མཛོད་དགེ་རྫོང་གིས་ཆུ་ཁུངས་སྲུང་སྐྱོང་གི་ལས་དོན་ནན་བསྒྲུབ་བྱས།

ནོར་བུ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-13


        ཆུ་བོ་སྲུང་སྐྱོང་དང་ཆུའི་སྐྱེ་ཁམས་ཁོར་ཡུག་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་གཏང་ཆེད། མཛོད་དགེ་རྫོང་གིས་ཟླ་9བའི་ཚེས་1ཉིན་ནས་ཟླ་12པའི་ཚེས་31ཉིན་བར། ཁྱོན་ཟླ་བཞིའི་རིང་དུ་ཆུ་བོ་དྭངས་ཤིང་ཆུ་གཙང་བ། ཆུ་རྒྱུད་སྲུང་བ་དང་ཆུ་ཁུངས་སྲུང་སྐྱོང་བྱེད་པའི་ལས་འགུལ་བཞི་ཏན་ཏིག་གིས་བསྒྲུབས་དང་སྒྲུབ་ཞིན་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ཀྱི་བྱ་བ་དངོས་གཏན་འབེབས་བྱས།
        ཆུ་བོ་དྭངས་པའི་ལས་འགུལ་སྤེལ་ནས་ཆུ་བོའི་ཁོར་ཡུག་གི་སྤུས་ཀ་ལེགས་བཅོས་གཏོང་བ་མངོན་འགྱུར་བྱ་བ་དང་། རྫོང་འདིས་གད་སྙིགས་གང་བྱུང་འཕོ་བ་དང་ཆུ་ལམ་གཅོད་པ། ཁྲིམས་འགལ་གྱིས་བྱེ་མ་བརྐོ་བ་སོགས་ཀྱི་གནད་དོན་འབུར་ཐོན་ཅན་གཙང་བཤེར་དག་སྒྲིག་བྱས་ནས་ཆུ་བོའི་ཁོར་ཡུག་སྤུས་ཀ་ལེགས་བཅོས་གཏོང་གྲབས་ཡོད། ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོའི་འཚོ་བའི་གད་སྙིགས་ཕྱོགས་བསྡུ་འདྲུད་སྐྱེལ་བྱེད་པའི་སྒྲིག་ཆས་འཛུག་སྐྲུན་བྱེད་པར་ཤུགས་བསྣན་ནས། མཁར་གྲོང་ཁོར་ཡུག་སྲུང་སྐྱོང་གི་གཞི་གཅིག་ཅན་གྱི་འཁོར་སྐྱོད་ནང་རྐྱེན་དང་བྱ་བའི་ལས་རིམ་ཇེ་མགྱོགས་སུ་བཏང་ནས་དག་གཙང་རྒྱུན་སྲུང་གི་ལམ་སྲོལ་དང་རུ་དཔུང་འཐུས་ཚང་དུ་གཏོང་དགོས་པ་དང་། ཆུ་ལམ་ཕྱོགས་བསྡུས་ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་བྱས་ནས་ཆུ་བོ་དང་མཚེའུ་འགྲམ་ངོགས་སུ་ཁྲིམས་འགལ་ངང་བསྐྲུན་པའི་བཟོ་བསྐྲུན་གྱི་རིགས་བཤིག་པ་དང་ཁྲིམས་འགལ་གྱི་འདེབ་འཛུགས་རིགས་མེད་པར་གཏོང་བ། ཆུ་ལམ་ནས་བྱེ་མ་ལེན་པ་ཚད་ལྡན་ངང་དོ་དམ་བྱས་ཏེ་ཁྲིམས་འགལ་གྱིས་བྱེ་མ་ལེན་པ་དག་ཐེར་བྱས་ནས་ཆུ་ངོགས་དང་མཚེའུ་འགྲམ་ནས་བྱེ་མ་ལེན་པའི་གོ་རིམ་དག་སྒྲིག་བྱེད་པ་དང་བྱེ་མ་ལེན་པའི་གནས་ཁུལ་ཚད་ལྡན་ངང་དོ་དམ་བྱས་དང་བྱེད་བཞིན་ཡོད།
        འགྲམ་ངོགས་སྲུང་བའི་ལས་འགུལ་སྤེལ་ནས་ཆུ་བོ་དང་མཚེའུའི་འགྲམ་ངོགས་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་སླར་གསོ་མངོན་འགྱུར་བྱེད་གྲབས་ཡོད་པ། རྫོང་འདིས་ཆུ་བོ་དང་མཚེའུའི་འགྲམ་ངོགས་རྒྱུད་ཀྱི་དོ་དམ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། འགྲམ་ངོགས་རྒྱུད་བཙན་བཟུང་དང་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་དག་ཐེར་དང་གཙང་བཤེར་བྱས་ནས་ཆུ་བོ་དང་མཚེའུའི་འགྲམ་ངོགས་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་སླར་གསོ་བྱས། ཆུ་ངོགས་རྒྱུད་སོགས་ཆུའི་སྐྱེ་ཁམས་བར་སྟོང་གཟབ་ནན་གྱིས་དོ་དམ་ཚོད་འཛིན་བྱས་ནས་ལོ་འདི་གའི་ནང་ཆུ་བོ་དང་མཚེའུ་དོ་དམ་ཁྱབ་ཁོངས་གཏན་ཁེལ་བྱེད་པའི་བྱ་བའི་མགོ་རྩོམ་དགོས། ཆུ་རྒྱུད་དུ་ཆུ་རགས་བཟོ་སྐྲུན་དོ་དམ་ཁྱབ་ཁོངས་དང་སྲུང་སྐྱོང་མངའ་ཁོངས་དོ་དམ་ནན་པོ་བྱས་ནས་ཁྲིམས་འགལ་ངང་འགྲམ་རྒྱུད་དུ་ཁང་བ་དང་གྲུ་ཁ། གསོག་ཉར་གནས་སོགས་སྐྲུན་པ་དང་རྨོ་འདེབས་བྱེད་པའི་བྱ་སྤྱོད་དག་ཐེར་བྱས་དང་བྱེད་བཞིན་ཡོད།
        ཆུ་གཙང་བའི་ལས་འགུལ་སྤེལ་ནས་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་མངོན་འགྱུར་བྱེད་གྲབས་ཡོད་པ། རྫོང་འདིས་ཆུ་ལག་སྦགས་བཙོག་བཅོས་སྐྱོང་ལས་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་ཆུ་བོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས། ཆུ་བོ་དང་མཚེའུར་བཙོག་ཆུ་འཕུད་པ་དོ་དམ་ནན་མོ་བྱས་ནས་བཟོ་གཏེར་ཁེ་ལས་དང་བཟོ་ལས་ཕྱོགས་བསྡུས་ཁུལ་གྱི་བཙོག་ཆུ་བཅོས་སྐྱོང་བྱེད་པར་ཤུགས་བསྣན། འཚོ་བའི་ཐད་ཀྱི་བཙོག་ཆུ་ཐག་གཅོད་བྱེད་པར་ཤུགས་བསྣན་ནས་ལོ་མཇུག་ཏུ་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བྱེད་པའི་ཚད་བརྒྱ་ཆའི་31.3ཡན་ལ་སླེབས་པར་འབད་པ་བྱེད། ཟླ་12པའི་ཚེས་31ཉིན་གྱི་སྔོན་ལ་འཚོ་སྐྱོང་བཀག་སྡོམ་ས་ཁུལ་དུ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་གསོ་སྤེལ་ཆེད་ལས་དུད་ཚང་ཁྲིམས་ལྟར་སྒོ་རྒྱག་པ་དང་སྤོར་སྐྱོད་གཏོང་བའི་བྱ་བ་འགྲུབ་དགོས་ལ། གཞི་ཁྱོན་ཅན་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བའི་སྒྲིག་ཆས་ཆ་ཚང་དང་འཛུགས་སྐྲུན་གྱི་བེད་མེད་དངོས་རོ་ཐག་གཅོད་དང་དགོས་ཆས་བེད་སྤྱོད་གཏོང་བའི་བསྡུར་ཚད་བརྒྱ་ཆའི་70ཡན་ལ་སླེབས་དགོས། ཟླ་12པའི་ཚེས31ཉིན་གྱི་སྔོན་ལ་སྲིད་འཛིན་སྡེ་བའི་འབྲོག་སྡེའི་ཁོར་ཡུག་དག་ཐེར་བྱེད་པའི་རྣམ་གྲངས་10སྔོན་ལ་ལག་བསྟར་བྱས་ནས་འབབ་རྒྱུན་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ནུས་པ་ཁུལ་བགོས་ནས་དོ་དམ་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་དགོས། 
        ཆུ་ཁུངས་སྲུང་བའི་ལས་འགུལ་སྤེལ་ནས་ཆུ་ཁུངས་དང་ཆུའི་ཁོར་ཡུག་ལ་གཏོར་བརླག་བྱེད་པ་འགོག་སྲུང་བྱེད་གྲབས་ཡོད་པ། རྫོང་འདིས་ཆུ་བོ་དང་མཚེའུ་སྲུང་སྐྱོང་བྱེད་པའི་ལས་འགུལ་སྤེལ་ནས་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོང་བྱེད་པ་དང་། ཆུའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། འཐུང་ཆུའི་འབྱུང་ཁུངས་བདེ་འཇགས་ལ་ཁག་ཐེག་བྱས་ནས་འཐུང་ཆུའི་ཕན་ནུས་གོང་མཐོར་བཏང་། ཆུའི་འབྱུང་ཁུངས་ལ་གཏོར་བརླག་བྱེད་པ་དང་ཆུའི་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་འགོག་སྲུང་བྱས་དང་བྱེད་བཞིན་ཡོད།
        ཆུ་བོ་དང་མཚེའུའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བྱེད་པ་སྐུལ་སྤེལ་བཏང་ནས་རི་ཆུའི་མ་ལག་བདག་སྐྱོང་བྱེད་ཤུགས་མཐོ་རུ་གཏོང་བ་དང་། ས་ཆུ་སྲུང་འཛིན་དུས་གསུམ་མཉམ་དུ་བྱེད་པའི་ལམ་སྲོལ་ཏན་ཏིག་གིས་གཏན་འབེབས་བྱས་ནས། ས་ཆུ་ཤོར་བའི་འབབ་རྒྱུན་ཆུང་ངུ་ཕྱོགས་བསྡུས་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་གྲབས་ཡོད་པ། ཆུའི་བྱེད་ནུས་མངའ་ཁོངས་དབྱེ་བའི་བྱ་བ་བསྒྲུབ་པ་དང་མངའ་ཁུལ་གྱི་བཞུར་ཆུ་དང་ཆུ་མཛོད་ཆུའི་བྱེད་ནུས་མངའ་ཁོངས་དབྱེ་འབྱེད་བྱེད་པའི་བྱ་བའི་བྱེད་ཕྱོགས་གཏན་འབེབས་བྱས། གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ས་མིང་ཐོ་བྱང་དོ་དམ་བྱེད་པ་ལག་བསྟར་བྱས་ནས། རྒྱལ་ཡོངས་ཀྱི་འཐུང་ཆུའི་ཆུ་འགོ་གཙོ་བོའི་བདེ་འཇགས་ཁག་ཐེག་དེ་དམིགས་འབེན་ལ་སླེབས་པའི་འཛུགས་སྐྲུན་དང་ཆུའི་སྤུས་ཀ་ཞིབ་བཤེར་བྱེད་པའི་འཛུགས་སྐྲུན་ལག་བསྟར་བྱས་དང་བྱེད་བཞིན་ཡོད། མངའ་ཁུལ་གྱི་ཆུ་ལམ་བདག་སྐྱོང་བྱེད་པར་ཤུགས་བསྣན་ནས་ཉ་ལས་ཐོན་ཁུངས་དོ་དམ་སྲུང་སྐྱོང་བྱེད་པ་སྔར་ལས་ལེགས་པར་བསྒྲུབ་དགོས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1