༄༅།། ཁམ་དཀར་ལྗོན་པས་བཀླུབས་པའི་བྲག་དཀར་དགོན།

རྣམ་དཀར་ལྷ་མོས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-27


རྣམ་དཀར་ལྷ་མོས་བྲིས། བསྟན་འཛིན་ཉི་མས་པར་བླངས།
        དབྱར་གཞུང་གི་སྤོས་ལྡན་གྲོང་ནི་མེ་ཐབ་ཞིག་དང་འདྲ་བར་སྐྱེ་འགྲོ་ཀུན་ཀྱང་ཚ་བས་བཟི་འདུག གཟའ་མཇུག་གམ་ངལ་གསོ་བའི་གོ་སྐབས་རེ་ལྡན་ཚེ་མི་རྣམས་གྲོང་ཁྱེར་ནང་ལོགས་ཀྱི་གྲིབ་བསིལ་རླུང་བུ་འཇམ་ས་ཞིག་ཏུ་ཆགས་ནས་ཚ་བ་གཡོལ། ཆ་རྐྱེན་འཛོམས་མཁན་ནམ་དུས་ཚོད་ངེས་ཅན་ཡོད་མཁན་འགའ་རེ་ཆིན་ཁྲིན་རི་རྒྱབ་སོགས་ནགས་ཚལ་སྟུག་ཅིང་བསིལ་བསེར་ལྡན་སར་འགྲོ་རྒྱུར་ཤིན་ཏུ་སྤྲོ། ང་རང་ཡང་གཞན་དང་འདྲ་བར་ཚ་བའི་དབང་གིས་ལུས་ལ་གཡོ་ཞིག་ལངས་ཤིང་། ཟས་ཀྱང་སྤྱོད་འདོད་མེད་པ་ཞིག་ཏུ་གྱུར་འདུག ཡིན་ཡང་ཐེངས་འདིའི་ཆེད་སྒྲིག་ལེ་ཚན་གྱི་དགོན་པ་མཇལ་སྐོར་གྱི་ཟིན་ཐོ་ད་བར་དུ་འབྲི་རྒྱུ་མ་བྱུང་། ཁྲེང་ཏུའུ་གྲོང་ཁྱེར་ནང་ལོགས་ཀྱི་དགོན་སྡེ་ཕལ་ཆེར་གྱི་མཇལ་སྐོར་ཟིན་ཐོ་བྲིས་ཟིན་པས། ཐེངས་འདིར་གྲོང་ཁྱེར་དང་ཅུང་ཁ་ཐག་རིང་བའི་བྲག་དཀར་དགོན་ལ་མཇལ་སྐོར་དུ་འགྲོ་རྒྱུ་བྱས།
སྤྱན་རས་གཟིགས་ཀྱི་ལྷ་ཁང་། 

        བྲག་དཀར་དགོན་ནི་སྤོས་ལྡན་གྲོང་ངམ་ནང་ལོགས་ལྷོ་ནུབ་ས་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཡིན་ལ། ནང་ལོགས་དང་ལྷག་པར་དུ་ལྷོ་ནུབ་ཁུལ་དུ་སྙན་གྲགས་ཆེན་པོ་ལྡན། དགོན་པ་འདི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཉེ་འགྲམ་སྤྱི་ལེ་60ལྷག་གི་མཚམས་ཀྱི་ཏ་ཡའེ་རྫོང་དུ་ཡོད་ལ། ཁྲེང་ཏུའུ་གྲོང་ཁྱེར་གྱི་ལྷོ་སྒོ་གསར་པ་དང་དེ་མིན་གྱི་རླངས་འཁོར་འབབ་ཚིགས་གང་མང་ནས་གནས་འདིར་འགྲོ་ཐུབ། བྲག་དཀར་དགོན་འདི་ཏ་ཡའེ་རྫོང་(大邑县)གི་ནུབ་བྱང་ཕྱོགས་ཀྱི་རི་ཁུལ་དུ་ཡོད་ལ། རི་འདབ་ནས་ཞེང་ལ་སྨི་གསུམ་ལས་མེད་པའི་ཀྱག་ཀྱོག་གི་ཨར་འདམ་ལམ་ཕྲན་བརྒྱུད་ནས་རི་སྐེད་དུ་སླེབས་དུས་ད་གཟོད་དགོན་པ་འདི་མཐོང་ཐུབ་ལ། གཞོགས་གཉིས་ཀྱི་བྲག་རིའི་བར་ན་མར་ཁུ་འཁྱིལ་བ་བཞིན་གནས་ཡོད། དེ་ཡང་དགོན་པ་འདི་ཚུགས་པའི་ལོ་རྒྱུས་ཤིན་ཏུ་རིང་ལ། ཧན་རྒྱལ་རབས་ཤར་མའི་རྒྱལ་པོ་མེན་ཏའེ་ཡི་སྐབས་སུ་རྒྱ་གར་གྱི་ཤཱཀྱ་མོན་ཐིན་དང་ཛུ་ཧ་ལམ་གཉིས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ནས་རྟ་དཀར་པོའི་རྒྱབ་ལ་དཔེ་ཆ་བཀལ་ནས་རྒྱ་ཡུལ་དུ་བྱོན་ཞིང་། རྒྱ་ཡུལ་གྱི་ནང་ཆོས་ཀྱི་དགོན་ལ་སྔ་བ་རྟ་དཀར་དགོན་བཏབས་ཅིང་། དེའི་བར་སྐབས་ཤིག་ནས་བྲག་དཀར་དགོན་འདི་བཏབས་པར་དགོན་པའི་ལོ་རྒྱུས་ཁྲོད་དུ་བཀོད་འདུག ལྷག་པར་དུ་རྒྱ་གར་ནས་བྱོན་པའི་གཏེར་ཆོས་ཁྲོད་དུ་རི་བོའི་འབྲུག་ཁུང་ཁྲོད་ནས་ཤིང་ཏ་ལའི་ལོ་མའི་སྟེང་དུ་བཀོད་པའི་ཐེག་ཆེན་གྱི་ཆོས་དཔེ་ཡི་འབྲུག་བཏུལ་ཚུལ་སོགས་ཀྱི་སྐོར་བཀོད་འདུག
        བྲག་དཀར་དགོན་ཀྱང་ནང་ཆོས་ཀྱི་དགོན་སྡེ་གཞན་དག་དང་འདྲ་བར་ཆགས་འཇིག་ཐེངས་མང་བྱུང་མྱོང་ལ། ལྷག་པར་དུ་དགོན་པ་ཚུགས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དགོན་པ་ནུབ་པ་དང་ཡང་བསྐྱར་བསྟན་པའི་མེ་རོ་གསོས་པ་ལ་སོགས་པའི་ངག་རྒྱུན་གང་མང་འདུག ད་ནས་རྩིས་ན་ཆེས་ཉེ་བའམ་དགོན་པ་འདིར་ཤན་ཤུགས་ཆེས་ཆེ་བའི་བསྐྱར་བཞེངས་ལོ་རྒྱུས་དེ་མིང་རྒྱལ་རབས་ཀྱི་ཝན་ལི་ཁྲི་ལོའི་སྐབས་སུ་ཁེལ་ཡོད་ལ། དགོན་པའི་ཉེ་འཁོར་གྱི་ཁམ་དཀར་ལྗོན་པ་དེ་དག་ཀྱང་མིང་གི་སྐབས་སུ་བཙུགས་པར་གྲགས། ལོ་རེའི་སྟོན་གྱི་དུས་སུ་གསེར་མདོག་ལོ་མས་ས་གཞི་བཀླུབས་ཤིང་། རྒྱང་རིང་མགྲོན་པོ་མིག་དབང་འགུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་འདུག དགོན་པ་འདིའི་འཛུགས་སྐྲུན་དང་ཕྱོགས་གང་ཅིའི་ཐད་ནས་བོད་དང་རྒྱ་གར། རྒྱ་ནག་སོགས་ཕྱོགས་གསུམ་གྱི་ཁྱད་ཆོས་མི་འདྲ་བ་དུ་མ་འཛོམས་ཡོད་ལ། འཛུགས་སྐྲུན་གྱི་ཆ་ནས་བཤད་ན། དགོན་པ་འདིའི་འཛུགས་སྐྲུན་རྒྱུ་ཆ་དག་བོད་ཁུལ་གྱི་དགོན་པའི་རྡོ་བཟོའི་ལག་རྩལ་བཞིན་དུ་བཙུགས་ཡོད། ལྷག་པར་དུ་བྲག་རི་རྒྱབ་བསྟེན་དུ་བྱས་ནས་ལྡེབས་ལ་ལ་ཐད་ཀར་བྲག་བྱས་ཤིང་། འདི་ལས་བོད་ཀྱི་དམངས་ཁྲོད་རིག་གནས་དང་རང་བྱུང་ཁམས་ལ་བཟུང་བའི་ལྟ་བ་ཅིག་ཅར་དུ་མངོན་ཡོད། བོད་ཁུལ་གྱི་འདུ་ཁང་ལྷ་ཁང་བསྐྲུན་པའི་དུས་སུ་རྒྱུ་ཆ་རྡོ་བྱས་ཤིང་། རྡོ་ནི་སྲ་ཞིང་བརྟན། འོན་ཀྱང་བྲག་དཀར་དགོན་གནས་སའི་ས་བབ་འདི་ས་ཡོམ་རྒྱུད་དུ་གནས་པས་ས་འགུལ་རྒྱུན་མི་ཆད། དེ་བས་དགོན་པ་འཛུགས་སྐྲུན་གྱི་སྐབས་སུ་རྡོ་བཟོའི་ལག་རྩལ་གྱི་སྟེང་དུ་ཤིང་བཟོའི་ལག་རྩལ་བཀོལ་ཡོད་ལ། རྒྱུ་ཆ་ཤིང་བྱས་ན་ས་ཡོམ་གྱི་དུས་དབྱིབས་འགྱུར་བྱུང་ནས་གནོད་འཚེ་ཇེ་ཆུང་དུ་འགྲོ་བཞིན་ཡོད། དེ་བས་དགོན་པའི་ལྷ་ཁང་འདུ་ཁང་གི་འཛུགས་སྐྲུན་གྱི་ཐད་ནས་མཛེས་དཔྱོད་དང་ནུས་པ་ཕྱོགས་གཉིས་ཀྱི་ཐད་ནས་ལེགས་པའི་རྩེ་རུ་སོན་ཡོད།

རྗེ་ཙོང་ཁ་པའི་སྐུ། 
        དགོན་པའི་འདུ་ཁང་དང་ལྷ་ཁང་གི་ཚོན་མདངས་ཀྱི་ཐད་ནས་གྱང་ལྡེབས་ཀྱི་ཁ་མདོག་ཕལ་ཆེར་དམར་པོ་ཡིན་ལ། དགོན་པའི་ཆགས་སྟངས་ཡང་འདུ་ཁང་དཀྱིལ་དུ་བཞེངས་ཤིང་། གྲྭ་ཤག་གི་མཐའ་ནས་བསྐོར་ཞིང་། མཐོ་དམན་མི་སྙོམས་པའི་མཛེས་སྡུག་ཅིག་མངོན་ཡོད། དེ་ལྟར་བཤད་ན་འགའ་ཤས་ཀྱིས་འདི་མ་གཞི་འཛུགས་སྐྲུན་སོགས་ཕྱོགས་གང་ནས་བལྟས་ན་བོད་ཀྱི་དགོན་པ་རྐྱང་རྐྱང་ཞིག་རེད་བསམ་མོད། དེ་འདྲ་མ་ཡིན་དེ། དཔེར་དྲངས་ན་དགོན་པའི་བྲག་ངོས་འཛེགས་པའི་རྡོ་སྐས་གཡས་གཡོན་གཉིས་སུ་སྒྲ་བཅོམ་པ་ལྔ་བརྒྱའི་འཇིམ་སྐུ་བཞེངས་ཡོད་ལ། སྔོན་ཆད་ནོར་བུ་འོད་ཀྱི་དགོན་པར་མཇལ་སྐོར་དུ་སོང་དུས་ཀྱང་གནས་དེ་ནས་དགྲ་བཅོམ་པ་ལྔ་བརྒྱའི་འཇིམ་སྐུ་གསོན་ཉམས་ལྡན་པ་བཞུགས་ཡོད་མོད། བྲག་དཀར་དགོན་གྱི་དགྲ་བཅོམ་པ་ལྔ་བརྒྱའི་བྲག་ཕུག་བརྒྱུད་ནས་འགྲོ་དུས་དེ་དང་མི་འདྲ་བའི་ཚོར་བ་དྲག་པོ་ཞིག་བསྐྱེད་སྲིད་ལ། སྐས་ཐེམ་རེ་རེ་བརྒྱུད་དུས་དགྲ་བཅོམ་པ་རེ་རེ་བཞུགས་ཤིང་། དེ་དག་གི་གསོན་ཉམས་ལྡན་པའི་གཟུགས་བྱད་ཀྱིས་ཁྱེད་ལ་དད་པ་སྐྱེས་སུ་འཇུག དེ་མིན་དགོན་པའི་ཁྲོད་ཀྱི་མཆོད་རྟེན་དག་རྒྱ་གར་གྱི་ལུགས་ལྟར་བཞེངས་ཡོད་ལ། མཆོད་རྟེན་གྱི་གཏིང་རིམ་དུ་བོད་བརྒྱུད་ནང་བསྟན་གྱི་ལུགས་ལྟར་ལག་སྐོར་མ་ཎི་འཁོར་ལོ་བཞག་ཡོད་ལ། གནས་འདི་ནས་ཡུལ་བབ་གསུམ་གྱི་འཛུགས་སྐྲུན་ཁྱད་ཆོས་མངོན་པར་བཏོད་འདུག
        དགོན་པར་མཇལ་སྐོར་བྱས་ནས་འགྲོ་བའི་དུས་སུ་ལོ་ན་86ལ་སླེབས་པའི་བགྲེས་སོང་ཞིག་དང་འཕྲད་ཅིང་། ཁོ་ལ་དགོན་པའི་སྐོར་གྱི་གཏམ་རྒྱུད་དང་ངག་རྒྱུན་རེ་བཤད་རྒྱུ་ཡོད་དམ་ཞེས་བྲིས་དུས། ཁོ་རང་དལ་བར་ལོགས་ཀྱི་ལྕགས་རིའི་སྟེང་ལ་འཁེན་ཙམ་བྱས་ནས། དགོན་པ་འདི་བོད་བརྒྱུད་ནང་བསྟན་གྱི་སྔ་འགྱུར་རྙིང་མའི་དགོན་སྡེ་ཞིག་ཡིན་ལ། སྔོན་ཆད་ས་ཆ་འདི་ཤིན་ཏུ་མེད་པོ་ཡིན་ལ་མཐའ་འཁོར་གྱི་ཡུལ་ལུང་ཀུན་དབུལ་ཞིང་ཕོངས། སྔོན་ཆད་དགོན་པའི་ལོགས་ན་བྲག་ཕུག་གཉིས་ཡོད་ལ། བྲག་ཕུག་གཅིག་གི་ཁྲོད་དུ་དུས་རྒྱུན་འབྲས་འབྱུང་བཞིན་ཡོད་ལ། གཅིག་གི་ཁྲོད་དུ་བྱ་ཕོ་གྲགས་བཞིན་ཡོད་པས། དེ་གཉིས་ལ་འབྲས་འབྱུང་བྲག་ཕུག་དང་བྱ་གྲགས་བྲག་ཕུག་ཟེར། ནམ་རྒྱུན་དགོན་པའི་ཁྲོད་དུ་ཆོས་ཚོགས་ཡོད་དུས་འབྲས་འབྱུང་བྲག་ཕུག་ནས་འབྲས་ལེན་བཞིན་ཡོད་ལ། ནམ་ཞིག་གི་ཚེ་ན་དགོན་པར་མི་ལྔ་བརྒྱ་ལྷག་གི་ཆོས་སྟོན་གྱི་སྐབས་སུ་འབྲས་ལེན་དུས། འཚུབ་ཆ་ཅན་གྱི་མི་ཞིག་གིས་ཁུང་སྒོ་ཇེ་ཆེར་བཏང་བས་དུས་དེ་ནས་བཟུང་འབྲས་འབྱུང་རྒྱུ་མེད་པར་གྱུར། དེ་ནས་བྱ་གྲགས་བྲག་ཕུག་གི་བྱ་ཕོ་དེ་ཡང་ཧམ་སེམས་ཅན་གྱི་མི་ཞིག་གིས་བརྐུས་སོང་བས་དེ་ཡང་མེད་པར་གྱུར་ཟེར། ཡིན་ཡང་དགོན་པ་འདིའི་དབང་གིས་ས་ཁུལ་འདིར་ཆགས་འཇིག་ཆེན་པོ་བྱུང་མ་མྱོང་ཟེར།
འཇམ་པའི་དབྱངས་ཀྱི་ལྷ་ཁང་། 
        དགོན་པའི་ཁྲོད་དུ་ཁམ་དཀར་ལྗོན་པ་མང་པོ་ཡོད་ལ། ངག་རྒྱུན་དུ་ཁམ་དཀར་ལྗོན་པ་དེ་སྔོན་ཆད་ཞ་ཧྲང་རྒྱལ་རབས་ཀྱི་དུས་སུ་བཙུགས་པ་ཡིན་པར་བཤད་ལ། ཚོམས་ཆེན་སྔོན་གྱི་ཁམ་དཀར་ལྗོན་པ་སྤུན་དགུ་དེ་ཁམ་དཀར་ལྗོན་ཤིང་ཆེན་པོ་དེར་ཐོགས་བབས་ནས་ཤི་སོང་ལ། དེའི་རྗེས་ཤུལ་ནས་རྩ་བ་གཅིག་ཏུ་སྦྲེལ་བའི་ཁམ་དཀར་སྡོང་ཕྲུག་དགུ་སྐྱེས་པ་རེད་ཟེར། ད་ལྟ་ཁམ་དཀར་ལྗོན་པ་དེ་དག་རྩེ་མོ་དགོང་ལ་ཟུག་ཅིང་། དགོན་པའི་ཁྲོད་ཀྱི་མཛེས་ལྗོངས་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་འདུག
དགོན་པ་འདི་ཁྲེང་ཏུའུ་གྲོང་ཁྱེར་གྱི་དགོན་པ་དང་མི་འདྲ་བར་སྤྲུལ་སྐུའི་ལམ་ལུགས་དར་ཡོད་ལ། གྱང་ལྡེབས་དང་མཆོད་ཆས་སོགས་ཕྱོགས་གང་ནས་བོད་ཡུལ་གྱི་དགོན་པ་དང་གཅིག་འདྲ་ཡིན། ད་ལྟ་དགོན་པའི་རི་སྐེད་ཀྱི་ལམ་ཕྲན་དེ་ལྕགས་ལྟ་བཞོན་རྒྱུགས་ལ་དབྱིངས་མཁན་དག་གི་འགྲོ་གནས་ཞིག་ཏུ་གྱུར་འདུག

 
སྒྲ་བཅོམ་པའི་ལྷ་ཁང་། 
         བྲག་དཀར་དགོན་ནི་ནང་ལོགས་ས་ཆར་གནས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་ལ། དགོན་པ་འདི་བོད་བརྒྱུད་ནང་བསྟན་ནང་ལོགས་སུ་སྤེལ་བའི་སྦྲེལ་ཟམ་ལྟ་བུ་ཞིག་ཏུ་ཆགས་ཡོད། བོད་བརྒྱུད་ནང་བསྟན་ནང་ལོགས་སུ་དར་བར་བྱས་རྗེས་རླབས་ཆེན་བཞག་ཡོད་ཅིང་། ནང་ལོགས་ཀྱི་རྒྱ་བརྒྱུད་ནང་བསྟན་དང་དང་བོད་བརྒྱུད་ནང་བསྟན་གྱི་མཉམ་ངོམས་མཉམ་གནས་ཀྱི་གནས་བབ་བརྗོད་དུས་བྲག་དཀར་དགོན་ནི་ཀུན་གྱི་དཔེ་བགྲང་བྱ་ཞིག་ཏུ་ཆགས་ཡོད་ལ། ལྷག་པར་དུ་དགོན་པའི་འཛུགས་སྐྲུན་དང་ཐང་ག མ་ཎི་འཁོར་ལོ། རྒྱ་གར་གྱི་མཆོད་རྟེན། ཁམ་དཀར་ལྗོན་པའི་མཛེས་ལྗོངས། དགྲ་བཅོམ་པ་ལྔ་བརྒྱའི་སྐས་ཐེམ་བཅས་ཀྱིས་ལོ་རྒྱུས་དུས་བབ་མི་གཅིག་པ་དང་གྲུབ་མཐའ་མི་གཅིག་པ། ས་བབ་མི་གཅིག་པའི་རིག་གནས་གང་མང་ཞིག་ལྷན་དུ་འདུས་ཡོད་པས་ཀུན་གྱི་ཞིབ་འཇུག་བྱ་ཡུལ་དུ་གྱུར། །  

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1