༄༅།།སྡེ་མིའི་འདེམས་བསྐོ་དབང་ཆར་བར་ཆད་བཏང་ཆོག་གམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14


བློ་མཐུན་རྩོམ་སྒྲིག་པ་ལགས།
     འབྲོང་ལུང་སྡེ་བ་ནི་སྟོབས་འབྱོར་ཕུན་སུམ་ཚོགས་པའི་སྡེ་ཆེན་ཞིག་ཡིན་ལ། ད་ལོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ཁྲོད། མི་ལ་ལས་སྒོར་མོ་གང་མང་བཀོལ་ནས་འདེམས་ཤོག་ཉོ་བའི་སྣང་ཚུལ་བྱུང་བཞིན་ཡོད་པར་མ་ཟད། འབྲེལ་བ་བརྒྱུད་ནས་གྲོགས་ཕན་ཚུན་བར་ལ་མགྲོན་བསུ་བྱས་ནས་རང་ལ་འདེམས་ཤོག་འཕེན་དགོས་པའི་རེ་བའང་འདོན་གྱིན་ཡོད། ཡང་ན་ཡོངས་གྲགས་སྒོས་མི་གང་རུང་གི་ཁྱིམ་ཚང་གང་བོས་རང་ལ་འདེམས་ཤོག་འཕང་ན། ཁྱིམ་ཚང་དེའི་མི་རེར་སྒོར500ཡི་བཀའ་དྲིན་ཞུ་དངུལ་སྟེར་ཟེར། དེ་མིན་མི་འགའ་རེས་སྡེ་མི་ཁ་ཤས་ལ་འཇིགས་སྐུལ་བཏང་ནས་འདེམས་ཤོག་འཕེན་དུ་འཇུག་པའི་སྣང་ཚུལ་ཡང་འབྱུང་བཞིན་ཡོད། དེས་ན་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་འདྲི་རྒྱུ་ཞིག་ཡོད་པ་ནི་འདི་ལྟ་བུའི་བྱ་སྤྱོད་སྤེལ་བ་ནི་ཁྲིམས་འགལ་ཡིན་ནམ།
                         ཞེས་གཡང་ཁོ་ནས།
བློ་མཐུན་གཡང་ཁོ་ལགས།
     འདེམས་ཤོག་དེ་ལྟར་འཕེན་དུ་འཇུག་པ་ནི་ཁྲིམས་འགལ་ལམ་ནག་ཉེས་བསགས་པའི་བྱ་སྤྱོད་ཡིན་པས། འདེམས་བསྐོ་ལས་ཐོན་པའི་མཇུག་འབྲས་ལ་ནུས་པ་མེད།
     སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ཀྱི་དོན་ཚན14པའི་གཏན་ཁེལ་ལྟར་ན། འདེམས་བསྐོ་ལག་བསྟར་བྱེད་སྐབས་གསང་བའི་སྒོ་ནས་འདེམས་ཤོག་འབྲི་སྟེགས་གསར་དུ་བཟོ་དགོས། འདི་ནི་སྡེ་མིས་འདེམས་བསྐོའི་དབང་ཆར་འགན་བླངས་ཏེ་སྡེ་མི་རང་ཉིད་ཀྱི་འདོད་བློ་ལྟར་རང་ཉིད་ཡིད་ཆེས་པའི་མི་འདེམས་བསྐོ་བྱ་ཐུབ་པར་དམིགས་བཙུགས་པ་ཡིན། བཅའ་ཁྲིམས་འདིའི་དོན་ཚན15པར་ད་དུང་གཏན་ཁེལ་བྱས་དོན། འཇིགས་སྐུལ་ལམ་ལྐོག་དངུལ་སྟེར་བ་དང་། འདེམས་ཤོག་རྫུན་མ་བཟོ་བ་སོགས་དྲང་བདེན་མིན་པའི་བྱེད་ཐབས་བཀོལ་ཏེ། སྡེ་མིས་འདེམས་བསྐོའི་དབང་ཆའམ་གདམ་བྱའི་དབང་ཆ་ལ་བཀག་འགོག་བཟོས་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོར་གཏོར་བརླག་བཟོས་ཚེ། སྡེ་མིར་ཤང་དང་མི་རིགས་ཤང་། གྲོང་རྡལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན། མི་དམངས་སྲིད་གཞུང་ངམ་རྫོང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས། མི་དམངས་སྲིད་གཞུང་ངམ་དེ་དང་འབྲེལ་བ་ཡོད་པའི་གཙོ་གཉེར་སྡེ་ཁག་ལ་ཐེར་འདོན་གོང་ཞུ་བྱ་རྒྱུའི་དབང་ཆ་ཡོད་པར་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་ནས་ཁྲིམས་ལྟར་ཐག་གཅོད་པར་འགན་འཁུར་དགོས། དེ་བས་འཇིགས་སྐུལ་དང་ལྐོག་དངུལ་སྟེར་བ། འདེམས་ཤོག་རྫུན་མ་བཟོས་ནས་དྲང་བདེན་མིན་པའི་བྱེད་ཐབས་བཀོལ་ནས་འདེམས་ཤོག་འཕང་བར་ནུས་པ་མེད་དོ། །
                       ཞེས་ཁྲིམས་ལུགས་ཚགས་པར་ཁང་གི་ བཅའ་ཁྲིམས་བློ་སྟོན་ཁང་ནས།  
 (མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1