༄༅།། སུམ་ཅུ་པ་ལས་འཕྲོས་ཏེ་བདག་སྒྲའི་སྐོར་ལ་ལྟ་ཚུལ་ཅུང་ཟད་གླེང་བ།

ནོར་བུ་དབང་གྲགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-31


ནོར་བུ་དབང་གྲགས།

དང་པོ། བདག་སྒྲའི་གོ་དོན་ལ་དཔྱད་པ།
        《 སུམ་ཅུ་པའི་རྩ་བ།》ལས། གང་མིང་གི་ནི་མ་མཐའ་ན། པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་ས་ནི་ཤེས་པར་བྱ། །ཞེས་དང་། 《 སི་ཏུའི་འགྲེལ་ཆེན།》ལས། གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་པུ་ལིངྒ་སྟེ་སྐྱེས་བུའི་རྟགས་མཚོན་པར་བྱེད་པའི་སྒྲ་སྔར་མེད་པ་ཞིག་ཡིན་ན། དེ་ལ་པུ་ལིངྒ་སྒྲ་སྦྱར་བར་བྱས་པས་དེའི་བདག་པོའི་དོན་གསལ་བར་ནུས་པའི་ཕྱིར་བདག་པོའི་སར་ཤེས་པར་བྱའོ། ཞེས་པ་དག་ལས། གཅིག་ན་པུ་ལིངྒའི་སྒྲ་ནི་མིང་གི་མ་མཐའ་ལ་སྦྱར་དགོས་པ་དང་། གཉིས་ན་པུ་ལིངྒ་སྒྲ་དེ་ཉིད་མིང་དེའི་ཆ་ཤས་སུ་མ་གྲུབ་པའམ་མེད་པ་ཞིག་ལ་གསར་དུ་སྦྱར་དགོས་པ། གསུམ་ན་པུ་ལིངྒ་སྒྲ་སྦྱར་བ་ལ་བརྟེན་ནས་སྦྱར་ས་དེའི་བདག་པོའི་དོན་གསལ་བར་བྱེད་པས་བདག་སྒྲ་ཞེས་ཟུར་གསུམ་གྱི་ཐོག་ནས་བདག་སྒྲའི་གོ་དོན་འཇོག་ཡོད་པ་སེམས། 《 བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།》ལས། མིང་གང་ཞིག་ཐོག་མར་གྲུབ་དུས་ནས་རང་གི་ཆ་ཤས་སུ་མ་གྲུབ་པ་སྟེ། པ་པོ་སོགས་མ་སྦྱར་ཡང་བརྗོད་དོན་ངེས་ཅན་ཞིག་སྟོན་པའི་མིང་དག་གི་མཐར་པ་དང་པོ་སོགས་ཀྱི་སྒྲ་གསར་དུ་སྦྱར་ཚེ་གང་ལ་སྦྱར་ཡུལ་གྱི་མིང་དེ་ལྡན་གྱི་དངོས་པོའི་བདག་པོའམ། བྱ་བ་བྱེད་མཁན་སོགས་སྟོན་པ་ནི་འདིར་བསྟན་གྱི་བདག་པོའི་དོན་ཏེ། ཞེས་པ་འདི་ལུང་སྔོན་མ་གཉིས་ལས་མི་འདྲ་བའི་ཆ་ནི་པུ་ལིངྒའི་སྒྲ་ཚིག་དེའི་ཚབ་ཏུ་བདག་སྒྲ་ཞེས་སྦྱར་བ་དང་། དོན་བསྟན་སྟངས་ཐད་བདག་སྒྲ་སྦྱར་ཡུལ་དེའི་དངོས་པོ་དང་། བྱ་བ་བྱེད་མཁན་དང་། ཁྱད་ཆོས་སོགས་ཀྱི་བདག་པོའི་དོན་སྟོན་ཡོད་ཅེས་ལུང་སྔོན་མ་ལས་གསལ་ཁ་བཏོད་པ་ཙམ་དུ་ཟད། དེས་ན་བདག་སྒྲའི་མཚན་ཉིད་ཀྱི་ཟུར་དུ་པུ་ལིངྒའི་སྒྲ་སྦྱར་མིན་ལ་ཁྱད་པར་ཅི་ཡོད་ཅེ་ན། བདག་པོའི་དོན་སྟོན་ཚད་པུ་ལིངྒའི་སྒྲ་ཡིན་པས་མ་ཁྱབ་པའི་ཕྱིར་ན་མཚན་ཉིད་ཀྱི་ཟུར་དུ་དེ་ལྟར་འབྱུང་བ་སེམས་ཏེ། དཔེར་ན་ཅན་ལྡན་མཁན་གསུམ་པུ་ལིངྒའི་སྒྲ་མིན་ཡང་བདག་པོའི་དོན་ལ་འཇུག་པ་དང་། སི་ཏུའི་དགོངས་པ་ལྟར་བྱས་ན་བ་བོ་མ་མོ་བཅས་ཀྱང་པུ་ལིངྒའི་སྒྲ་མིན་ཡང་བདག་པོའི་དོན་སྟོན་པ་ལ་འཇུག་པའི་ཕྱིར་རོ། །མདོར་ན་གོང་དུ་དྲངས་ཟིན་པའི་ལུང་དེ་དག་ལས་མཐོང་གསལ་ནི། གང་ཡང་རུང་བའི་མིང་གི་མ་མཐའ་སྟེ་མར་ནང་ལ་མིང་དེའི་ཆ་ཤས་སུ་མ་གྲུབ་པའམ་སྔར་སྦྱར་མེད་པ་ཞིག་ལ་གསར་དུ་པུ་ལིངྒ་སྟེ་སྐྱེས་བུའི་རྟགས་མཚོན་པའི་བདག་པོའི་སྒྲ་པ་པོ་དང་བདག་པོའི་དོན་སྟོན་པ་ལ་འཇུག་པའི་བ་བོ་སོགས་སྦྱར་བའི་ཚེ་ན། སྦྱར་ཡུལ་དངོས་པོའམ། བྱ་བའམ། ཁྱད་ཆོས་གང་ཞིག་གང་ཟག་གང་ལ་ཡོད་པའམ་ལྡན་པར་གྱུར་པའི་ཆ་ནས་བདག་སྒྲ་ཞེས་འདོད་ཡོད་པ་ཤེས་ཐུབ།
གཉིས་པ། བདག་སྒྲ་ལ་ཕྲད་ག་ཚོད་ཡོད་མེད་སྐོར་ལ་དཔྱད་པ།
        བདག་སྒྲ་ལ་ཕྲད་ག་ཚོད་ཡོད་མེད་ཐད་ལ་སྔོན་གྱི་སུམ་འགྲེལ་མཁན་པོ་རྣམས་འདོད་པ་མི་མཐུན་པ་འགའ་མཆིས་ཏེ། དེ་ཡང་《སི་ཏུའི་འགྲེལ་ཆེན།》ལས། དེ་ལ་པུ་ལིངྒའི་སྒྲ་ནི་བདག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་གཉིས་ཡིན་ཏེ། ཞེས་བདག་སྒྲ་པ་དང་པོའི་སྒྲ་གཉིས་དངོས་བསྟན་དུ་འདོད་དེ། ཅན། ལྡན་གཉིས་བདག་པོའི་དོན་སྟོན་པ་དང་མཚུངས་པའི་ཆ་ནས་བདག་པོའི་དོན་ལ་འཇུག་ཀྱང་། བེམ་པོ་ལའང་འཇུག་པས་བདག་སྒྲ་མ་ངེས་པ་གསུངས་པ་དང་། བ་ནི་བདག་པོའི་དོན་སྟོན་པ་ཡེ་ནས་མི་བཞེད་པར་དགག་གཞག་གནང་ཡོད། དེ་ལ་《ཀུན་བཟང་དགོངས་རྒྱན།》ལས། པུ་ལིངྒར་བསྡུས་པ་ནི། སྐྱེས་པའི་རྟགས་སམ་ཕོ་རྟགས་ཞེས་པའོ། རྟགས་དེ་ནི་པ་བ་པོ་ཅན་རྣམས་སོ། ཞེས་བདག་སྒྲ་ལ་ཕྲད་པ་བ་པོ་ཅན་བཞི་ཡོད་པ་འདོད། 《 ལེགས་བཤད་ལྗོན་དབང་།》ལས། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་་་ཞེས་བདག་སྒྲ་ལ་ཕྲད་པ་པོ་བ་བོ་མ་མོ་བཅས་དྲུག་ཡོད་པ་འདོད་ཡོད། 《 སྨྲ་སྒོ་མཚོན་ཆ།》 ལས། པའམ་ཅན་ནི་བདག་པོ་འམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །བ་ནི་སྤྱི་རུ་གཞག་པ་སྟེ། །ཡུལ་དུས་ངེས་པ་མ་བཟུང་པའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་གཞག་པར་བྱ། །ཞེས་བདག་སྒྲ་ལ་ཕྲད་པ་དང་ཅན། བ་བཅས་གསུམ་ཡོད་པ་འདོད། 《 བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།》ལས། (p319)བྱ་བ་བྱང་ཆ་ཅན་ལ་བདག་སྒྲ་མཁན་ཞེས་སྦྱར་ཆོག་སྟེ། འབྲི་མཁན། འདོན་མཁན། གླུ་ལེན་མཁན་ལྟ་བུ་སོགས་སོ། ཞེས་དང་། ཀུན་ལ་བདག་སྒྲ་ཆ་འདྲ་བ་ཅན་ལྡན་ཅི་རིགས་སྦྱར་ཆོག ཡོན་ཏན་པ། ལེ་ལོ་པ། དབང་ཆེན་མ། བློ་ལྡན། སྟོབས་ལྡན། བློ་གྲོས་དང་ལྡན་པ། ཤེས་རབ་ཅན། བརྩོན་འགྲུས་ཅན། སེར་སྣ་ཅན། ལྟ་བུ་སོགས་ཏེ། ཅན་ལྡན་གཉིས་པོ་གང་ཞིག་གང་ལ་ཡོད་པ་སྟོན་པའི་སྒོ་ནས་བདག་སྒྲ་དང་མཚུངས་ཀྱང་། ཞེས་པ་པོ་བ་བོ་མ་མོ་བདག་སྒྲར་འདོད་ཡོད་པ་མ་ཟད། མཁན་དང་། ཅན། ལྡན་དག་ཀྱང་བདག་སྒྲའི་ཕྲད་དུ་འདོད་ཡོད་པ་
ཤེས་ཐུབ། གོང་ཞུས་ཀྱི་ལུང་དེ་དག་ལས་བདག་སྒྲ་ལ་ཕྲད་ག་ཚོད་ཡོད་མེད་འདོད་ཚུལ་ཅི་རིགས་བྱུང་ཡོད་པ་མཐོང་ཐུབ། དེ་ལྟར་བྱུང་བ་ལ་ནང་ཕན་ཚུན་འགལ་བ་མ་ཡིན་ནམ་སྙམ་ན། ཧོབ་སྟེ་བལྟས་པ་ཡིན་ན་དེ་ལྟར་ཡིན་མོད། འོན་ཀྱང་རིགས་པས་ཞིབ་ཏུ་བརྟག་ན་འགལ་བ་ཅི་ཡང་མེད་དེ། ཐོན་མིའི་སུམ་རྟགས་ཀྱི་རྩ་གཞུང་ལ་དགོངས་པ་ལེན་སྟངས་ཀྱི་དབང་གིས་ཁྱད་པར་དེ་ལྟར་བྱུང་བ་ཡིན་པ་བསམ། དེ་ལྟར་ཡིན་པ་གང་གིས་ཤེས་ཤེ་ན། བཤད་པར་བྱ་སྟེ། སི་ཏུས་འགྲེལ་ཆེན་དུ་བདག་སྒྲའི་ཕྲད་པ་པོ་གཉིས་དངོས་བསྟན་དུ་འདོད་ཡོད། དེ་ལྟར་འདོད་དོན་ནི་རྩ་བའི་ཚིག་གི་འབྲུ་དོན་གཉེར་སྟངས་ཀྱི་དབང་གིས་ཏེ། སི་ཏུའི་དགོངས་པ་ཡིན་ན་པུ་ལིངྒའི་སྒྲ་ནི་ཕོ་ཡིག་ཡིན་པ་དང་། སྐྱེས་པའི་རྟགས་མཚོན་པ། བདག་པོའི་དོན་སྟོན་པ་གསུམ་གྱི་ཆ་ནས་དངོས་བསྟན་བདག་སྒྲ་པ་པོ་གཉིས་ལས་མི་འདོད་དོ། 《 དཀའ་གནད་སྡོམ་གསལ་སི་ཏུ་དགོངས་གསལ།》ལས། p206ཡི་གེ་ལ་སྦྱར་ཚེ་ཕོ་ཡིག་དང་མོ་ཡིག་ལ་བསྙེག་དགོས་ཤིང་། མཚོན་དོན་ལ་སྦྱར་ཚེ་སྐྱེས་པ་མཚོན་བྱེད་དུ་སོང་ན་པུ་ལིངྒ། བུད་མེད་མཚོན་བྱེད་དུ་སོང་ན་སྟྲི་ལིངྒ། དེ་བཞིན་བདག་པོའི་དོན་མཚོན་བྱེད་དུ་སོང་ན་བདག་སྒྲ། དགག་པའི་དོན་མཚོན་བྱེད་དུ་སོང་ན་དགག་སྒྲ་ཟེར་བ་ལས་འོས་མེད། དེ་ལྟར་ཕྱོགས་གསུམ་གྱི་ཐད་ནས་བརྟག་ན། སྤྱིར་བཏང་གི་ཕོ་མོའི་ཡི་གེ་ཙམ་དང་། སྡེ་པ་གང་ལས་དབྱུང་དགོས་པའི་ཕྱོགས་སྟོན་ཙམ་ཞིག་མ་ཡིན་པར། དོན་དངོས་ཀྱི་མཛུབ་མོ་འཛུགས་ས་དེ་ནི་པ་ཡིག་དང་མ་ཡིག་གཉིས་ལ་ཐུག་ཡོད། དེས་ན་དེ་དག་དབྱངས་ཡིག་སྦྱར་བའི་པོ་མི་གཉིས་ཀྱང་བདག་སྒྲ་དང་དགག་སྒྲ་ཡིན་པར་གྲུབ་པས། ཐོན་མིས་ཀྱང་གཙོ་གནད་དེ་ལ་དགོངས་ནས་གསུངས་པར་གྲུབ། ཞེས་པའི་ལུང་ལས་ཀྱང་ཁྱད་ཆོས་གསུམ་གྱི་ཐོག་ནས་བདག་སྒྲའི་ཕྲད་པ་པོ་གཉིས་དངོས་བསྟན་ཡིན་པ་ངེས་ཤེས་ཐུབ། འོ་ན་བ་བོ་མ་མོ་སོགས་བདག་པོའི་དོན་ལ་འཇུག་བཞིན་དུ་བདག་སྒྲར་མི་བཞེད་པའི་རྒྱུ་མཚན་གང་ཡིན་ཟེར་ན། 《 དཀའ་གནད་སྡོམ་གསལ་སི་ཏུ་དགོངས་གསལ།》ལས།(p206)འོ་ན་ད་དུང་བདག་སྒྲའི་ཕྲད་བ་བོ་མ་མོ་ཅན་ལྡན་མཁན་རྣམས་ཀྱང་ཡོད་པས་ཇི་ལྟར་ཡིན་སྙམ་ན། ཐོན་མིའི་དངོས་བསྟན་གྱི་དགོངས་པ་ནི་ཕོ་ཡིག་ཡིན་པ། སྐྱེས་པའི་རྟགས་མཚོན་པ། བདག་པོའི་དོན་སྟོན་པ་སྟེ་ཕྲད་གཞན་ལས་ཁྱད་ཆོས་གསུམ་ལྡན་གྱི་བདག་སྒྲ་གཙོ་བོ་ལ་དགོངས་པ་སྟེ། དེ་མིན་བ་བོ་ནི་ཁྱད་ཆོས་དེ་དག་ཚང་བ་མིན་ཞིང་། སི་ཏུས་སྨྲ་སྒོ་ལྟར་ཡུལ་དུས་ངེས་པར་བཟུང་བའི་དོན་གྱིས་བདག་སྒྲ་མི་བཞེད་ཅིང་། བདག་པོའི་དོན་སྟོན་པ་ལྟར་སྣང་བའི་ལྷ་ས་བ། སེ་ར་བ་ལྟ་བུ་རྣམས་ཀྱང་གྲོང་པའི་སྐད་ཕལ་པ་ཙམ་དུ་ཟད་པས་དཔེར་མི་འོས་གསུངས་ཤིང་། མ་དང་མོའང་བདག་པོའི་དོན་ལ་འཇུག་པ་ཙམ་མཐོང་ཡང་སྟྲི་ལིངྒའི་སྒྲ་ལས་པུ་ལིངྒའི་སྒྲ་མིན་པས་དངོས་བསྟན་གྱི་བདག་སྒྲ་མིན་ཞེས་གསུངས་པ་སྟེ་མདོར་ན་གོང་བཤད་ཀྱི་ཁྱད་ཆོས་མི་ཚང་བས་ཐོན་མིའི་དགོངས་པ་མི་བཞེད་དེ། དེའི་རྩ་བའང་བདག་སྒྲ་དང་། དགག་སྒྲ་གཉིས་སྒྲུབ་པ་དང་དགག་པའི་ཟློག་དོན་ཅན་ཡིན་པའི་གནད་ཀྱི་རྩ་བར་བཟུང་སྟེ་འཆད་པ་ཡིན་པས་ཉི་ཚེ་བའི་དོན་ཙམ་མིན་སྙམ་མོ། ཅན་ལྡན་མཁན་གསུམ་ནི་རང་ངོས་ནས་དོན་སྟོན་མིན་དང་། ཕྲད་དུ་སྦྱར་མིན་གྱི་མཚོན་དོན་ལ་ཁྱད་པར་མི་སྣང་བའི་རྒྱུ་མཚན་གྱིས། ཆེད་དུ་དེ་རྣམས་སྦྱར་བས་འདིར་འགྱུར་ཞེས་དབྱེ་གསལ་མ་བྱས་ཀྱང་རུང་ངམ་སྙམ་མོ། ཞེས་གསུངས་པ་ལ་བརྟག་ན་བ་བོ་མ་མོ་དག་ནི་བདག་སྒྲའི་ཁྱད་ཆོས་གསུམ་མི་ཚང་བའི་རྒྱུ་མཚན་གྱིས་དངོས་བསྟན་བདག་སྒྲ་མི་བཞེད་པ་མ་ཟད། མ་མོ་གཉིས་ནི་སྟྲི་ལིངྒའི་སྒྲའང་ཡིན་པས་མ་བསྟན་པ་དང་། ཅན་ལྡན་མཁན་གསུམ་ནི་རང་ངོས་ནས་དོན་སྟོན་མིན་དང་། ཕྲད་དུ་སྦྱར་མིན་གྱི་མཚོན་དོན་ལ་ཁྱད་པར་མི་སྣང་བའི་རྒྱུ་མཚན་གྱིས་དངོས་བསྟན་གྱི་བདག་སྒྲ་མི་འདོད་པ་མ་གཏོགས། བདག་དོན་མི་སྟོན་པའི་དོན་མ་ཡིན་པ་ངེས་དགོས་པ་གནད་ཀྱི་དམ་པའོ། པྲ་ཏི་རིན་པོ་ཆེ་དང་ཇོ་བོ་སྨྲི་ཏི་ཛྙ་ན་གཉིས་ཀྱིས་པུ་ལིངྒའི་སྒྲ་ནི་ཕོ་རྟགས་ཏེ་ཕོ་ཡིག་ཙམ་ལ་དགོངས་ཏེ་པ་བ་པོ་ཅན་དག་བདག་སྒྲའི་ཕྲད་བསྟན་པ་མིན་ནམ་སྙམ། རྒྱུ་མཚན་ནི་བ་མ་གཏོགས་གཞན་རྣམས་ཕོ་མོ་སོགས་ཀྱི་རྟགས་དབྱེ་བ་ལས་ཕོ་ཡིག་ཡིན་པའི་ཕྱིར་རོ། དབྱངས་ཅན་གྲུབ་རྡོས་བཞེད་པའི་ན་རོ་ཡོད་མེད་ཀྱི་པ་བ་མ་བདག་སྒྲའི་ཕྲད་དག་རྒྱ་གར་གྱི་ཡི་གེའི་སྡེ་པ་དབྱེ་བ་ལྟར་པུ་སྡེ་ལ་གོ་བ་བླངས་ནས་འགྲེལ་པ་སེམས་ཏེ། ཕྲད་དེ་དག་པ་སྡེ་ལས་འབྱུང་བའི་ཕྲད་ཁོ་ན་ངེས་པའི་ཕྱིར། བརྡ་སྤྲོད་མཁན་པོ་དཔའ་རིས་སངས་རྒྱས་ཀྱི་བཞེད་པ་ནི་བརྡ་སྤྲོད་རྩ་བའི་ཚིག་ལ་མ་ཞུགས་པར་གཙོ་བོར་བོད་སྐད་ཀྱི་འཇུག་པ་ལ་གཞིར་བཞག་ནས་བསྟན་པ་ཡིན་འདུག་སྙམ། མདོར་ན་བརྡ་སྤྲོད་མཁན་པོ་རིམ་བྱོན་རྣམས་ཀྱིས་བདག་སྒྲ་ལ་ཕྲད་ག་ཚོད་ཡོད་མེད་འདོད་པ་ཅི་རིགས་འབྱུང་དོན་ནི། གཞིར་བཟུང་ས་མི་འདྲ་བའི་དབང་གིས་བྱུང་བ་ཡིན་འདུག་སྟེ། དཔའ་རིས་ཚང་ནི་བོད་སྐད་གཞིར་བཞག་ནས་འདོད་ཡོད་པ་མ་གཏོགས་གཞན་རྣམས་བརྡ་སྤྲོད་ཀྱི་རྩ་བའི་ཚིག་གི་འབྲུ་དོན་གཉེར་སྟངས་མི་འདྲ་བར་བརྟེན་ནས་འདོད་ཡོད་པ་སྣང་། དོན་ལ་བོད་སྐད་གཞིར་བཟུང་པའི་དབང་དུ་བཏང་ན་ཡང་འདྲ། ཡང་ན་བརྡ་སྤྲོད་ཀྱི་རྩ་བའི་ཚིག་གི་འབྲུ་དོན་གཉེར་སྟངས་ཀྱི་དབང་གིས་ཡིན་ནའང་འདྲ། གང་ལྟར་ཀྱང་མང་ཉུང་ཙམ་མ་གཏོགས་བརྡ་སྤྲོད་མཁན་པོ་རང་རང་གི་འདོད་པའི་ཕྲད་དེ་དག་བདག་སྒྲར་མ་གྱུར་པ་གཅིག་ཀྱང་མེད་པར་བརྡ་སྤྲོད་ཀྱི་ལག་ལེན་ཐོག་ནས་ངེས་ཤེས་ཐུབ་པས་དེ་དག་འགལ་འདུ་རུ་བལྟ་བར་མི་བྱའོ། །
གསུམ་པ། བདག་སྒྲའི་ཕྲད་རང་དབང་ཅན་ཡིན་མིན་སྐོར་ལ་དཔྱད་པ།
        བདག་སྒྲ་ཕྲད་རང་དབང་ཅན་ཡིན་མིན་སྐོར་ལ་ཐུ་མིའི་《 སུམ་ཅུ་པའི་རྩ་བ།》ལས་ཆེར་མི་གསལ་ཡང་ཞིབ་ཏུ་བརྟག་ན་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་གྱི་སྡེ་རུ་གསུངས་འདུག་པ་ལ་བལྟས་ན་དོན་ལ་མཁན་པོས་བདག་སྒྲ་ཕྲད་རང་དབང་ཅན་འདོད་ཡོད་པ་ཤེས་ཐུབ། རྗེས་འཇུག་སུམ་འགྲེལ་མཁན་པོ་ཀུན་ལས་ཉི་ཟླ་ལྟར་གྲགས་པའི་《སི་ཏུའི་འགྲེལ་ཆེན།》(p87)ལས། གཉིས་པ་འཕྲད་རང་དབང་ཅན་ཁོ་ན་བཤད་པ་ལ། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཅས་བཤད་པ་སྟེ་དྲུག་ལས། ཞེས་སི་ཏུའི་རིན་པོ་ཆེས་བདག་སྒྲ་ཕྲད་རང་དབང་ཅན་བཞག་ཡོད། འོན་ཀྱང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་《ལེགས་བཤད་ལྗོན་དབང་།》ལས། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །
        བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །
        ཞེས་སྡོམ་ཚིག་དེའི་ནང་དུ་བདག་སྒྲ་ཕྲད་རང་དབང་ཅན་གྱི་སྡེ་རུ་བསྟན་ཡོད་ཀྱང་། རྗེས་འཇུག་གི་ཁྱད་པར་མི་འདྲ་བ་ལ་བརྟེན་ནས་བདག་སྒྲའི་ཕྲད་དག་འཇུག་མིན་ཅི་རིགས་གསུངས་འདུག བརྡ་སྤྲོད་སྨྲ་བའི་དབང་པོ་དཔའ་རིས་སངས་རྒྱས་ཀྱིས་གོང་གི་སུམ་རྟགས་དེ་ཚོ་གཞིར་བཞག་ནས་《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།》དུ་བདག་སྒྲ་ཕྲད་གཞན་དབང་ཅན་གྱི་སྡེ་ཚན་དུ་བཞག་སྟེ་རྗེས་འཇུག་རྣམས་ཀྱི་རྗེས་སུ་འཇུག་མིན་ཅི་རིགས་གླེང་སྟེ་བདག་སྒྲ་ཕྲད་གཞན་དབང་ཅན་དུ་འདོད་ཡོད། གོང་ཞུས་ཀྱི་ལུང་དེ་དག་ལས་སློབ་དཔོན་ཐོན་མི་གཙོས་པའི་མཁས་པ་སྔ་མ་དག་གིས་བདག་སྒྲ་ནི་ཕྲད་རང་དབང་ཅན་གྱི་སྡེ་རུ་བཞག་པ་དང་སི་ཏུས་རང་དབང་ཅན་དུ་འགྲེལ་ཡོད་པ་དེ་དག་གི་ཐོག་ནས་ཕྲད་རང་དབང་ཅན་དུ་འདོད་པ་ངེས་ཐུབ་ཅིང་། མཁས་པ་ཕྱི་མ་ཕྱི་མ་དག་གིས་ནི་རིམ་གྱིས་བདག་སྒྲའི་ཕྲད་པ་བ་(པོ་བོ)བཅས་རྗེས་འཇུག་དང་བསྟུན་ཏེ་སྦྱོར་དགོས་ཚུལ་དང་། དཔའ་རིས་ཚང་གིས་ཐད་ཀར་ཕྲད་གཞན་དབང་ཅན་དུ་འདོད་པ་དང་། མཁས་དབང་དོར་ཞིས་ཀྱང་ཐོབ་ཐང་ལྟར་སྦྱོར་ན་ལེགས་ཚུལ་གསུངས་པ་སོགས་ལ་བརྟག་ན་བདག་སྒྲའི་ཕྲད་ནི་གཞན་དབང་ཅན་དུ་འདོད་དགོས་པ་སྨོས་མེད་རེད། དེས་ན་བདག་སྒྲའི་ཕྲད་རྗེས་འཇུག་ལ་བསྟུན་ཏེ་སྦྱོར་དགོས་མིན་གྱི་གནད་དོན་འདིས་བརྡ་སྤྲོད་མཁན་པོ་སྔ་ཕྱི་དེ་དག་གི་དགོངས་པ་བཞེས་སྟངས་ཐད་མི་མཚུངས་པའི་སྣང་ཚུལ་འདི་བྱུང་བ་མངོན། འོ་ན་མཁས་པ་སྔ་ཕྱི་སུས་འདོད་པ་དོན་ལ་གནས་སོ་བསྙམས་ན། ཁོ་བོས་ནི་མཐའ་གཅིག་ཏུ་ཞུ་སྤོབས་མ་མཆིས་ཀྱང་ངེས་པར་དུ་ལན་ཞིག་འདེབས་དགོས་ན་ནི། དེ་གཉིས་ལས་ཁོ་བོའི་རྨོངས་བློར་སྔ་མ་ལྟར་བྱས་ན་དོན་ལ་གནས་པ་སེམས། རྒྱུ་མཚན་ནི་གཅིག་ན་ཐོན་མི་གཙོས་པའི་མཁས་པ་སྔ་མ་དག་གིས་ཕྲད་རང་དབང་ཅན་དུ་འདོད་ཡོད་པ་དང་། གཉིས་ན་ཕྱིས་ཀྱི་དབྱངས་ཅན་གྲུབ་རྡོ་གཙོས་པའི་མཁས་པ་འགས་བདག་སྒྲའི་ཕྲད་པ་བ་གཉིས་ (འགའ་ཞིག་གིས་པོ་བོ་གཉིས་ཀྱང་རྗེས་འཇུག་ལ་ལྟོས་དགོས་པ་བཤད།) རྗེས་འཇུག་ལ་ལྟོས་དགོས་ཚུལ་བསྟན་ཀྱང་། འཆད་པའི་སྐབས་སུ་བདག་སྒྲ་ཕྲད་རང་དབང་ཅན་གྱི་སྡེ་རུ་བསྟན་པའི་ཕྱིར་དང་། གསུམ་ན་ལེགས་བཤད་ལྗོན་དབང་དུ་བདག་སྒྲའི་ཕྲད་པ་བ་གཉིས་ (འགའ་ཞིག་གིས་པོ་བོ་གཉིས་ཀྱང་རྗེས་འཇུག་ལ་ལྟོས་དགོས་པ་བཤད།)ལས་གཞན་བཞི་པོའམ་( བདུན་པོ)ནི་ཕྲད་རང་དབང་ཅན་ཡིན་པ་བཅས་གང་ལ་བརྟག་ཀྱང་ཕྲད་རང་དབང་ཅན་དུ་འདོད་ན་དངོས་དང་འབྱོར་རོ་སྙམ། ཡང་ན་མཁས་པ་སྔ་ཕྱི་བར་ལ་འདོད་ཚུལ་མི་འདྲ་བ་བྱུང་བས་འགལ་བ་མ་ཡིན་ནམ་བསྙམས་ན། དེ་ནི་མི་འགལ་ཏེ་རྒྱུ་མཚན་ནི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་སློབ་དཔོན་ཐོན་མིའི་དུས་སྐབས་ལ་རང་རེའི་སྐད་དུ་བདག་པོའི་དོན་སྟོན་པ་ལ་འཇུག་པའི་ཕྲད་དེ་དག་རྗེས་འཇུག་ལ་བསྟུན་མི་དགོས་པ་ཅི་བདེར་སྦྱར་ཆོག་པ་ཁོང་གི་རྩ་ཚིག་གི་སྡོམ་དུ་བསྟན་པའི་རིམ་པ་ལས་གཟུར་བོར་དཔྱད་ན་ངེས་ཐུབ་པ་དང་། དེ་ནས་རིམ་གྱིས་རང་ཅག་གི་སྐད་ལ་འཕེལ་རྒྱས་བྱུང་སྟེ་བདག་སྒྲའི་ཕྲད་རྗེས་འཇུག་ལ་བསྟུན་ནས་སྦྱར་ན་སྒྲ་མཐུན་རྗོད་བདེ་རུ་འགྱུར་ཡོད་པ་འདིའི་དབང་གིས་ཕྱིས་ཀྱི་མཁས་པ་དག་གི་བརྡ་སྤྲོད་ཀྱི་གཞུང་དུ་རྗེས་འཇུག་ལ་ལྟོས་ནས་སྦྱོར་དགོས་པའི་བཤད་པ་འདི་བྱུང་བ་རེད་ཅེས་འགྲེལ་ན་མི་ཆོག་རྒྱུ་ཆེར་མེད་པར་བསམ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1