོད་སྨན་ཁང་གི་རྒྱལ་ཡོངས་བོད་ཀྱི་གསོ་རིག་ཆེད་མཁས་པ་གྲགས་ཅན་གྱི་ལག་རྩལ་རྒྱུན་འཛིན་གཞུང་ལས་ཁང་དུ། རང་རྒྱལ་གྱི་མིང་དུ་གྲགས་པའི་བོད་ཀྱི་གསོ་རིག་ཆེད་མཁས་པ་སངས་རྒྱས་ཀྱིས་བོད་སྐད་ཀྱི་ལམ་ནས་བོད་རིགས་ནད་པ་ཞིག་ལ་ནད་ཀྱི་གནས་ཚུལ་བཤད་པ་དང་། སེམས་ཞིབ་མོས་ནད་པའི་དྲི་བར་ལན་འདེབས་བཞིན་ཡོད།
        སངས་རྒྱས་ཀྱི་ཕ་ལགས་ནི་ཕ་ཡུལ་གྱི་མིང་དུ་གྲགས་པའི་སོག་སྨན་སྨན་པ་ཞིག་ཡིན། ཡུལ་མི་རྣམས་ཀྱི་ལུས་པོ་ཅུང་མ་བདེ་ཚེ་ཚང་མ་ཕ་ལགས་འཚོལ་དུ་ཡོང་བ་ན། ཕ་ལགས་ཀྱིས་ནམ་ཡང་རྒྱུན་མཐོང་གི་རྩྭ་སྨན་གྱིས་ཁོ་ཚོ་ནད་ལས་ཐར་དུ་འཇུག་པ་ཞིག་ཡིན། “སྐབས་དེར་ང་རང་ཕ་ལགས་ཀྱི་ནུས་པ་དེར་ངོ་མཚར་སྐྱེས་པ་ཡིན”ཞེས་སངས་རྒྱས་ཀྱིས་བཤད།
        ཕ་ལགས་ནི་རྐང་རྗེན་སྨན་པ་དཀྱུས་མ་ཞིག་ཡིན་རུང་། འོན་ཀྱང་ཁོ་ལ་བཞག་པའི་བག་ཆགས་ཤིན་ཏུ་ཟབ། རྒྱལ་ཁབ་ཀྱིས་མཐོ་རྒྱུགས་སླར་གསོ་བྱས་རྗེས། སངས་རྒྱས་ཀྱིས་གཡུར་དུ་ཟ་བའི་རྒྱུགས་འབྲས་བླངས་ཏེ་པེ་ཅིན་སྲོལ་རྒྱུན་གསོ་རིག་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། ཚད་ལྡན་གྱི་སྲོལ་རྒྱུན་གསོ་རིག་གི་སློབ་གསོ་མྱོང་མགོ་བརྩམས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བོད་སོག་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་དུ་ལོ་ངོ50ཙམ་ལ་སྨན་པ་བྱས་པའི་རིང་ལ། སངས་རྒྱས་ཀྱིས་སྤྲོ་སེམས་ཆེན་པོ་སྒོ་ཀུན་ནས་བསླངས་ཏེ་མི་རིགས་གསོ་རིག་གི་གར་སྟེགས་སྟེང་ནས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་ གང་ལེགས་བྱས། ཁོས་དེང་རབས་གསོ་རིག་དང་ཀྲུང་ལུགས་གསོ་རིག སོག་ལུགས་གསོ་རིག བོད་ལུགས་གསོ་རིག་སོགས་ཀྱི་ཤེས་བྱ་བཀོལ་ནས། ནད་ཐོག་སྨན་བཅོས་བྱེད་པའི་ཁྲོད་དུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྨན་བཅོས་བྱེད་ཐབས་མང་པོ་སྤྱི་སྡོམ་བྱས་ཏེ། སྔ་གཞུག་ཏུ་འབྲི་མཁན་གཙོ་བོ་བྱས་ནས་བརྩམས་ཆོས་དང་སློབ་དེབ། དཔྱད་རྩོམ། ལག་རྩལ་ཚད་གཞི་སོགས་ཀྱི་བརྩམས་ཆོས་པོད60ཙམ་བརྩམས།
        ལོ་ངོ10ཡི་སྔོན་དུ། སྐབས་དེར་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡིན་པའི་སངས་རྒྱས་པེ་ཅིན་དུ་ཚོགས་འདུར་ཞུགས་སྐབས། གློ་བུར་དུ་གསུས་ཁོག་ལ་བཟོད་དཀའ་བའི་ན་ཟུག་སྐྱེས་རུང་། རྒྱལ་ཁབ་སྲོལ་རྒྱུན་གསོ་རིག་དོ་དམ་ཅུས་ལ་སྐབས་ཐོག་གི་བོད་སྨན་ཁང་གི་ལས་དོན་ཡར་ཞུ་བྱེད་པའི་གོ་སྐབས་འཆོར་དུ་མ་བཅུག་པར། ན་ཟུག་བཟོད་བསྲན་བྱས་ཏེ་ཡར་ཞུ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས། ཚོགས་འདུ་གྲོལ་བའི་སྐབས་སུ། སངས་རྒྱས་ཀྱི་ལུས་ཧྲིལ་པོ་རྔུལ་ཆུ་ཡིས་སྦངས། ཉིན་དེར། སངས་རྒྱས་ཀྱིས་ན་ཟུག་བཟོད་བསྲན་བྱས་ཏེ་གནམ་གྲུར་བསྡད་ནས་ཕྱིར་ཟི་ལིང་དུ་འཕུར་ཡོང་། སྐབས་དེར། གཞན་ཡུལ་ནས་ཐོན་པའི་ནད་པ་མང་པོ་ཞིག་གིས་སྨན་པ་ཁོང་ལ་དུས་ཚོད་མང་པོར་བསྒུགས་པ་ཤེས་རྗེས། སངས་རྒྱས་ཐད་ཀར་ནད་བརྟག་ཁང་དུ་སོང་སྟེ་ནད་པར་བལྟས། དེ་ནས་ཡང་བསྐྱར་གསུས་ཁོག་ལ་ན་ཟུག་བཟོད་མི་ཐུབ་པ་སྐྱེས་ནས་འགྲེངས་ནས་ཀྱང་འདུག་མི་ཐུབ་པར་གྱུར་པ་ན། ད་གཟོད་ཁོས་རང་གི་ནད་ཚབས་ཆེན་ཡིན་པ་ཚོར། སྣ་ཁ་མང་པོར་བརྟག་དཔྱད་བྱས་པ་བརྒྱུད་ནས། ཕོ་བར་སྐྲན་ནད་བྱུང་ཡོད་པ་ངོས་བཟུང་བ་དང་།ངེས་པར་ཕོ་བའི་སུམ་ཆའི་གཅིག་གཤག་དགོས་བྱུང་།
        ནད་ཐོག་གི་བྱ་བ་འགོར་འགྱངས་སུ་མི་གཏོང་བའི་ཆེད་དུ། སངས་རྒྱས་ཀྱིས་ཐ་ན་རྫས་འགྱུར་སྨན་བཅོས་ཀྱང་མ་བྱས་པར་མྱུར་མོར་རང་གི་ལས་རྐང་དུ་ཞུགས། གཤག་བཅོས་བྱས་རྗེས་ཀྱི་ཟླ་ངོ་གཅིག་གི་རིང་ལ། ལུས་ཕུང་བཀན་ཞིང་ལྗིད་ཚད་ལ་སྤྱི་རྒྱ80ཡོད་པའི་སངས་རྒྱས་མྱུར་མོར་སྤྱི་རྒྱ60ལ་མར་ཆག ཁོ་རང་རྒྱུན་ལྡན་དུ་སྒོ་བསྟེན་ཁང་དུ་ནད་པར་བལྟ་བ་མིན་ན། ནད་ཁང་དུ་དངོས་སུ་སོང་སྟེ་ནད་པར་བརྟགས་པ་ཡིན། སྐབས་དེར་ཁོང་ནི་ལུས་ལ་སྐྲན་ནད་བྱུང་ཡོད་པའི“ནད་པ”ཞིག་ཡིན་པ་སུའི་སེམས་སུའང་ཤར་མེད།
        ནད་གདོན་དང་ལོ་ངོ10ལ་འཐབ་འཛིང་བྱས་པའི་ནང་དུ། ཁོ་བོས་ནད་པར་ལྟ་བར་བགེགས་བར་ཆད་མེད་པའི་ཆེད་དུ། ཟ་མ་ཉིན་རེ་བཞིན་ཇེ་ཉུང་དུ་བཏང་། དུས་རྒྱུན་དུ་ཟ་མ་ཁྱིམ་ནས་བཟུང་ཡོང་བ་དང་། མཚམས་ལན་རེར་ཟ་མ་ཁོལ་མ་ཁམ་དོ་ཟོས་མ་ཐག་མུ་མཐུད་དུ་སྨན་པའི་ལས་ལ་འཇུག་དགོས་པ་བྱུང་། རང་ཉིད་ཀྱི་ལུས་ཕུང་གི་རྒྱུ་རྐྱེན་ལ་ཁག་བཞག་སྟེ་སྨན་པར་སྟོན་དུ་ཡོང་བའི་ནད་པ་གཅིག་ལའང་མ་བལྟས་པའི་གནས་ཚུལ་བྱུང་མ་མྱོང་།
        སངས་རྒྱས་ཀྱིས་ནད་པར་ལྟ་དུས། ནད་པ་སྔོན་མར་རང་ཉིད་ཀྱི་ནད་ངོས་འཛིན་གསལ་པོར་བྱེད་པ་དང་། ཇི་ལྟར་བདེ་སྲུང་བྱེད་པ། ཇི་ལྟར་སྨན་ལ་བསྟེན་པ་གསལ་པོར་ཤེས་སུ་བཅུག་རྗེས། ནད་པ་རྗེས་མར་ལྟ་བ་ཞིག་ཡིན། “དགེ་རྒན་སངས་རྒྱས་ཀྱིས་རྒྱུན་ལྡན་དུ། ནད་པར་ངེས་པར་རང་ཉིད་ཀྱི་ཉེ་མི་ནང་བཞིན་ལྟ་བ་དང་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོར་ཞབས་འདེགས་ཞུས་པ་རེད། ནད་པར་ལྟ་དུས་རྣམ་འགྱུར་ནི་ཆེས་གནད་འགག་ཡིན། ཁྱེད་རང་བྲེལ་འཚུབ་ཇི་འདྲ་ཆེ་ནའང་ནད་པ་རེ་རེར་ནད་ཀྱི་གནས་ཚུལ་གསལ་པོར་བཤད་དགོས་པར་མ་ཟད། བྱེད་ཐབས་གང་ཡོད་སྤྱད་ནས་ནད་པའི་ནད་ཀྱི་གནས་ཚུལ་ལྟར་ཆེས་ཕན་པའི་སྨན་བཟང་པོ་སྡེབ་དགོས”ཞེས་སངས་རྒྱས་ཀྱི་སློབ་མ་ཞིག་སྟེ་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་པད་མ་རབ་བརྟན་གྱིས་གསར་འགོད་པར་དེ་ལྟར་བཤད།
        ལུས་ལ་སྐྲན་ནད་བྱུང་ཡོད་པའི་ཞིན་ཅང་གི་ནད་པ་ཁུའུ་ཨེར་ལའེ་ཡིས་ཐག་རིང་ལེ་དབར་སྟོང་ལྷག་གི་ཡུལ་ནས་སྨན་པ་སངས་རྒྱས་ཀྱི་སྙན་གྲགས་ཐོས་ནས་ནད་ལ་བལྟ་རུ་ཡོང་། ལུས་ལ་ནད་ལྗིད་མོ་ཕོག་ཅིང་སེམས་པའང་སྡུག་གིས་མནར་བའི་ཁུའུ་ཨེར་ལའེ་ལ་ཁོང་གིས་ན་ཚུལ་ཞིབ་མོར་དྲིས་རྗེས་ཆེས་བཟང་པོའི་སྨན་བཅོས་བྱེད་ཐབས་གཏན་འཁེལ་བྱས། ལོ་ངོ་གཅིག་ལ་སེམས་ཞིབ་མོས་སྨན་བཅོས་བྱས་པ་བརྒྱུད། སངས་རྒྱས་ཀྱིས་ནད་པ་དེ་སངས་དྲག་ཏུ་བཏང་བར་མ་ཟད། ཁོའི་སེམས་ཀྱི་སྡུག་བསྔལ་ཀྱང་མེད་པར་བཟོས། ནད་པའི་ཁྱིམ་མིར་སྤྲོ་བ་རབ་ཏུ་རྒྱས་ནས་བཤད་རྒྱུར། “ཁྱེད་ནི་སྲོག་སྐྱོབ་ཀྱི་དྲིན་ཆེན་ཡིན། ང་ཚོའི་ཕ་ཡུལ་གྱི་གོམས་སྲོལ་ལྟར་ན། རྟ་མཆོག་ཅིག་སྦྱིན་དགོས་ལ། འོན་ཀྱང་ལམ་ཐག་ཤིན་ཏུ་རིང་བས་སོག་ལྭ་ཆ་ཚང་ཞིག་བྱིན་ནས་བཀའ་དྲིན་ཞུ་དགོས”ཟེར།
        གོང་ལྟར་སྨན་པ་སངས་རྒྱས་ཀྱིས་སྨན་བཅོས་བྱས་ནས་དྲག་ཏུ་བཅུག་པའི་ནད་པ་བགྲང་ལས་འདས།
        རྒྱལ་ཡོངས་སྲོལ་རྒྱུན་གསོ་རིག་གི་སྨན་པ་གྲགས་ཅན་ནམ་ཕུལ་བྱུང་མཛུབ་སྟོན་དགེ་རྒན་ཡིན་པའི་ཆ་ནས། ཁོས་བརྒྱུད་རོགས་འཁྲིད་གསུམ་གྱི་ལམ་ནས་སློབ་ཁྲིད་བྱས་ནས་བསྐྱངས་པའི་བོད་སྨན་ཕྱོགས་ཀྱི་འཇོན་མི100ཙམ་ཡོད།
        མི་རིགས་གསོ་རིག་གི་འཕེལ་རྒྱས་ནི་ནམ་ཡང་སངས་རྒྱས་ཀྱི་སེམས་སུ་བཟུང་ཡོད་པའི་དོན་ཆེན་ཁོ་ན་ཡིན། དུས་རབས་སྔོན་མའི་ལོ་རབས90པའི་མགོར། བོད་སྨན་ལ་དུངས་པ་ཟབ་པའི་སངས་རྒྱས་བཙོ་ཐལ་དང་མུ་ཏིག་བདུན་ཅུ་སོགས་ཀྱི་བོད་སྨན་རྩ་ཆེན་སྡེབ་སྦྱོར་གྱི་ལས་ལ་ཞུགས། “སྐབས་དེར། མཚན་མོ་བགྲང་ལས་འདས་པ་ཞིག་ལ་སྨན་ཁང་གི་སྡེབ་སྦྱོར་ཁང་དུ་ཞག་འདུག་བྱས་པ་ཡིན། མཐའ་མར་ལས་གྲོགས་ཚོ་དང་མཉམ་དུ་བདེ་བླག་གིས་རང་ཞིང་གི་སྨན་རྫས་རྩ་ཆེན་ཐོག་མ་བཟོས་པར་མ་ཟད། ནད་ཐོག་ཏུ་བཀོལ་སྤྱོད་བྱས”ཞེས་སངས་རྒྱས་དགོད་ཞོར་དུ་བཤད།
        ཁོའི་གྲུབ་འབྲས་ལ་ཁོ་རང་དེ་འདྲ་ཡིད་ཚིམ་བཞིན་མེད། “མི་རིགས་གསོ་རིག་རྒྱལ་སྤྱིའི་ལམ་དུ་བགྲོད་ཐུབ་ཚེ། བོད་སྨན་ནོར་བུ་འདི་མཚོ་བོད་མཐོ་སྒང་དང་ཐ་ན་འཛམ་གླིང་ཡོངས་ནས་མུ་མཐུད་དུ་འོད་ལམ་ལམ་དུ་འཚེར་དུ་འཇུག་པ་ནི་ངའི་ཆེས་ཆེ་བའི་རེ་བ་ཡིན”ཞེས་སངས་རྒྱས་ཀྱིས་བཤད།
        ལོ་ངོ50ཙམ་གྱི་རིང་ལ། ཁོས་བོད་ཀྱི་གསོ་རིག་ལ་དུངས་པའི་ཟོལ་མེད་ཀྱི་བསམ་པ་བཟུང་ནས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་གི་ཚེ་སྲོག་བསྲུངས་པའི་ངོ་མཚར་གྱི་མི་ཚེ་བསྐྲུན་དང་སྐྲུན་བཞིན་ཡོད། །

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1