ཞིང་ཆེན་ཡོངས་ཀྱི་ཞིང་སའི་ཆུ་བེད་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-07


        ཉེ་ཆར། ཞིང་ཆེན་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་གྱི་ཡུལ་དངོས་ཀྱི་ཚོགས་འདུ་དེ་དབྱི་པིན་གྲོང་ཁྱེར་ནས་བསྡུ་འཚོགས་བྱས། ཚོགས་འདུ་བསྡུ་འཚོགས་མ་བྱས་པའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི་གཉིས་ཀྱིས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སའི་ཆུ་བེད་གཞི་རྩའི་ཐོག་འཛུགས་སྐྲུན་གྱི་བྱ་བ་དམ་འཛིན་བྱེད་པའི་ཐད་དུ་མཛུབ་སྟོན་གལ་ཆེན་དང་བླང་བྱ་བཏོན་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་ཚོགས་འདུའི་ཐོག་ཏུ་ཞུགས་པར་མ་ཟད་གསུངས་བཤད་ཀྱང་གནང་། 
        ཝང་ཏུང་མིང་གིས་ཞིང་སའི་ཆུ་བེད་གཞི་རྩའི་ཐོག་འཛུགས་སྐྲུན་བྱ་རྒྱུ་ནི་གྲོང་གསེབ་དང་ཞིང་ལས། ཞིང་བ་བཅས་ཞིང་གསུམ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག   ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གལ་ཆེའི་རྨང་རྡོ་ལྟ་བུ་ཞིག་ཡིན་ལ། རྒྱལ་ཇུས་ཀྱི་དམངས་འཚོ་དང་སྤྱི་ཚོགས་བརྟན་བརླིང་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་ཡིན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྲིད་ཇུས་བཀོད་སྒྲིག་ཁག་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་ཡོང་བར་བྱས་ཏེ། ནན་ཏན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱས་པ་དང་། ཏན་ཏིག་གིས་ཞིང་སའི་ཆུ་བེད་གཞི་རྩའི་ཐོག་འཛུགས་སྐྲུན་བྱས་པར་སྐུལ་འདེད་བཏང་བར་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་བླངས་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཞིང་ལས་ལོགས་ཀྱི་མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་དང་ཤང་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པར་ཤུགས་སྣོན་དང་། བཅོས་བསྒྱུར་དང་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས། ཐོན་ཁུངས་བསྡུ་སྒྲིལ་ལ་མཐོང་ཆེན།ལམ་ལུགས་ནང་རྐྱེན་འཐུས་ཚང་བཅས་བཏང་ཐོག   རི་ཆུ་ནགས་གསུམ་དང་ཞིང་ས་བཅས་ལ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པར་གཅིག་བསྡུས་སྒོས་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་ཆུ་བེད་འཕེལ་རྒྱས་གཏོང་བའི་ཐད་གནས་པའི་དོ་མཉམ་མིན་པ་སོགས་ཀྱི་གནད་དོན་འབུར་ཐོན་ཁག་ཐག་གཅོད་བྱས་ཏེ། མུ་མཐུད་དུ་ཞིང་ལས་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་མཐོར་འདེགས་དང་གནོད་འགོག་གནོད་སེལ་གྱི་ནུས་པ་དང་ས་ཆུའི་ཐོན་ཁུངས་བཀོལ་སྤྱོད་ནུས་ལྡན་བྱས་ཏེ། གྲོང་གསེབ་དང་ཞིང་ལས།ཞིང་བ་བཅས་ཞིང་གསུམ་འཕེལ་རྒྱས་སུ་གཏོང་བའི་ཐད་གནས་པའི་མི་འདང་ས་ཁ་གསབ་བྱས་ཏེ། ཞིང་ལས་རིགས་ཀྱི་ཞིང་ཆེན་ཆེན་མོ་ནས་ཞིང་ལས་སྟོབས་ལྡན་གྱི་ཞིང་ཆེན་དུ་བརྒལ་བ་མངོན་འགྱུར་ཡོང་བར་བྱེད་པ་དང་། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏོང་བ་དེ་སྐས་རིམ་གསར་བ་ཞིག་གི་ཐོག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་བ། མགྱོགས་མྱུར་ངང་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་གི་སི་ཁྲོན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དུ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1