༄༅།། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་མི་ལ་ཆད་པ་བཅད་ཆོག་གམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14


གྱོད་དཔེ།
        གཡག་རྔ་སྡེ་བའི་སྡེ་མིས་ཚོགས་ཐོག་ཏུ་གྲོས་བསྡུར་བྱས་ནས་སྡེ་བའི་ཡུལ་མི་རྣམས་པས་བརྩི་སྲུང་བྱེད་དགོས་པའི་སྤྱི་ཆིངས་ཤིག་གཏན་འབེབས་བྱས་པ་དང་། དེའི་ཁྲོད་དུ་རྟ་ཡིས་སྡོང་ཤུན་འབྲད་པ་དང་ལུག་གིས་གྲོ་ལྗང་ཟ་བ་སོགས་ལ་དངུལ་ཆད་གཏོང་དགོས་པར་གཏན་ཁེལ་བྱས་པ་རེད།
    སྐབས་དེར་སྡེ་མི་ཚེ་རིང་གཏན་ཁེལ་དེར་འཐད་པ་མ་བྱུང་ལ། རྒྱུ་མཚན་ཁོ་ཚང་གི་ལུག་གིས་སྡེ་བའི་གྲོ་ལྗང་ཟོས་པའི་རྐྱེན་གྱིས་ཡིན། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཆིངས་ཀྱི་གཏན་ཁེལ་ལྟར་དུ་ཁོ་ལ་དངུལ་ཆད་སྒོར300བཅད་པ་དེར་ཁོ་གཏན་ནས་འཐད་པ་མ་བྱུང་བས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁུངས་མི་དག་ཁོའི་ཁྱིམ་དུ་སོང་ནས་བཙན་ཤེད་ཀྱིས་བརྙན་འཕྲིན་འཕྲུལ་ཆས་ཁྱེར་བ་དང་། ཚེ་རིང་ལ་ཆད་པ་སྒོར300ཁྱེར་ནས་བླུ་རུ་ཡོང་དགོས་ཟེར། གལ་ཏེ་དུས་ལྟར་བླུ་རུ་མ་ཡོང་ཚེ།སྡེ་མིའི་སྤྱི་ཆིངས་གཏན་ཁེལ་ལྟར་ཉིན་གཅིག་འགོར་འགྱངས་བྱས་ཚེ། སྒོར300ཡི་ཆད་པ་གཅོད་རྒྱུ་ཡིན་ཞེས་བཤད།།
གཟུ་བཤད།
        བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན་སྡེ་མིས་རང་སྐྱོང་སྒྲིག་ཡིག་དང་སྡེ་དམངས་སྤྱི་ཆིངས་གཉིས་གཏན་འབེབས་བྱས་ཆོག་ལ་དག་བཅོས་ཀྱང་བྱས་ཆོག འོན་ཀྱང་སྤྱི་ཆིངས་ཀྱི་གཏན་ཁེལ་འདིས་སྡེ་མིའི་མི་ལུས་ཁེ་དབང་དང་དམངས་གཙོའི་ཁེ་དབང་། ཁྲིམས་མཐུན་རྒྱུ་ནོར་བདག་དབང་ལ་གནོད་འཚེ་བཏང་མི་ཆོག གོང་གི་སྔོན་འགྲོའི་ཆ་རྐྱེན་འདིའི་འོག་ནས་སྡེ་མིས་རང་འགུལ་གྱིས་གྲོས་བསྡུར་བྱས་ནས་ཁ་ཆད་བྱས་ཡོད་པའི་སྡེ་དམངས་སྤྱི་ཆིངས་གཏན་ཁེལ་བརྩི་སྲུང་བྱ་དགོས་པ་དང་། ཚེ་རིང་གཏན་ཁེལ་འདིར་འཐད་པ་མ་བྱུང་ནའང་རང་འགུལ་གྱིས་བརྩི་སྲུང་བྱ་དགོས། ཚེ་རིང་ཚང་གི་ལུག་གིས་སྡེ་བའི་གྲོ་ལྗང་ཟོས་སོང་བ་དེ་ཅི་བཤད་ཀྱང་འགྲིག་མེད་པ་རེད། སྡེ་དམངས་སྤྱི་ཆིངས་གཏན་ཁེལ་ནི་སྡེ་མི་ཡོངས་ཀྱི་འོས་མིན་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ལག་ཆ་ལྟ་བུ་ཞིག་ཡིན་སྟབས། སྡེ་དམངས་སྤྱི་ཆིངས་གཏན་ཁེལ་ལྟར་དངུལ་ཆད་གཅོད་པ་ཁྲིམས་འགལ་དུ་བརྩི་མི་རུང་། ཡིན་ཡང་རང་འགུལ་གྱིས་ལག་བསྟར་མ་བྱས་ནའང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མི་སྣས་ཁོའི་ཁྱིམ་དུ་སོང་ནས་བརྙན་འཕྲིན་འཁྱེར་མི་ཆོག དེ་ལྟར་བྱས་ཚེ་དོ་བདག་པའི་ཁྲིམས་མཐུན་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན། དེ་བས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་སྒྲིག་ཁྲིམས་བརྩི་སྲུང་མི་བྱེད་མཁན་ཡོད་པ་དང་། ལྟོས་འཇོག་གིས་སྡེ་བར་གྱོང་གུད་ཐེབས་སུ་འཇུག་མཁན་ལ་སྐྱོན་བརྗོད་སློབ་གསོ་དང་ཞུ་གཏུག་གི་གོ་རིམ་བརྒྱུད་དེ་ཁྲིམས་འགན་རྩད་གཅོད་བྱས་ཆོག་པ་ལས། བཙན་ཤེད་ཀྱིས་ཆད་གཅོད་དང་ལག་བསྟར་བྱེད་པའི་དབང་ཆ་ཁོ་ཚོར་མེད་དོ། །
 (མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1