གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ལྕགས་ཐར་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༡ཚེས་༡༧ཉིན།

༄༅། ། བསྟན་བཅོས་བཟང་བོ་མི་ཚེ་གཏན་གྱི་གྲོགས།

ལྕགས་ཐར་རྒྱལ། [ཟི་ལིང]

        མི་དང་སྲོག་ཆགས་གཞན་གྱི་མི་འདྲ་བའི་ཁྱད་པར་གཙོ་བོ་ནི། མི་དག་ལ་སྔོན་གོམས་བག་ཆགས་ཀྱི་དབང་གིས། སྐད་ཆ་ལོབས་ཤིང་བཤད་པའི་ནུས་པ་ཡོད་པ་དང་། རང་ལ་མཁོ་བའི་འཚོ་བའི་ཡོ་བྱད་དག་རང་སྟོབས་ཀྱིས་བཟོ་ཐུབ་པ་བཅས་ཀྱི་ཆ་ན་ཡོད་པས། མི་རྣམས་ཀྱིས་ཐོག་མ་ཉིད་ནས་རང་ཉིད་ཀྱི་ལུས་པོ་དང་རང་གི་འཚོ་བའི་ཐོན་ཁུངས་དང་འབྲེལ་བའི་ཆོས་རྣམས་ལ་བླ་ཐབས་ཀྱིས་མིང་རེ་བཏགས་ཤིང་།
        མིང་ལ་བརྟེན་ནས་རང་གིས་ངོས་ཟིན་པའི་ཆོས་དག་ལ་མཚན་མ་རེ་བཏབ་སྟེ། ཤེས་བྱའི་བྱེ་བྲག་རེ་རེ་བཞིན་ཡིད་ལ་བྱ་རུང་དུ་བྱས། སྒྲ་མ་ཡིན་པའི་དབང་ཤེས་གཞན་དག་གི་སྤྱད་བྱའི་དྲི་དང་རོ་དང་གཟུགས་དང་རེག་བྱ་དང་བཅས་པ་སྒྲ་ལྡན་གྱི་མིང་གི་བྱེད་པས་རྣ་ཤེས་ཀྱིས་ཉན་རུང་དུ་བསྒྲུབས་ཤིང་། དེ་ཡི་དབང་གིས་ནང་གི་དབང་བོ་ལྔ་ཡིས་སྤྱད་བྱའི་ཕྱི་ཡི་དོན་རྣམས་ནི་སྨྲ་བྱེད་ཁ་དང་ཉན་བྱེད་རྣ་བ་གཉིས་ཀྱི་སྤྱད་བྱར་བསྡུས་པར་བརྟེན། མི་རྣམས་ཡུལ་གྱིས་བསྐལ་པ་དང་འགྲིམ་འགྲུལ་གྱི་བཀག་རྐྱེན་ལས་བརྒལ་ཏེ། མི་དང་མི་རིགས་གཞན་གྱིས་ཤེས་ཟིན་པའི་ཤེས་བྱའི་རྣམ་གྲངས་མི་འདྲ་བ་བདག་གིར་བཟུང་ཞིང་། རང་གི་ཤེས་བློ་རྒྱར་བསྐྱེད་ཅིང་ཤེས་རིག་གི་སྒྲོན་མེ་རིམ་གྱིས་སྦར་པར་བྱས་ནའང་། ཇི་སྲིད་སྐད་ཆའི་སྦྱོར་བ་མཚོན་བྱེད་ཀྱི་ཡི་གེ་ཞིག་མ་བྱུང་བ་དེ་སྲིད་དུ། སྒྲ་གང་ཞིག་ཡུལ་གྱི་མཐའ་ལ་བསྐྱལ་ཞིང་། དོན་ཅི་ཞིག་དུས་ཀྱི་ཡུན་ལ་ཉར་ཐབས་ནམ་ཡང་མེད་ཕྱིར། བགྲང་བྱ་སྟོང་ཕྲག་ལྔ་ལྷག་གི་གོང་རོལ་ཏུ། གནའ་བོའི་སུའུ་མེར་པའི(苏美尔)ས་ཁུལ་སོགས་སུ་འགྲོ་བ་མིའི་སྐད་ཆའི་སྦྱོར་བ་ཇི་བཞིན་པ་ཟིན་འགོད་བྱེད་སྤྱད་ཀྱི་ཡི་གེ་ཐོག་མར་བྱུང་བ་ནས། མི་རྣམས་ཀྱིས་ཅི་དང་གང་བྱས་པ་ཐམས་ཅད་ཡི་གེའི་གླེགས་བམ་དུ་བཞེངས་པའི་སྲོལ་བྱུང་བས། མི་ཡི་རབས་ལ་བྲི་རུ་རུང་བའི་སྐད་ཆ་དང་། བཀླག་ཏུ་བྱ་བའི་ཡི་གེ་ཡོད་པར་གྱུར་ཏེ། འགྲོ་བ་མིའི་རིགས་ནི་སྲོག་ཆགས་གཞན་ལས་བླ་ན་མཐོ་ཞིང་། རིག་གནས་ཀྱི་ཁོར་ཡུག་ཏུ་འཚོ་ཞིང་གཞེས་པའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གནས་པའི་སྲོག་ཆགས་ཁྱད་པར་བ་ཞིག་ཏུ་གྲུབ་སྟེ། ས་ཡི་གོ་ལ་འདི་ཡི་བདག་པོ་དང་། སྲོག་ཆགས་གཞན་གྱི་དབང་སྒྱུར་པ་ཞིག་ཏུ་གྱུར་ཏོ།།
        རང་རེའི་ཁ་བ་སྒང་པའི་མི་རིགས་འདི་ལའང་རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་དང་མཐུན་པའི་སྐད་ཆའི་སྦྱོར་བ་འཐུས་ཚང་ཞིང་། འཇིག་རྟེན་གྱི་གནས་ལུགས་ཇི་བཞིན་མཚོན་པ། བརྗོད་དོན་གྱི་གཏན་ཚིགས་གསལ་ལ། ཆོས་སྲིད་ཀྱི་དགོས་མཁོ་ཇི་བཞིན་སྐོང་ཐུབ་པའི་སྐད་ཆ་རང་མཚན་པ་ཞིག་བྱུང་ནས་བགྲང་བྱ་ཁྲི་ཕྲག་མང་བོ་འདས་པའི་རྗེས་སུ། གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་འཕེལ་བའི་དགོས་མཁོ་ལས་ཞང་ཞུང་གི་ཡི་གེ་འབྲི་ཀློག་གི་སྲོལ་ཆགས་ཀྱང་། དེ་ནི་གཙོ་བོ་གཏོ་ཆོག་སོགས་སྒྲུབ་མཁན་གྱི་ཤེས་པ་མཁན་དག་གིས་སྤྱད་ཡུལ་ལས། བོད་འབངས་མི་སེར་བྱིངས་ཀྱི་སྤྱད་བྱར་མ་གྱུར་པའི་ཐོག་ཏུ། དེའི་རྗེས་སུ“གཉན་པོ་གསང་བ”ཞེས་པ་བཙན་པོའི་མཆོད་གནས་སུ་བསྟེན་ཅིང་། མ་ཎི་ཡི་གེ་དྲུག་མ་ངག་ཏུ་ཟློ་བའི་གོམས་སྲོལ་རིམ་གྱིས་ཆགས་པ་ནས། སྐུ་གསུང་ཐུགས་ཀྱི་མཆོག་གྱུར་གསུང་གི་རྟེན་ལ་བྱས་ཏེ། རིག་པ་དཔེ་ཆའི་སྡེབ་ལ་ཉར། དཔེ་ཆ་མཆོད་པའི་རྟེན་དུ་བྱས་ཏེ། མར་མེའི་འོད་ཀྱིས་ལོ་ཟླ་དབྱེར་མེད་དུ་མཆོད་ཅིང་བཀུར་པ་ལས། དཔེ་ཆ་དེའི་རིགས་བཀླག་ཨེ་ཐུབ་བལྟ་ཕྱིར་ཡི་གེ་བསླབ་པའི་ལས་ལ་མི་བརྩོན། ཡི་གེ་ཀློག་ཙམ་ཤེས་པ་དག་གིས་ཀྱང་གསུང་གི་བཀླག་གྲངས་གསོག་པ་ལས་དོན་གྱི་གོ་བར་མི་བརྩོན་པར། གསུང་རབ་རི་བོའི་གཏོས་དང་མཉམ་ཡང་། ཡིག་རྨོངས་པ་ས་ཡི་རྡུལ་ལ་འགྲན་པའི་ངང་དུ་འཛམ་བུ་གླིང་འདིར་དཔེ་ཆ་མཛོད་དུ་ཉར་ལ་དགའ་ཞིང་། ཉར་སྤྲས་ལེགས་པོ་བྱེད་ལ་མཁས་པའི་མི་རིགས་ཁྱད་པར་བ་ཞིག་ཏུ་གྲུབ་པས། རིན་ཆེན་རང་ལ་ཡོད་ཀྱང་། རིན་ཐང་བཀོལ་སྤྱོད་མི་ཤེས། དཔེ་ཆ་རྟེན་དུ་ཉར་ཡང་། དེའི་དོན་རྟོགས་མཁན་ཉུང་བའི་ངང་ཚུལ་ལྷུར་བླངས་ཏེ། རིག་གནས་ཕུན་སུམ་ཚོགས་ཀྱང་། རིག་པས་ཡོད་གོ་མི་ཆོད། རིག་པ་ཁྱད་དུ་མཚར་ཡང་། གཞན་ལས་ཁྱད་དུ་མ་ཐོན་པར། རིག་པའི་རྒྱ་མཚོ་སྲུང་བཞིན་བློ་གྲོས་མུ་གེར་བསྐྱལ་ཏེ། གཞན་གྱི་གདོང་ལ་རིག་རིག་མིག་གིས་ལྟ། གཞན་ཟེར་ཇི་བཞིན་ངག་ཏུ་ལྷང་ལྷང་བརྗོད་ཅིང་རྗོད་བཞིན། རིག་གནས་ཀྱིས་ཕྱུག་ཅིང་མུ་གེའི་འཚོ་བ་སྐྱེལ་བའི་ངང་ཚུལ་འདི་ནི་རང་གི་རིགས་ལ་ནམ་ཡང་འཚམ་པ་མ་ཡིན་པས། དམངས་ཡོངས་ཀྱིས་རིག་པའི་གནས་ལ་བསླབ་ཅིང་། མི་ཀུན་གྱིས་དཔེ་ཆའི་དོན་ལ་བརྩོན་པར་བྱའོ།།
        དེ་ལ་ཇི་སྐད་དུ།“ཐོས་པ་རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག”ཅེས་སོགས་བསྟན་པ་ལྟར། དཔེ་ཆར་བལྟ་བ་ནི་འཇིག་རྟེན་འདི་རུ་རིགས་རུས་དང་དབུལ་ཕྱུག་གི་ཁྱད་པར་ལ་མི་ལྟོས། དབང་ཐང་དང་ལོ་ཚོད་ཀྱི་དབྱེ་བ་མེད་པར། ནམ་ཞིག་ལ་བསྒྲུབ་འདོད་ན་བསྒྲུབ་ཆོག་ཅིང་། འཕྲལ་ཡུན་ཀུན་ལ་དགེ་ཞིང་རང་གཞན་ཅི་རིགས་ལ་ཕན་པའི་རིག་པ་སྦྱོང་ཞིང་ནུས་པ་གསོ་བའི་ལས་ཀ་ཁྱད་དུ་འཕགས་པ་ཞིག་ཡིན་པས། ཕ་མར་གྱུར་པའི་འགན་འཁྲི་ནི་བུ་ཕྲུག་སློབ་གྲྭ་ལ་མངགས་ཤིང་། བུ་ཕྲུག་སློབ་གྲྭར་འགྲིམ་པའི་དམིགས་ཡུལ་ཡང་མི་ཚེ་ལ་སྙིང་བོ་བླང་བར་རེ་སྟེ། མི་ཚེའི་དོན་སྙིང་ཡི་གེ་ལ་བསླབ་པ་དང་། ཡི་གེ་བསླབ་པའི་སྙིང་བོ་དཔེ་ཆ་ལ་བཅོལ་ཏེ། མཁས་པའི་གསུང་ལ་མཇལ། རིག་པའི་རྒྱ་མཚོར་བསྐྱོད། གནའ་བཟང་དེང་ལ་སྤྱད། གཞན་བཟང་བདག་གིར་བླང་། རང་ལུས་རིག་པ་ཅན་དུ་བསྒྲུབ་ཅིང་། མི་རིགས་རིག་གནས་ལྡན་པར་འབད་པར་བྱ་བ་ནི། མི་རུ་སྐྱེས་པའི་ཕོ་མོ་རྒན་གཞོན་ཀུན་ལ་ཁྱད་པར་མེད་པའི་འགན་འཁྲི་བཟློག་ཏུ་མེད་པ་ཞིག་ཡིན་པར་བཟུང་སྟེ། གང་ཞིག་བལྟ་བྱའི་དཔེ་ཆ་ལ《རྣམ་བཤད་རིགས་པ》ཞེས་པར།“ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད”ཅེས་པ་དང་།“བསྟན་བཅོས་ནི་སློབ་མ་འཆོས་པའོ”ཞེས་པ་སོགས་ཀྱིས་བསྟན་པ་བཞིན་དུ། རིག་པ་སྣ་གཅིག་ཡན་ཆད་བསྐྱེད་ཅིང་སྐྱོན་ཆ་སྣ་གཅིག་མན་ཆད་བསྲང་བ་དང་།འཕྲལ་ཡུན་གང་རུང་ལ་ཕན་པ་དང་དགེ་བ་བསྐྱེད་ཅིང་སྒྲ་དོན་གང་ཆར་སྐྱོན་ཆ་མེད་པའི་དཔེ་ཆ་བཟང་བོའི་གྲས་ལ་བལྟ་བ་ལས། དྲ་རྩོམ་ཐན་ཐུན་གྱིས་རིག་པའི་ཁོ་ལག་མི་རྫོགས། འཁྱར་རྩོམ་ངན་ངོན་གྱིས་དགེ་བའི་ས་བོན་མི་འཇོག སྐད་འཕྲིན་ཐུང་ངུས་གཞུང་ལུགས་ཆེན་པོ་མི་ཤོད་ཅིང་། ངག་འཁྱར་ཐན་ཐུན་དང་། རྩོམ་འཆལ་ཧྲལ་ཧྲུལ་གྱི་རིགས་ནི་འགོ་བའི་ནད་དང་། གདུག་པའི་ཟས། དྲི་མ་ངན་པའི་གད་སྙིགས་བཞིན་རྒྱང་དུ་དོར་ཞིང་། གྲོགས་པོ་གཞན་གྱིས་དེ་དང་དེའི་རིགས་ལ་ལྟ་བ་ལའང་ཐབས་ཀྱིས་བཟློག་པར་བྱས་ཏེ། མི་ཚེའི་གཏན་ལ་ཕན་བསྐྱེད་པའི་གཞུང་ལུགས་སོགས་ལ་ལན་གྲངས་བཅུ་ཕྲག་ལྷག་ལའང་ཡང་ཡང་ལྟ་ཞིང་ཡང་ཡང་བསམ། གནས་སྐབས་ཀྱི་མཁོ་བ་ཙམ་སྐོང་བའི་དཔེ་དེབ་ཕལ་བའི་རིགས་ལ་རགས་ཙམ་བལྟས་ཏེ། འཕྲལ་གྱི་གནད་དོན་བསལ་ཞིང་སྐབས་ཀྱི་རེ་བ་རྫོགས་པར་བྱེད་བཞིན། འཕྲལ་དུ་མཁོ་བ་མྱུར་དུ་བཀླག གཙོ་བོར་གྱུར་པ་ཡང་ཡང་མཇལ། བསྟན་དོན་རྒྱས་པའི་བསྟན་བཅོས་དག་གི་སྙིང་བོ་དྲིལ། བསྟན་བྱ་བསྡུས་པའི་དཔེ་ཆ་རྣམས་ལ་གོ་བ་བསྐྱེད་དེ། སྐད་ཡིག་ཅི་ཤེས་ཀྱིས་དཔེ་ཆ་སྣ་ཚོགས་ལ་བལྟ་བའི་གོམས་སྲོལ་ལོབས་པར་བྱའོ།།
        དེ་ལྟ་ནའང་ད་ལྟར་དུས་ཀྱི་འཕེལ་འགྱུར་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གི་དབང་གིས། བུད་མེད་ཕན་ཚུན་ངོ་འཕྲད་གོས་རྒྱན་བཟའ་བཏུང་བཤད། སྐྱེས་པ་འགའ་རེ་ཐུག་ན་ཤོ་རྒྱག་རྒྱན་འཇོག་གླེང་ཞིང་། སོས་ཁོམ་བག་དལ་ཡོད་ཚེ་ལག་ཏུ་ཁ་པར་འཛིན། གོམ་གང་ཕར་ལ་སྤོ་ན་ཁ་པར་ལག་དང་མི་འབྲལ་ཞིང་། ཐ་ན་བཟའ་མི་ལྷན་འཛོམས་དང་ན་མཉམ་ལྷན་འདུས་ཀྱི་སྐབས་ཀུན་ཏུ་མིག་ཁ་པར་ལ་གཡེང་། ཁ་ཐང་ཆུ་ལ་བྲེལ་བར་མ་ཟད། སློབ་ཁྲིད་དང་ཚོགས་འདུ་སོགས་ཀྱི་སྐབས་སུའང་མཉན་བྱའི་ཁྲིད་ལ་མི་ཉན་ལག་གི་ཁ་པར་རྩེད། བསམ་བྱའི་དོན་ལ་མི་གཞིག་མདུན་གྱི་ཁ་པར་སྣོག་པའི་ནད་ཡམས་རྒན་དར་གཞོན་པའི་ཚོགས་ལ་འཁྱམས་ཏེ། ཁ་པར་མི་གཟུང་མི་ཡི་གྲས་ན་མེད། ལག་ན་བརྩེ་རྒྱུ་མེད་ཚེ་གཞན་གྱིས་ཟུར་ཟ་བྱེད་པའི་གནས་སུ་ལྷུང་བ་ནི། རིག་པའི་དགྲ་དང་། ལམ་གྱི་གེགས། གྲོགས་ཀྱི་གཤེད་དུ་སྣང་བའི་ཕྱིར་ན། ཁ་པར་དང་དྲ་བ་ནི་སོ་གཉིས་དང་ལྡན་པའི་རལ་གྲི་ཞིག་དང་གཉིས་སུ་མ་མཆིས་པར།“ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། །ཤེས་བྱའི་མཁའ་ལ་གདེངས་ཆེ་ན། །རང་མགོ་རྨས་པ་ཨ་ཙ་མ”ཞེས་པ་བཞིན་ཤེས་པར་བྱས་ཏེ། ཡར་ཐེམ་པ་བརྒལ་དུས་དཔེ་ཆར་བལྟ་བ་དང་།མར་ལམ་དུ་འགྲོ་ཚེ་དཔེ་ཆ་ལག་ཏུ་མི་འབྲལ་ཞིང་།ཕུ་ནུ་འདུ་འཛོམས་བྱུང་ན་ལབ་གླེང་གཏམ་གྱིས་འདྲིས་པར་བྱས་ན། བཟའ་ཚང་ནང་མི་འཐོར། གྲོགས་པོ་ཕྱིར་མི་གྱེས། འཁྲིད་བྱ་སེམས་སུ་འབྱོར། བགྲོ་བྱ་ཡིད་ལ་འབབ་པར་འགྱུར་བས། ཁ་པར་སོགས་ནི་སློབ་སྦྱོང་བྱེད་པའི་གྲོགས་སུ་བསྟེན་པ་ལས། རང་གི་ཡོད་ཚད་ཁ་པར་གྱི་ངོས་ལ་བཅོལ་ན། ལང་ཚོ་དོན་མེད་འཛད། རིག་པ་དཔེ་ཆར་ལུས་པས། དགོས་དུས་གྲོགས་མེད། མཁོ་དུས་ཡོན་ཏན་མེད་པ་གདོན་མི་ཟ་ན། དུས་ད་ལྟ་དང་མི་རང་ཉིད་ནས་མགོ་བརྩམས་ཏེ། དུས་ད་ལྟར་དཔེ་ཆར་མི་བལྟ་ནམ་ཞིག་ལ་བལྟ། ད་ལྟ་ནས་དཔེ་ཆར་བལྟས་ཀྱང་འཕྱི་བ་མི་འདུག་ཅེས་པ་སོགས་ཡ་ཧུ་དཱ་པའི་དཔེ་ཀློག་གི་ལྟ་བ་དང་།“ཉི་མ་རེ་ལ་ཚིག་རེ་ཟུངས། །གང་ཞིག་ཉིན་བརྒྱ་སོང་བ་ན། །ཚིག་བརྒྱ་མ་ལུས་ཁོང་དུ་ཆུད”ཅེས་པ་དང་།“རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་པ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ”ཞེས་པའི་དཔེ་ཀློག་སློབ་སྦྱོང་གི་འདུ་ཤེས་ཡང་དག་བསྐྱེད་ཅིང་། བལྟ་བྱའི་དཔེ་ཆ་ལ་ཡིག་རིགས་ཀྱི་ཞེན་པ་མི་གཟུང་ཞིང་། བསམ་བྱའི་ནང་དོན་ལ་གྲུབ་མཐའི་ཕྱོགས་རིས་མི་འཆང་བར། དཔེ་ཆ་ལེགས་གྲས་ལག་ཏུ་ཆུད་ཚད་ལ་སྐོམ་པ་ཆུ་འདོད་བཞིན་བསྟེན་ན། རང་རེ་རྣམས་ནི་མི་རིགས་རེ་བ་ཅན་དང་རྒྱལ་ཁབ་སྟོབས་འབྱོར་ཅན་དུ་མི་འགྲོ་རང་དབང་མེད་དོ།།
(སྦྲང་ཆར་སྤྱིའི་དེབ་145ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1