གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཁ་དྲག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༠༥ཉིན།

༄༅།། རྟ་ཁྱུ།

ཁ་དྲག (མཚོ་སྔོན་མི་རིགས་སློབ་ཆེན)



        ད་བར་ཕ་ཡུལ་དུའང་རྟ་ཁྱུ་ནི་བར་སྣང་ལ་ཡལ་ཟིན་པའི་དུ་བ་གོར་མོ་ཞིག་དང་འདྲ་བར་མཐོང་མི་ཐུབ། ཚེར་ཤུལ་དང་ཐལ་ཕུང་ཉུག་པའི་རྟ་རྒན་གཡུང་མོ་འགའ་ལས་རྨིག་པས་རྡུལ་ཀློང་སྐྱིལ་ཞིང་འཚེར་སྐད་ཀྱིས་རི་ལུང་དཀྲོགས་བཞིན་ཞོགས་པའི་རྟ་ཁྱུ་ཞིག་དངོས་གནས་མཐོང་མི་ཐུབ། བརྙན་འཕྲིན་གྱི་ཁ་ཕྱེ་བ་ན་ད་གཟོད་ཡངས་ཤིང་རྒྱ་ཆེ་བའི་ནང་སོག་རྩྭ་ཐང་དུ་མགོ་ལ་ཐུར་འཇོག་དཀའ་ཞིང་རྒྱབ་ལ་སྒ་སྟོད་དཀའ་བའི་རྟ་ཁྱུ་མང་པོས་ལྡེམ་མྱུར་རྩལ་གྱིས་བང་ཁ་འགྲན་བཞིན་ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ་དང་ཆུ་ཆེན་པོ་རྟ་རྔ་གཅོད་གཅོད་བྱེད་ཀྱིན་པ་དེ་མཐོང་བྱུང་། བརྙན་འཕྲིན་གྱི་ཤེལ་ཡོལ་ངོས་ན་རང་དབང་གིས་རྩེན་པའི་ནང་སོག་གི་རྟ་ཁྱུ་ཞོགས་སྟངས་དེས་ང་ལ་སྔོན་དུས་ཀྱི་ངེད་ཚང་གི་རྟ་ཁྱུ་དྲན་དུ་བཅུག་བྱུང་། ང་རང་ཆུང་དུས་སུ་ངེད་ཚང་ལ་ཡང་ལ་ལོ་སུམ་ཅུ་བཞི་བཅུས་གྲུབ་པའི་རྟ་ཁྱུ་ཆུང་ཆུང་ཞིག་ཡོད། རྒྱུན་དུ་རྟ་རྡང་ལ་འདོགས་ཀྱི་མེད་པས་གྲངས་ཀ་གསལ་བོ་ཞིགམཛུབ་རྩེར་བགྲང་དཀའ་མོད། དེའི་ནང་དུ་ཨ་ཕའི་ཁམ་པ་སྔོག་རིང་དང་ཨ་མའི་རྒོད་མ་ལག་དཀར། ཕུ་བོའི་ཐོ་རུ་བྱ་སྒོང་དང་ཨ་ཅེའི་ཐོར་མོ་གྭ་ལ་སོགས་ཡོད་པར་མ་ཟད། ད་དུང་མགོ་ལ་སྲབ་བཞག་མ་མྱོང་བའི་ལ་ལོ་མང་བོ་ཞིག་ཡོད། དཔྱིད་ཀའི་དུས་སུ་ལ་ལོར་དྲོས་ཕུད་པའི་དུས་ཚིགས་ཡིན་ཞིང་དྲོས་ཕུད་པ་ནི་ལ་ལོ་ཚང་མ་བཟུང་ནས་ཞོན་དགོས་པར་མ་ཟད། རྔུལ་ཆུ་མང་བོ་བཞུར་ཏུ་བཅུག་ཏེ་རྟ་སྤུ་རྙིང་བ་རྣམས་ལྷུང་དུ་བཅུག་ཅིང་གསར་བ་རྣམས་གྲ་ཁ་རྒྱས་སུ་འཇུག་དགོས་པའི་དོན་ཡིན། དེ་དུས་ངེད་ཚང་གི་བཟའ་མི་གང་བོ་དང་རུ་ཁ་ཁྱིམ་མཚེས་རྣམས་ཀྱིས་ལ་ལོ་ལྷས་ལ་བཅུག་ནས་རེ་རེ་བཞིན་འཛིན་དགོས་མོད། སྐབས་དེ་དུས་ཀྱི་ལ་ལོ་རྣམས་ཧ་ཅང་རྒོད་པས་སྲབ་བཟུང་ནས་འཛིན་རྩིས་བྱས་ཚེ་འཕྲ་ཡིས་རྒྱག་ཅིང་སོ་འདེབས་པར་མ་ཟད། ཐྲིག་སྒྲ་དང་བཅས་ཞོགས་འགྲོ། ང་རང་བྱིས་པ་ཡིན་ན་ཡང་ལ་ལོ་ནི་ཅི་འདྲའི་བཙན་འཛིན་ལ་གཉའ་མི་སྒུར་ཞིང་གཡུང་ལ་ཕབ་དཀའ་བའི་སྲོག་ཆགས་ཤིག་རེད་འདོད་མྱོང་།
གཉིས།
        གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན།། ཟླ་དྲུག་པ་ཚེས་ན་སྐྱིད་པོ་རེད།། རྟ་འདོ་བའི་དྲུག་ཁ་བཀང་དུས་རེད།། སྟག་ཤར་རའི་སྣང་བ་སྐྱིད་དུས་རེད། ཟེར་བ་བཞིན་དབྱར་ཁའི་སྤང་ཐང་ནི་གཡུ་ཡི་གཞོང་ཆེན་པོ་ཞིག་ཕྱིས་ནས་འོད་ཀྱིག་ཀྱིག་བྱེད་པ་དང་འདྲ་ཞིང་དེའི་སྟེང་དུ་རྟ་ནོར་ལུག་གསུམ་ནི་དབྱངས་ཅན་མའི་ཕྱག་ནས་འཐོར་བའི་མུ་ཏིག་གི་ཚོམ་བུ་དང་འདྲ་བར་ཁྲ་ལམ་མེར་ཡོད། ལྷག་པར་དུ་དབྱར་ཁའི་རྟ་ཁྱུ་ལ་ཤེད་ཤུགས་དང་བང་རྩལ་སྔར་ལས་རྒྱས་ཡོད་པས་སྐབས་རེར་འཚེར་སྐད་ལྷང་ལྷང་སྟོད་ལ་ཞོགས་ཤིང་མཚམས་རེར་ཐྲིག་སྒྲ་ལྡིར་ལྡིར་སྨད་ལ་བྲོས་འགྲོ རྟ་ཁྱུ་རྣམས་རྒྱུ་མཚན་མེད་པར་ཡར་ཞོགས་མར་ཞོགས་བྱེད་སྟངས་དེས་སྤང་ཁུག་ཏུ་བག་ཡངས་ངང་རྩྭ་ཆུར་རོལ་བཞིན་པའི་ནོར་ལུག་ལ་ཡང་འདྲོགས་ཕུད་དེ་ཁུག་ལྡིང་དང་རྭ་རྩེ་བྱེད་བཞིན་རི་སྒང་ལ་འགྲོ་རུ་འཇུག དེ་བས་རྟ་ཁྱུས་རྩྭ་ཐང་གི་ལྷིང་འཇགས་དཀྲོགས་ཤིང་མེ་ཏོག་གི་འདབ་ལོ་སྟོར་ན་ཡང་། རྟ་ཁྱུ་ཞོགས་པ་ནི་སྤང་ཐང་དུ་བཀྲ་ཤིས་པའི་དོན་ཞིག་ཡིན་ཏེ་ལོར་དེར་ཕྱུགས་རིགས་ཀྱི་འཕེལ་ཀ་རྒྱས་པའི་བལྟས་སུ་བརྩི།
        ང་རང་ཆུང་དུས་རྟ་རྫི་ཡིན། ཞོགས་པར་ཨ་ཕས་བུ་ཆུང་འུར་ཆ་ཐོག་རྒོད་འདྲ་བ་འདི་བཟུང་ལ་རྟ་ཁྱུ་རྐྱང་ཁྱུ་འདྲ་བོ་འཚོ་རུ་སོང་ཟེར། དོན་དངོས་སུ་དབྱར་ཁར་རྟ་རྫིར་འགྲོ་བ་ནི་ཅུང་ཐབས་སྡུག་ཅིག་ཡིན་ཏེ། རི་མགོ་ནས་རི་དྭགས་ཤིག་འགྲོ་བ་མཐོང་བའམ་ཡང་ན་ཐག་རིང་ནས་སྒྲ་ཞིག་གྲག་པ་ཐོས་ཚེ། ལ་ལོ་རྣམས་ཐང་གཞུང་ནས་ཐང་གཞུང་དང་རི་སྒང་ནས་རི་སྒང་རྒྱུད་དེ་ཞོགས་འགྲོ་བར་མ་ཟད། ལྷག་པར་དུ་འབྲུག་སྒྲ་གྲགས་པའི་སྐབས་སུ་ཁོ་ཚོས་ཅི་ལའང་དོ་སྣང་མི་བྱེད་པར་གནམ་སའི་འདྲེས་མཚམས་ཤིག་ལ་ཞོགས་འགྲོ། དེ་བས་ངས་རྒྱུན་དུ་རྟ་རྫིར་མི་འགྲོ་བར་ཞུས་པ་ཡིན།
གསུམ།
        ད་ལྟ་ཕ་ཡུལ་དུ་རྟ་ཁྱུ་ཞིག་གང་ན་ཡོད། ཐ་ན་རྟེའུ་ཕྲུག་ཁྲིད་པའི་རྒོད་མ་མ་བུ་གཉིས་ཀྱང་རིག་རྒྱུ་མི་འདུག སྤང་ཐང་དུ་བག་ཡངས་ངང་རྒྱུ་བའི་རྟ་ཁྱུ་ཞིག་འཚོལ་བ་ནི་ཟླ་དགུ་བའི་ཁངས་སྐྱའི་ནང་དུ་ལྷུག་པོར་གྲོལ་བའི་མེ་ཏོག་ཅིག་འཚོལ་བ་དང་འདྲ་བས། སྤང་ཐང་ལ་མཚོན་ན་རྟ་ཁྱུ་ནི་དགོས་མེད་ཀྱི་ཐ་སྙད་ཅིག་དང་ཡང་ན་ལྷ་སྒྲུང་ཞིག་གམ་ངག་རྒྱུན་ཁྲོད་ཀྱི་ཆེད་སྤྱོད་མིང་ཚིག་ཅིག་ཏུ་གྱུར་འདུག རླངས་འཁོར་གྱི་དུང་སྒྲ་དང་འཕྲུལ་ཆས་ཀྱི་ལྡིར་སྒྲར་མི་འདྲོགས་པའི་རྟ་རྒན་རེ་གཉིས་ཡོད་ན་ཡང་། ཁོ་ཚོ་འཐབ་འཁྲུག་གི་ཁྲོད་དུ་བཀྲེས་ལྟོགས་དང་མྱ་ངན་གྱིས་མནར་བའི་ཡུལ་གྱར་བ་ཞིག་དང་འདྲ་བར་སྤུ་མདངས་ཉམས་ཤིང་ཤ་ཤེད་ལྷུང་ཡོད་པར་མ་ཟད། གོམ་ཁ་འཁྱར་འཁྱོར་དུ་ཕར་ལ་འགྲོ་ཞིང་སྒལ་བ་ཧྲེང་ཧྲེང་གིས་ཚུལ་ལ་ཡོང་ནས་གཟན་རྩྭ་རེ་ཁ་ལ་ཨེ་ཡོང་བལྟ་བ་ལས་སྔོན་ཆད་ཀྱི་རྣ་ཅོག་གྱེན་ལ་བརྩེངས་ཤིང་ལག་པས་ས་འདྲད་བཞིན་སྣ་ཕུར་རྒྱག་པའི་གསོན་ཉམས་དེ་རྩ་བ་ནས་མི་མཐོང་།
བཞི།

        རྩྭ་ཐང་དུ་རྟ་ཁྱུ་མེད་སོང་བ་ནི་དོན་ལ་བརྡ་རྟགས་ཤིག་ཆད་སོང་བ་ཡིན། འདི་ལྟ་བུའི་བརྡ་རྟགས་མང་བོ་ཞིག་ཆད་པར་གྱུར་ཚེ། བརྙན་འཕྲིན་ཁོ་ན་ལས་ད་གཟོད་སྤང་ཐང་མཐོང་ཐུབ་ཅིང་དཔེ་དེབ་རྐྱང་རྐྱང་ལས་རང་ཚོའི་ལོ་རྒྱུས་རྙེད་སྲིད།

(《ཟླ་ཟེར།》ལས་བཤུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1