༄༅།། འགོག་ཁབ་ཀྱི་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 12-07


     འགོག་ཁབ་ཀྱི་སྐོར་གླེང་ཚེ། མི་མང་པོ་ཞིག་གིས་སྔར་བཞིན་དེ་ལ་དོགས་པ་ཟ་བཞིན་ཡོད་ཅིང་། འགོས་ནད་བྱུང་རུང་དེ་ཚབས་མི་ཆེ་ལ། རང་བྱུང་གི་རིམས་འགོག་ནུས་པ་ཡོད་པས་འགོག་ཁབ་མ་བརྒྱབ་ནའང་སྐྱོན་མེད་སྙམ་ནས་སྣང་མེད་དུ་འཇོག་བཞིན་ཡོད། རང་ལ་ནད་བྱུང་ཚེ་ད་གཟོད་དུས་ཐོག་ཏུ་འགོག་ཁབ་མ་བརྒྱབ་པར་བློ་འགྱོད་ཆེན་པོ་སྐྱེས་པའི་དཔེ་མཚོན་ཡང་མང་པོ་མཐོང་རྒྱུ་ཡོད་པ་རེད།
     དཔེར་ན། ཉིན་ཞིག་ལོ་ཆུང་བུད་མེད་ཞིག་གིས་རང་ཉིད་ཀྱི་ཟླ་བཅུ་གསུམ་ལོན་པའི་བྱིས་པའི་ལུས་སྟེང་དུ་ཆུ་བུར་ཆུང་ཆུང་འགའ་བུད་ཡོད་པ་མཐོང་། སྐབས་ཐོག་དེར་ཁོ་མོས་སྐྱོན་མེད་པ་རེད་སྙམ་ནས་ཁ་ཡ་མ་བྱས། མཐའ་འཁོར་གྱི་གྲོགས་པོ་ཚོས་ཀྱང་དེ་ནི་ཆུ་ཐོར་ཡིན་ཞིང་། བྱིས་པར་ཆུ་ཐོར་འགོག་པའི་རིམས་འགོག་གི་ནུས་པ་ཐོན་པ་ཡིན་པས། རིམས་འགོག་སྨན་ཁབ་རྒྱག་མི་དགོས་པ་རེད་ཅེས་བཤད། ཡིན་ནའང་། ཉིན་གཉིས་པར་བྱིས་པའི་མགོ་དང་ངོ་། ལུས་པོ། རྐང་རྐ་ལག་བཅས་སུ་ཆུ་བུར་མང་པོ་བུད་པས། བུད་མེད་དེས་མྱུར་དུ་བྱིས་པ་སྨན་ཁང་དུ་འཁྱེར་ནས་བརྟག་དཔྱད་བྱས་ཚེ། བྱིས་པར་ཚ་རྒྱས་ནས་ལུས་དྲོད་ཏུའུ་བཞི་བཅུར་བསླེབས་པ་དང་། མཇུག་མཐར་བྱིས་པར་བྱུང་བ་ནི་ཆུ་ཐོར་གྱི་མཉམ་འགྲིལ་གསེར་མདོག་རྒུན་འབྲུམ་ཟླུམ་སྲིན་གྱི་གཉན་ཚད་ཡིན་པར་ངོས་འཛིན་བྱས། བྱིས་པའི་ནད་ཚབས་ཆེ་བས་གཟའ་འཁོར་གཅིག་གི་རིང་ལ་སྨན་བཅོས་བྱས་པ་དང་། ནད་དྲག་རྗེས་བྱིས་པའི་ངོ་དང་དཔུང་པ་སོགས་གནས་མང་པོར་རྨ་ཤུལ་ལུས་པས་ཁོ་མོར་འགྱོད་པ་ཆེན་པོ་སྐྱེས།
ནད་བྱུང་ཚེ་ད་གཟོད་འགོག་ཁབ་རྒྱག་རྒྱུ་ཡིད་ལ་དྲན་པའི་རྒྱུ་མཚན་ཅི།
      གཅིག་ནས་ནམ་རྒྱུན་མི་རྣམས་ཀྱིས་འགོག་ཁབ་ནི་བདེ་འཇགས་མིན་པས། འགོག་ཁབ་བརྒྱབ་ཚེ་འབུ་ཕྲ་དང་ནད་དུག་རང་ཉིད་ལ་འགོ་བར་བྱེད་སྲིད་སྙམ་ནས་འགོག་ཁབ་མི་རྒྱག་པ་རེད། གཉིས་ནས་འགོག་ཁབ་ཀྱི་བདེ་འཇགས་རང་བཞིན་དང་དེའི་ཕན་ནུས་ལ་ཡིད་མ་ཆེས་པར་རང་ཉིད་དམ་ཁྱིམ་མིར་འགོག་ཁབ་མི་རྒྱག་པ་དང་། ལྷག་པར་དུ་མཐའ་འཁོར་གྱི་བྱིས་པ་ཚང་མར་འགོག་ཁབ་བརྒྱབ་ནའང་རང་ཉིད་ཀྱི་བྱིས་པར་འགོག་ཁབ་རྒྱག་དགོས་དོན་མེད་ལ། ད་རུང་ཚན་རིག་གི་གནས་ལུགས་ཀྱང་བཤད་ནས། མི་ཚོགས་ལ་འགོག་ཁབ་བརྒྱབ་ཚད་དེ་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ་ཚེ་རིམས་ནད་མི་མཆེད་པས་རང་ཉིད་ཀྱི་བྱིས་པར་སྐྱོན་མེད་སྙམ་བཞིན་ཡོད་པ་རེད།
དེས་ན་འགོག་ཁབ་བརྒྱབ་ཚེ་བདེ་འཇགས་ཡིན་ནམ།
      མི་ལ་ལས་འགོག་ཁབ་ནི་ནད་གདོད་སྐྱེ་དངོས་ཕྲ་རབ་ཡིན་པའམ་ཡང་ན་མེད་པར་བཟོས་པའི་ནད་གདོད་སྐྱེ་དངོས་ཕྲ་རབ་ཡིན་པར་ངོས་འཛིན་གྱིན་ཡོད། སྤྱིར་བཏང་དུ་དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་ཡིན། ད་ལྟའི་འགོག་ཁབ་ནི་དུས་རབས་བཅོ་བརྒྱད་པའི་དབྱིན་ཇུའི་སྨན་པ་ཨེ་ཏི་ཧྭ་ཆིན་ནྭ་ཡིས་གསར་གཏོད་བྱས་པའི་འགོག་ཁབ་དང་གཏན་ནས་མི་འདྲ་བ་ཡིན།
      ད་ལྟའི་འགོག་ཁབ་མང་ཆེ་བ་ནི་ཆ་ཚང་གི་ནད་གདོད་སྐྱེ་དངོས་ཕྲ་རབ་མིན་པར་མ་ཟད། དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་སྤྱད་དེ་ནད་གདོད་སྐྱེ་དངོས་ཕྲ་རབ་ཀྱི་སྟེང་སྲུང་སྐྱོབ་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་པའི་གྲུབ་ཆ་ལྟར་ལས་སྣོན་བྱས་པ་ཡིན་པས། གཞན་པའི་རེད་པ་གཏན་ནས་འབྱུང་མི་སྲིད། དཔེར་ན། མཆིན་ཚད་ཁ་པའི་འགོག་ཁབ་དང་ཆམ་རིམས་ཀྱི་འགོག་ཁབ་སོགས་ནི་འདི་ལྟ་བུའི་འགོག་ཁབ་ཡིན་པས། འགོག་ཁབ་རྒྱག་མཁན་ལ་ནད་མི་འབྱུང་བར་མ་ཟད་རིམས་འགོག་ནུས་པ་ཐོན་སྲིད། རྒྱུན་མཐོང་གི་རིམས་འགོག་སྨན་ཁབ་ནི་ཁཱ་ཅེ་མེའོ་འགོག་ཁབ་དང་རྒྱུངས་སྐྱའི་གཉན་ཚད་ཀྱི་འགོག་ཁབ། སུབ་བུའི་འགོག་ཁབ། ཆུ་ཐོར་གྱི་འགོག་ཁབ་སོགས་ཡིན་ལ། དེ་དག་གི་བདེ་འཇགས་ལ་སེམས་ཁྲལ་ཅི་ཡང་བྱེད་མི་དགོས་པ་རེད།
འགོག་ཁབ་ལ་ཞོར་སྐྱོན་ཡོད་དམ།
     ནམ་རྒྱུན་འགོག་ཁབ་རྒྱག་སྐབས་འགོག་ཁབ་ལ་ཞོར་སྐྱོན་ཡོད་མེད་དེ་མི་རྣམས་ཀྱི་གླེང་གཞི་གཙོ་བོར་གྱུར་ཡོད། འགོག་ཁབ་བརྒྱབ་ཚེ་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་སྲིད་ལ། དེ་ཡང་ཚན་རིག་གི་ཕྱོགས་ནས་བཤད་ན། མཚམས་ལར་ཞོར་སྐྱོན་འབྱུང་སྲིད་མོད། འོན་ཀྱང་དེའི་ཚབས་ཆེ་ཆུང་མི་འདྲ་བ་ཡིན་ལ། ཚབས་ཆེ་ཆུང་དེ་འགོག་ཁབ་རྒྱག་མཁན་གྱི་ལུས་ཕུང་གི་གནས་ཚུལ་ལ་འབྲེལ་བ་དམ་པོ་ཡོད། དཔེར་ན། ཆམ་རིམས་ཀྱི་འགོག་ཁབ་ལྟ་བུར་མཚོན་ན་ནམ་རྒྱུན་བརྒྱ་ཆའི་བཅུ་ཡི་མི་ལ་འགོག་ཁབ་བརྒྱབ་པའི་གནས་དམར་པོར་འགྱུར་བ་དང་སྐྲངས་པ་སོགས་ཅུང་མི་བདེ་བའི་སྣང་ཚུལ་འབྱུང་ཞིང་། ཕལ་ཆེར་བརྒྱ་ཆའི་གཅིག་གི་མི་ལ་ལུས་ཡོངས་མི་བདེ་བའི་ཚོར་སྣང་འབྱུང་སྲིད། དཔེར་ན་ཐང་ཆད་པ་སོགས་ལྟ་བུ་རེད། སྣང་ཚུལ་དེ་རིགས་སྤྱིར་བཏང་དུ་གནས་སྐབས་ཙམ་ཡིན་པས། དོན་སྣོད་གཞན་པར་གནོད་པ་གཏོང་མི་སྲིད་ལ། ཉིན་གཅིག་ནས་ཉིན་གཉིས་ཀྱི་ནང་མེད་འགྲོ་བ་ཡིན་པས་སྨན་བཅོས་བྱེད་མི་དགོས། སྣང་ཚུལ་ཅུང་ཚབས་ཆེ་འཁྱག་དུགས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལུས་དྲོད་འབབ་དུ་འཇུག་དགོས་པ་དང་། ཡང་ན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས། ཡིན་ན་ཡང་། སྣང་ཚུལ་འདིའི་རིགས་འབྱུང་ཚད་ཆེས་དམའ་བ་ཡིན། 
འགོག་ཁབ་ཀྱི་དགེ་མཚན་དང་སྐྱོན་ཆ།
      2016ལོའི་ལོ་མཇུག་གི་བར། པེ་ཅིན་གྲོང་ཁྱེར་དུ་བསྟུད་མར་ལོ་སོ་གཉིས་ཀྱི་རིང་ལ་རྒྱུངས་སྐྱའི་གཉན་ཚད་ཀྱི་ནད་མ་བྱུང་བ་དང་། བསྟུད་མར་ལོ་ཉི་ཤུའི་ནང་གག་ནད་དང་སིབ་ནད། ཉིན་བརྒྱའི་ལུ་ནད། བྱིས་པའི་རྨ་ངན་དུག་མཆེད། ཀླད་སྐྱིའི་གཉན་ཚད་ཁ་པ། རྒྱུངས་སྐྱའི་གཉན་ཚད་སོགས་ནད་རིགས་འབྱུང་ཚད་དང་འཆི་ཚད་ཆ་སྙོམས་ཀྱིས་ལོ་རྒྱུས་ཀྱི་ཆེས་དམའ་བའི་ཆུ་ཚད་དུ་མར་བབས།
     སྡོམ་རྩིས་བྱས་པ་ལས་མངོན་པ་ལྟར་ན། པེ་ཅིན་གྲོང་ཁྱེར་གྱི་མི་ཚོགས་ཀྱི་མཆིན་ཚད་ཁ་པའི་ཕྱི་ངོས་གདོད་འགོག་གི་ཁྱབ་ཚད་དེ1992ལོའི་བརྒྱ་ཆའི་དྲུག་ལྷག་ནས་མིག་སྔའི་བརྒྱ་ཆའི་གཉིས་ལྷག་ཏུ་ཇེ་དམར་སོང་བ་དང་། དེའི་ནང་གི་ལོ་ཉེར་ལྔའི་མན་གྱི་མི་ཚོགས་ཀྱི་མཆིན་ཚད་ཁ་པའི་གདོད་འགོག་གི་ཁྱབ་ཚད་དེ་བརྒྱ་ཆའི་གཅིག་གི་མན་དུ་ཇེ་དམར་སོང་ཡོད། པེ་ཅིན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་བྱེ་བ་གཉིས་ལྟར་རྩིས་བརྒྱབ་ན། མཆིན་ཚད་ཁ་པའི་འགོག་ཁབ་བརྒྱབ་པ་ལས་པེ་ཅིན་གྱི་མི་འབུམ་དྲུག་ལྷག་ལ་མཆིན་ཚད་ཁ་པའི་ནད་དུག་འགོག་པའི་རིམས་འགོག་ནུས་པ་ཐོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1