གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

གངས་མེ་སྟག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༣༠ཉིན།

༄༅།། ངའི་འདས་མ་ད་གསུམ་གྱི་པོ་ཏ་ལ།

གངས་མེ་སྟག

       
        ང་རང་ཨ་ཙེ་གོམ་ཙེ་སྤོ་ཤེས་པ་ནས་བཟུང་། ངེད་ཚང་ཁྱིམ་གྱི་གྱང་ལྡེབས་སུ་ཞེང་ཆ་ཆེ་ཞིང་བརྗིད་རྔམ་ལྡན་པའི་ཕོ་བྲང་པོ་ཏ་ལ་ལྟེ་བར་བྱས་པའི་ལྷ་ལྡན་གྲོང་གི་པར་རིས་ཤིག་སྦྱར་ཡོད། པར་རིས་དེའི་ཆེ་ཚད་ནི་ང་རང་ཆུང་དུས་ཀྱི་བློ་ངོ་རུ་ཤོང་དཀའ་བ་ཞིག་ཡིན་ཟེར་ནའང་སྒྲོ་བཏགས་ཀྱི་གནས་སུ་མི་ལྷུང་། ངེད་ཚང་གི་གྱང་རལ་འབར་འབུར་དང་གྲང་ངར་ཤུར་ཤུར་ལྡང་ཡོང་བའི་གྱང་སྲུབས་ཡོད་རྒུ་ཡོངས་སུ་གཡོག་ཏེ། དྲོད་ལམ་ལམ་གྱི་ཚ་སྣང་ཞིག་སྦྱིན་པ་ཡིན། ཨ་ཕས་ཀྱང་ཉིན་ཞག་སུམ་ཅུ་སོ་དྲུག་གི་རིང་ལ་ཞག་མ་གཅིག་ཀྱང་མ་ལུས་པར། ནམ་རྒྱུན་སྐུ་པར་དེ་ལ་གཙང་སྦྲ་དང་མཆོད་བཤམས་བྱས་ནས། གཟི་བྱིན་དང་མཛེས་སྡུག་གིས་སྤྲས་པའི་པོ་ཏ་ལའི་པར་རིས་དེའང་ཐལ་རྡུལ་གྱིས་གོས་པ་མེད་པར་བཀྲགས་མདངས་ཇེ་ཆེར་སོང་ནས། ཁྱིམ་དུ་འོང་བའི་འགྲུལ་པ་སུས་ཀྱང་ཞིབ་ལྟ་རེ་བྱེད་ངེས་ཡིན།
        ངེད་ཚང་ལ་ང་དང་ཐེ་བར་བཟའ་མི་ལྔ་ཡོད་དེ། ཁོང་ཚོ་ཚང་མས་ཕོ་བྲང་པོ་ཏ་ལའི་སྐུ་པར་དེ་ལ་ཤིན་ཏུ་དུང་ཞིང་གཅེས་སྤྲས་བྱེད་རྒྱུ་ལ་ཚང་མའི་གོམས་གཤིས་སུ་ཆགས་ཡོད། ད་ལྟ་ཕྱིར་དྲན་རེ་བྱས་དུས་དོན་ངོ་མ་ངེད་ཚང་གི་ཁྱིམ་ལ་རྒྱུ་ནོར་ཟེར་རྒྱུ་དེ་མ་གཏོགས་མཛུབ་མོ་བཙུགས་ས་ཞིག་མེད་པའི་ཕྱིར་ཡིན། འོན་ཀྱང་ང་ནི་ཕོ་བྲང་པོ་ཏ་ལའི་སྐུ་པར་དེ་ལ་དེ་ཙམ་གྱིས་ཡིད་མགུ་བ་མེད། རྒྱུ་མཚན་ནི། ང་རང་ཅུང་ནར་སོན་པ་ནས་བཟུང་། ཟས་གཉིད་མ་གཏོགས་རྩེད་འཇོ་ཁོ་ནར་རོལ་སྐབས་སུ། གཟབ་ནན་གྱིས་བསམ་གཞིག་ཆེས་ཆེར་བྱེད་མི་ཤེས་པས། སྐབས་ལན་རེར་པོ་ཏ་ལའི་སྐུ་ངོགས་སུ་ནག་ནོག་གི་དྲི་མ་རེ་འགོས་ཤོར་པས། ཨ་ཕས་ང་ལ་ཚམ་ཚོམ་མེད་པར་དབྱུག་པས་སྣུན་མྱངས་ལ། ངོ་མདོག་རྫིག་རོག་གེར་གྱུར་ཏེ་བཀའ་བཙན་པོ་ནམ་མཁའི་ཐོག་འདྲ་བ་མང་པོའང་ཕབ་མྱངས་བར་མ་ཚད། ལུས་ཕུང་ཡོང་རྫོགས་གློ་བུར་དུ་སྦྲིད་སྲིད་པའི་ལག་རྡོ་འགའ་རེའང་བང་སྒྲ་དང་ཤུར་སྒྲ་བཅས་ངའི་བརྒྱུད་ནས་འཕུར་མྱངས། ད་དུང་། ཨ་མས་ཀྱང་ང་ལ་འདྲེ་ཕྲུག་དང་མྱི་ངན་ཅེས་འཛད་མེད་ཀྱི་གཤེ་གཤེ་གཏོང་མྱངས་བས། ངའི་རང་ཡན་གྱི་རྩེད་འཇོ་དང་སྤྲོ་སྣང་ལ་ཚོད་འཛིན་གྱི་སྲབ་མདའ་བསྐོན་པའི་གཞི་མ་རུ་འགྱུར་འགྲོ་སྟབས། ང་རང་ངེད་ཚང་གི་པོ་ཏ་ལའི་སྐུ་པར་དེ་ལ་དགའ་སྣང་ཡེ་ནས་སྐྱེས་མ་མྱངས་བར་མ་ཟད། སྐབས་སྐབས་སུ་པོ་ཏ་ལའི་སྐུ་པར་དེ་མཐོང་དུས་ཞེད་སྣང་དང་སྐྱི་གཡའ་བའི་ཁོག་འདར་ཅིག་ངང་གིས་སྐྱེས་ཡོང་།
        ང་ཕུད་པའི་བཟའ་མི་ཚང་མས་པོ་ཏ་ལའི་སྐུ་པར་དེ་སུ་ལས་ཀྱང་བརྩི་མཐོང་ཆེ་བ་ལྟར་ཉར་ཚགས་དང་གཅེས་སྤྲས་བྱེད་ཅིང་། ཁྱིམ་དུ་མགྲོན་པོ་རེ་སླེབས་སྐབས་ཁོང་ཚོའི་མིག་ཟུང་ཐོག་མའང་སྐུ་པར་གྱི་ངོགས་སུ་དབང་མེད་དུ་ཤོར་ཏེ། ལང་ཚོ་དར་ལ་བབས་པའི་སྐྱེས་པ་ཞིག་གིས་གློ་བུར་ཏུ་བུད་མེད་མཛེས་མ་ཞིག་གཅེར་བུར་ཕུད་དེ་འཇམ་ལ་མཉེན་པའི་ལུས་པོ་འཁྲུད་པའི་རྣམ་པ་མཐོང་བ་ལྟར། སྐད་གཅིག་ཉིད་ལ་ལུས་སྟེང་གི་བ་སྤུ་དག་ཀྱང་ཟིང་ཆ་བསླང་བཞིན་ཡིད་དབང་ཡོངས་སུ་འཕྲོག་སྲིད། ཨ་ཕ་ལ་རིན་གོང་གླེང་པ་དང་དུས་ཡུན་རིང་པོ་ཞིག་ལ་དེའི་ངོགས་སུ་ཧང་སྟེ་ཧ་ལས་པའི་མགོ་བོ་གཡུག་གཡུག་བྱེད་པ་ཡིན། ཡིན་ནའང་ངས་དེའི་རིན་ཐང་དང་མཛེས་སྡུག་དང་ལེན་ཐུབ་པ་ཕར་ཞོག མི་ཞིག་གིས་འཁྱེར་སོང་ན་དགའ་བོ་སྙམ་པའི་ཤ་འཁོན་ཞེ་འཁོན་དང་འདུན་པ་དྲག་པོ་ཞིག་རླབས་རྒྱུན་ལྟར་ཡིད་ཀྱི་བྲག་རྡོའི་ངོགས་སུ་ཡང་ཡང་དུ་བརྡབས་པ་ཡིན།
        དུས་ཚོད་ནི་ཆུ་རྒྱུན་བཞིན་སུ་ལའང་ངང་སྒུག་མེད་པར་བཞུར་འགྲོ་བས། རང་གི་གྲིབ་གཟུགས་ཀྱི་སྔ་ཕྱིའི་ལོ་ཟླ་གང་མང་ཞིག་ཀྱང་ཇི་ལྟར་འདས་པ་མ་ཤེས་པར་རྫོགས་སོང་། ཉིན་ཞིག་ལ། ངེད་ཁྱིམ་གྱི་པོ་ཏ་ལའི་སྐུ་པར་དེ་གཞི་ནས་ངོ་མི་ཤེས་པའི་མི་ཞིག་གིས་ཁྱེར་སོང་། སྤྱིར་ཡིན་ན་དེ་ནི་ངས་ཡུན་རིང་ལ་སྒུག་པའི་རྨི་ལམ་དང་ཕུགས་འདུན་ཞིག་ཡིན་མོད། ཡིན་ནའང་ཕོ་བྲང་པོ་ཏ་ལའི་སྐུ་པར་འཁྱེར་འགྲོ་བའི་ཉིན་དེ་ནས་བཟུང་ངེད་ཚང་ཁྱིམ་ནང་གི་དྲོད་ཁོལ་ཡོད་ཚད་ཕྱི་རུ་འཆོར་ཅིང་། ཕྱི་རོལ་གྱི་ལྷགས་རླུང་ཡོད་ཚད་ཀྱང་ཆོམ་རྐུན་བཞིན་ནང་དུ་འཇབ་ཡོང་པས། རང་ཉིད་ཀྱི་ཉལ་ཐུལ་པང་ལ་རྨི་ལམ་དཀྲོགས་སྲིད་པའི་ལྷགས་ངར་ཞིག་དང་། ངེད་ཕ་མ་མིང་སྲིང་ཀུན་གྱི་རུས་རྐང་གི་གཏིང་ལ་བཟོད་བསྲན་དཀའ་བའི་གྲང་ངད་ཅིག་བཙན་གྱིས་ཟུག་ཡོང་། དུས་དེ་ནས་བཟུང། ངའི་ཡིད་ལ་འཁྱག་སིབ་སིབ་ཀྱི་ཚོར་སྣང་དང་། ངའི་འཇིག་རྟེན་དུ་རབ་རིབ་མག་མོག་གི་འཚོ་བ་ཞིག་མ་གཏོགས་ཅི་ཡང་མ་བྱུང་བས། ང་རང་ཐེངས་དང་པོར་ཕོ་བྲང་པོ་ཏ་ལའི་པར་རིས་ཆེད་དུ་མིག་ཆུ་ཤོར་བ་ཡིན། མིག་ཆུ་རྡོག་པོ་རེ་ཤས་ཀྱང་སྐུ་པར་དེའི་ངོགས་སུ་ཐིམ་ཡང་སོང་། ཐ་ན་སྡུག་རུས་དང་བློ་སྤོབས་ཀྱིས་བརྟས་པའི་བདག་གི་དྲིན་ཆེན་ཨ་ཕའང་སྐུ་པར་འཁྱེར་འགྲོ་མཁན་གྱི་མི་དེའི་རྒྱབ་གཟུགས་ལ་བལྟས་བཞིན་བལྟས་བཞིན་མིག་ཀོང་གི་ནང་དུ་མུ་ཏིག་ལྟ་བའི་མཆི་མ་ཁྲོམ་ཁྲོམ་དུ་གཡོ་འདུག་ཅིང། དལ་བ་དལ་བུར་གཉེར་ཤུར་གྱི་མཁུར་མཚོས་ནས་གཙང་པོ་བཞིན་ཐུར་དུ་བཞུར་བཞིན་འདུག ངས་ཆུང་ནས་ད་བར་ཨ་ཕས་མིག་ཆུ་བཞུར་པ་ད་ཐེངས་ལས་མཐོང་མ་མྱོང་། དེ་ནི་པོ་ཏ་ལའི་སྐུ་པར་དེ་མི་གཞན་ཞིག་གིས་འཁྱེར་འགྲོ་བའི་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན། གང་ལྟར། པོ་ཏ་ལའི་སྐུ་པར་དེ་འཁྱེར་སོང་པ་ནས་བཟུང་ངེད་ཚང་གི་ཁྱིམ་ནི་སྔར་བཞིན་གྱར་རལ་དང་འབར་འབུར་གྱིས་ཁེངས་ཤིང་། མཚན་མོའི་སྐབས་སུ་གྱང་སྲུབས་ཀྱི་བུ་ག་སོ་སོ་ནས་འུར་ཟིང་དང་ལྷགས་ཀ་ཡི་གྲངས་ངད་ཀྱིས་ཁང་པ་ཡོངས་སུ་བཀང་ཏེ། བློ་བདེ་བག་ཕེབས་ངང་གཉིད་ཐབས་ཤིག་ཡེ་ནས་མེད་པར་མ་ཟད། མཚན་གང་བོར་ལྕགས་ཐབ་ཀྱི་རྒྱུད་དུ་རུག་ནས་ཤར་གྱི་ཉི་རྩེ་དང་པོ་དེ་ལ་སྐོམ་པས་ཆུ་འདོད་པ་བཞིན་སྒུག་ནས་བསྡད་དགོས། རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས། དེང་སང་ངས་ཀྱང་ཕྱིར་དྲན་གྱི་སྙན་ངག་རེ་འབྲི་དུས་པོ་ཏ་ལ་ནི་ངེད་ཚང་གི་གཞིས་ཁྱིམ་དྲོན་མོ་ཡིན་ལ། མདུན་གྱི་མཚེའུ་དེ་ནི་ཨ་ཕ་དང་ངའི་ན་ཟུག་ལས་མཆེད་པའི་མིག་ཆུ་ཡིན་ཞེས་བྲི་བཞིན་ཡོད།
        ངེད་ཚང་གི་གྱང་ངོགས་སུ་སྦྱར་ཡོད་པའི་པོ་ཏ་ལའི་སྐུ་པར་དེ་གང་ནས་འཁྱེར་ཡོང་བ་ངས་ཤེས་མེད་ལ། གང་དུ་འཁྱེར་སོང་པའང་གཏན་ནས་མ་ཤེས། སྐུ་པར་དེ་འདི་འདྲ་བརྩི་མཐོང་ཆེ་དགོས་པའི་དགོངས་བབ་ཀྱང་མག་མོག་ཙམ་ཡིན་པས། ཨ་ཕ་ལ་ཐེངས་མང་པོ་དྲིས་ཀྱང་ལན་གསལ་པོ་ཞིག་བཏབ་མ་བྱུང་།
        ང་རང་རིམ་བཞིན་སློབ་ཆུང་ལས་མཐར་ཕྱིན་ཏེ་དམའ་འབྲིང་དུ་སླེབས་དུས་ཤིག་ལ་དཀར་ཆག་གི་ནང་ནས་པོ་ཏ་ལ་ཞེས་པའི་སློབ་ཚན་ཞིག་བཀོད་ཡོད་པ་མཐོང་བྱུང་། ང་ལ་མཚོན་ན་པོ་ཏ་ལ་ཞེས་པའི་སློབ་ཚན་དེ་མ་ཁྲིད་སྔོན་གྱི་སློབ་ཚན་གཞན་དག་ཉོན་རྒྱུ་ལ་ཡི་ག་གཏིང་ནས་མི་འདུག ཁྲིད་སྟེགས་ཐོག་གི་དགེ་རྒན་གྱིས་སློབ་ཁྲིད་བྱ་བར་ཉམས་འགྱུར་སྟོང་གིས་སྤྲོས་ཀྱང་། ངས་ལྐོག་འོག་ནས་པོ་ཏ་ལའི་སློབ་ཚན་ཁོ་ན་ཀློག་ནས་བསྡད་པ་ཡིན། དེ་ལྟར་དུས་ཡུན་རིང་ཙམ་འགོར་སོང་བའི་ཉིན་ཞིག་གི་སྔ་དྲོར། ངའི་བསམ་དོན་གྱི་རྨི་ལམ་ལ་རེ་འདུན་གྱི་གཤོག་ཟུག་ཐོགས་པ་ནང་བཞིན་དགེ་རྒན་གྱིས་སྒོ་པང་གི་ངོགས་སུ་པོ་ཏ་ལ་ཞེས་བརྗིད་ཉམས་ལྡན་པའི་ཡིག་འབྲུ་རྡོག་པོ་གསུམ་བྲིས་བྱུང་། སློབ་མ་ཚོ་ལ་པོ་ཏ་ལ་ཞེས་པ་ཁྱེད་ཚོས་སུས་ཤེས་ཞེས་དྲི་བ་དྲིས་བྱུང་པས། སློབ་མ་མང་པོས་ང་ཡིན་ཁོ་ཡིན་ཞེས་ལག་པ་གནམ་ལ་བཀྱགས། ངས་ཀྱང་གོ་སྐབས་དཀོན་པོ་འདི་ཤོར་མི་ཉན་བསམ་ནས་ལག་པ་གཉིས་ཀ་མཐོ་རུ་བཀྱགས་ཀྱང་། དགེ་རྒན་གྱིས་ཧ་ལམ་མཐོང་མེད་པ་དང་འདྲ། དེ་ནས་ངས་སླར་ཡང་ལག་པའི་གྲུ་མོ་ཅོག་ཙེ་ཡི་ཐོག་ཏུ་ཤུགས་ཡོད་རྒུས་རྡུང་དེ་ལག་ཟུང་གཉིས་ཀ་སྦྲིད་ལམ་མེར་སོང་བའི་སྐབས་དེར། དགེ་རྒན་གྱིས་ངའི་མིང་གཞི་ནས་བོས་བྱུང་། ང་རང་ཡང་ལམ་སང་དུ་ཡར་འགྲེང་ཏེ་ཕོ་བྲང་པོ་ཏ་ལ་ནི་ངའི་གཞིས་ཁྱིམ་དྲོན་མོ་ཡིན་ཞེས་ལན་བཏབ་པས། དགེ་རྒན་དང་སློབ་མ་ཡོངས་རྫོགས་གད་མོ་ཤོར་ཏེ་སློབ་ཁང་དུ་འུར་ཆ་ཡིས་བཀང་སོང་། ང་རང་ཅུང་ཙམ་ཞིག་ལ་བླུན་བླུན་པོ་དང་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར། དེ་ནས་དགེ་རྒན་གྱིས་པོ་ཏ་ལ་ནི་བོད་མི་མང་ཚོགས་ཀྱི་རྔུལ་ཆུ་ལས་གྲུབ་པའི་འབྲས་བུ་ཞིག་དང་འཛམ་གླིང་གི་ཡང་རྩེ་ནས་འོད་དུ་འཚེར་བའི་གསེར་གྱི་སྐར་ཚོམ་ལྟ་བུ་ཞིག་གམ། ཕོ་བྲང་ནི་རྒྱལ་པོ་བཞུགས་སའི་ཁང་པ་ལ་གོ་དགོས་པར་ཅེས་ལོ་རྒྱུས་དང་འབྲེལ་ནས་མང་པོ་མང་པོ་ཞིག་གསུང་བྱུང་།
        ངས་རང་ཁྱིམ་གྱི་རྒྱལ་པོ་བཞུགས་སའི་ཁང་པ་དེ། ངོ་མི་ཤེས་པའི་མི་ཞིག་གིས་ཁྱེར་སོང་པ་ལ་སེར་སྣ་སྐྱེ་ཞོར་དུ་རིག་པ་གཅིག་ཏུ་སྒྲིམ་ནས་སློབ་ཁྲིད་མགོ་རྔ་ཚང་བ་ཞིག་ཉོན། སློབ་ཐུན་དེ་ནི་ངའི་བསམ་པའི་རྩིག་ལྡེབས་ངོས་ནས་ནམ་ཡང་ཡལ་ཐབས་མེད་པའི་སྣང་བརྙན་གསོན་པོ་ཞིག་ཏུ་གྱུར། གལ་སྲིད་རང་ཉིད་ཀྱང་པོ་ཏ་ལ་དང་དངོས་སུ་མཇལ་ཐུབ་བའི་སྐལ་བ་ཞིག་གམ་རང་ཁྱིམ་གྱི་རྒྱལ་པོ་བཞུགས་སའི་ཁང་པ་དེ་ཕྱིར་ལེན་ཐུབ་བྱུང་ན་ཅི་མ་རུང་སྙམ་པའི་བློ་དེ་བྱེ་ཐང་གི་འབྲོང་རྒོད་བཞིན་སུས་ཀྱང་འགོག་ཐབས་མེད་པར་ཕྱོགས་ཀུན་ཏུ་རྒྱུ་ཞིང་མཆིས།
        འདི་ནས་བརྩིས་པའི་མི་ལོ་དགུ་ཡི་ཡར་སྔོན་དེར། སླར་ཡང་རང་ཉིད་ཀྱི་རྨི་ལམ་དེ་ལ་རེ་འདུན་གྱི་གཤོག་ཟུང་ཐོགས་པ་ཇི་བཞིན་ཨ་ཁུ་ཡི་བཀའ་དྲིན་འོག་ངེད་ཚང་གི་ཁྱིམ་མི་ཚང་མ་ལྷ་ས་རུ་ཆས་ཐུབ་པའི་གོ་སྐབས་བཟང་པོ་ཞིག་དང་འཕྲད། ཕ་ཡུལ་ནས་ལྷ་སུ་འགྲོ་བའི་ལམ་ཁ་སྟེ་མཐིང་སྨུག་སྦྲ་ཡི་དུད་སྤྲིན་སྔོ་ལང་ལོང་དང་། ཚར་དུ་དངར་བའི་རི་རྩེ་མཐོན་པོ་དག་གི་ཟོམ་ལ་དངུལ་དཀར་གྱི་ཕྲ་བཏབ་པའི་ཁ་བའི་འདབ་མ་ལྷུག་པར་གྲོལ། ཟམ་མ་ཆད་པའི་རྩྭ་ཐང་གཞོངས་པོའི་སྟེང་དུ་མེ་ཏོག་བཞིན་ཁྲ་ལམ་མེར་བཞད་པའི་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་རུ་རྒྱུ་བ་སོགས། ཞག་མ་གཉིས་གསུམ་གྱི་འགྲུལ་བཞུད་རིང་ལ་དུས་བཞི་རྣམ་པ་ཡོངས་རྫོགས་རོལ་ཐུབ་པ་ལྟར་ཡིད་དབང་རབ་ཏུ་འཕྲོག་བའི་མཛེས་ལྗོངས་ཕུན་སུམ་ཚོགས་པ་ཞིག་ཅིས་ཀྱང་མྱོང་ཆོག་མོད། ཡིན་ནའང་ངའི་དམར་ཆུང་གི་སེམས་སུ་པོ་ཏ་ལ་གཟུགས་བརྙན་མ་གཏོགས་ཅི་ཡང་དྲན་རྒྱུ་མེད་ལ་ཅི་ཡང་ཤར་རྒྱུ་མི་འདུག
        རླངས་འཁོར་དང་འུར་ཟིང་གིས་བཀང་པའི་ལྷ་ས་རུ་ཐོན་མ་ཐག ཁྱིམ་མི་ཚང་མས་ངའི་རེ་འདུན་ལྟར་ཐོག་མར་པོ་ཏ་ལའི་ཕྱོགས་སུ་གོམ་ཁ་བསྒྱུར་པས་ན། ངོ་མ་མགྲིན་པ་བརྣངས་ཤིང་སྨྲ་བརྗོད་ཙམ་གྱིས་ལྷུག་པོར་བརྗོད་མི་ཐུབ་པའི་རྔམ་བརྗིད་ཅན། ལྷ་སའི་གྲོང་ཁྱེར་གྱི་གཙུག་རྒྱན་དུ་གྱུར་ཡོད་པའི་པོ་ཏ་ལ་ནི་ངའི་བསམ་པའི་གཏིང་རུམ་ནས་ལྷག་ཏུ་མཛེས་ཤིང་ཡིད་ཏུ་འོངས་པ་ཞིག་ཏུ་གྱུར་འདུག སྒོས་སུ་པོ་ཏ་ལའི་ནང་དུ་བཞེངས་ཡོད་པའི་སྐུ་གསུང་ཐུགས་རྟེན། ལོ་རྒྱུས་ཀྱི་མི་སྣ་དག་གི་གཟུག་བརྙན་ནི་ཇི་འདྲའི་གསོན་ཉམས་ལྡན་ཞིང་ཁོང་ཅག་དང་དངོས་སུ་ཞལ་མཇལ་ཐུབ་པ་དང་གཉིས་སུ་མི་འདུག ཕོ་བྲང་ཡོངས་རྫོགས་ནས་དྲི་འཛིན་དབང་པོའི་མཆོད་ཡོན་དུ་གྱུར་པའི་སྤོས་ངད་དང་། ཡིད་ལ་དད་པ་དབང་མེད་དུ་འགུགས་པའི་མར་མེ་དང་མཆོད་བཤམས་ཀྱིས་འགྲོ་བ་ཡོངས་ལ་ལུས་བདེ་སེམས་སྐྱིད་བསྩོལ་བའི་བྱིན་རླབས་རྒྱུན་དུ་འཁོར་བས། འདི་ན་འཚོ་ཞིང་གནས་པའི་མི་ནི་ཇི་འདྲ་བདེ་ཞིང་སྐྱིད་པ་རེད་ཨང་དྲན་བཞིན། རང་ཁྱིམ་དྲོད་ལ་བསྒྱུར་བའི་ཆུང་དུས་ཀྱི་སྐུ་པར་དེ་ཡིད་དུ་ཝ་ལེར་ཤར་བྱུང་། སེམས་ཀྱི་གཏིང་ཁོག་ནས་བརྡོལ་ཡོང་བའི་མིག་ཆུ་དེའང་དབང་མེད་དུ་ཤོར་བ་དང་ཅིག་ཅར་དུ་ངས་ཀྱང་རྒྱང་རིང་ནས་ཡོང་པའི་ཨ་ཇོ་ཚོ་དང་ཇི་བཞིན་པོ་ཏ་ལའི་སྔོན་ནས་ཕྱག་གསུམ་འཚལ་ཏེ། མ་འོངས་པ་ང་རང་ལྷ་ས་གྲོང་ཁྱེར་དུ་གནས་སྤོས་ནས། པོ་ཏ་ལའི་མདུན་དུ་རང་ལ་དབང་པའི་ཁང་པ་གྲུ་བཞི་ཞིག་དང་དེའི་ཕྱོགས་བཞིར་སྒེའུ་ཁུང་ཡོད་པའི་ཁང་པ་ཞིག་ཉོ་ཐུབ་པར་རེ་སྨོན་བྱས་ཤིང་། ཆུང་བྱིས་པའི་ལོ་ཟླ་ལྟར་པོ་ཏ་ལའི་ཉེ་རྒྱུད་ནས་དུས་རྟག་ཏུ་འཚོ་བ་རོལ་ཐུབ་པ་དང་། རྣམ་ཀུན་པོ་ཏ་ལའི་མཛེས་ཉམས་དང་སྲ་བརྟན་འགྱུར་མེད་ཀྱི་སྒལ་ཚིག་འདི་མཇལ་པར་ཤོག་ཅེས་ཡིད་གཉིས་ཐེ་ཚོམ་མེད་པའི་སྒོ་ནས་གསོལ་འདེབས་ཡང་ཡང་ཞུས་པ་ཡིན།
        ཁྱིམ་མི་ཚོ་དང་ལྷན་དུ་ལྷ་ས་ནས་གནས་མཇལ་ཡིད་ཚིམས་པ་ཞིག་བྱས་རྗེས་ཕྱིར་ཕ་ཡུལ་དུ་ལོག་གྲབས་བྱེད་སྐབས། ངས་ཡང་བསྐྱར་སྔོན་གྱི་སྨོན་འདུན་དེ་ཞུས་ནས་བུད་སོང་པ་ཡིན། སྟོང་བསམ་དང་འཆར་ཡན་གྱི་ངང་ནས་པོ་ཏ་ལ་དང་ཁ་བྲལ་ནས་བུད་སོང་ལ། སྤྲོ་སྣང་དང་རེ་དོགས་ཀྱི་རྒྱ་རུ་ཚུད་ཡོད་པའི་སྒོ་ནས་ཕ་ཡུལ་དུ་འབྱོར་པ་ཡིན།
ཕོ་བྲང་པོ་ཏ་ལ་དང་ཞལ་དངོས་སུ་མཇལ་ནས་ད་བར་མི་ལོ་བཅུ་ཙམ་འགོར་སོང་ལ། ད་ནི་རང་ཉིད་ཤ་དར་ཁྲག་དར་གྱི་དུས་སུ་སླེབས་ཏེ་གཞི་ནས་པོ་ཏ་ལའི་མདུན་དུ་སྤོ་རན་ལ་སླེབས་ཡོད་ཀྱང་། ངའི་རྨི་ལམ་གྱི་ཁ་དོག་ནི་རབ་རིབ་ནས་མག་མོག་ཏུ་གྱུར་ཞིང་། པོ་ཏ་ལའི་མདུན་གྱི་ཁང་པ་གྲུ་བཞི་ཅན་དེ་ཉོ་རྒྱུའང་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་ཡོད། ཕྱོགས་ཀུན་ཏུ་ཡོད་པའི་སྒེའུ་ཁུང་དག་ཀྱང་ཡོལ་བ་སྟུག་པོ་ཞིག་གིས་སྒྲིབ་ཡོད་པ་ལྟར་ཕྱི་རོལ་ནས་རྔམ་ཞིང་བརྗིད་པའི་པོ་ཏ་ལ་མཐོང་བའི་སྐལ་བ་བྲལ། པོ་ཏ་ལའི་ནང་དུ་བཞུགས་པའི་བདག་གི་མེས་པོ་ཚོའི་གཟུགས་བརྙན་ཡང་ན་བུན་སྲབ་མོ་ཞིག་གིས་བཀབ་སྟེ་ནག་ནོག་ཏུ་གྱུརཔའི་ཚོར་ཤེས་ཤིག་སྐྱེས་བྱུང་། དེ་བས། ང་དང་པོ་ཏ་ལའི་ལས་དབང་ནི་ཕལ་ཆེར་མིག་ཆུའི་རྡོག་པོ་ཞིག་གིས་གསལ་བཤད་བྱེད་ཡོད་པ་དང་མཚུངས་ལ། པར་རིས་ཀྱི་ངོགས་སུ་ཐིགས་པའི་མིག་ཆུ་དང་། ཕོ་བྲང་པོ་ཏ་ལ་ཞལ་མཇལ་སྐབས་སུ་མཆེད་པའི་མིག་ཆུ་རྡོག་པོ་གཉིས་ཀྱིས་ངའི་འདུན་པ་ལ་བཞི་ཤད་བྲིས་པ་དང་ཤིན་ཏུ་མཚུངས་འདུག་པ་མ་ཟད། ཕྱི་རོལ་གྱི་རླུང་བུ་འུར་འུར་དུ་ལྡང་དུས་ངས་རང་ཁྱིམ་དྲོན་མོ་སྐྲུན་མཁན་གྱི་པོ་ཏ་ལའི་སྐུ་པར་དེ་ཇེ་དྲན་ཡིན་ལ། སྐུ་པར་དེ་གློ་བུར་དུ་འཁྱེར་འགྲོ་མཁན་གྱི་མི་དེ་འཚོལ་འདོད་ཇེ་ཆེར་སོང་།
འོད་ལམ་ལམ་གྱི་ཉི་འོད་འཕྲོས་པའི་ཞོགས་པ་རེ་རེར། ངས་པོ་ཏའི་ལའི་རྩེ་རུ་ཉི་མའི་གཟི་མདངས་འཛུམ་ཡོད་མེད་ཀྱི་སེམས་ཁྲལ་བྱེད་བཞིན་མཆིས་ལ། ཁ་ཆར་དང་བུ་ཡུག་འཚུབ་པའི་ས་སྲོད་རེ་རེར་ངས་སླར་ཡང་པོ་ཏ་ལའི་རྩེ་རུ་ཁ་བའི་འདབ་ལོ་ཆགས་ཡོད་མེད་ཀྱི་བསམ་གཞིག་བྱས་ནས་ཕ་ཡུལ་དུ་བསྡད་ཡོད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1