ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ལི་དང་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 12-06


        སྤྱི་ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའུ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁ་ན་ཏའི་ཙུང་ལི་ཐེ་ལོ་ཏོ་དང་མཇལ་འཕྲད་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་གཏང་རྒྱུ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་བརྟན་ལྷིང་གོང་འཕེལ་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། རྒྱལ་ཁབ་ཅིག་གི་གོང་འཕེལ་འགྲོ་ལམ་དེ་རྒྱལ་ཁབ་དེའི་མི་དམངས་ཀྱིས་གཏན་འཁེལ་བྱེད་པ་ལས་འོས་མེད། ཀྲུང་གོ་དང་ཁ་ན་ཏའི་ཆབ་སྲིད་ལམ་ལུགས་མི་འདྲ་རུང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་བཞག མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤེལ་རེས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་སྔར་བས་ཆེ་བ་ཡོང་ཐབས་བྱེད་ཆོག་ཅེས་ནན་སྟོན་གནང་བ་དང་། 
        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁ་ན་ཏ་ཕྱོགས་གཉིས་པོས་ནུས་པའི་འབྱུང་ཁུངས་དང་། ཚན་རྩལ་གསར་གཏོད། མཁའ་སྐྱོད་འགྲིམ་འགྲུལ། དངུལ་རྩའི་ཞབས་ཞུ། དེང་རབས་ཞིང་ལས། དྭངས་གཙང་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་ཀྱི་ཁྱད་ཆོས་སྔར་བས་མང་བ་སྐྲུན་དགོས། ཀྲུང་གོའི་ཕྱོགས་ནས་སྟོབས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་སྔར་བས་མང་བ་ཁ་ན་ཏར་བསྐྱོད་ནས་མ་འཇོག་བྱེད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཁ་ན་ཏའི་ཁེ་ལས་སྔར་བས་མང་བས་རྒྱུད་ཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས་ཀྲུང་གོ་དང་ཁ་ན་ཏའི་མཛའ་གྲོགས་སྔར་བས་མི་སེམས་ལ་ཟུག་པ་བྱེད་དགོས། ཕྱོགས་གཉིས་པོས་སྤྱི་ལོ་2018ལོའི་ཀྲུང་གོ་དང་ཁ་ན་ཏའི་ཡུལ་སྐོར་ལོ་ཡག་པོ་གཉེར་དགོས། ཀྲུང་གོའི་ཕྱོགས་ནས་སྤྱི་ལོ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱེད་པའི་རྒྱུད་རིམ་ནང་ཁ་ན་ཏའི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་གནམ་གཤིས་འགྱུར་ལྡོག་སོགས་གལ་ཆེ་བའི་ཁྱབ་ཁོངས་དང་དེ་བཞིན་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཁ་ན་ཏའི་འཐབ་ཇུས་རོགས་པའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད། 
        ཐེ་ལོ་ཏོས། ངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བར་གདེང་འཇོག་གནང་བར་མོས་མཐུན་ཡོད། ཁ་ན་ཏའི་ཕྱོགས་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོའི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་དང་ས་ཁུལ་གྱི་གནད་དོན་གལ་ཆེའི་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1