ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ་སྤྱི་ལོ་2018ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 12-12


        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་12པའི་ཚེས་8ཉིན་གྲོས་ཚོགས་སྐོང་ཚོགས་བྱས་ཏེ། སྤྱི་ལོ་2018ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གྲོས་ཚོགས་གཙོ་སྐྱོང་གནང་། 
        གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཏང་ཀྲུང་དབྱང་གིས་རྙོག་འཛིང་ཆེ་བའི་དུས་བབ་ཁོང་དུ་ཡང་དག་ཆུད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ། ཡང་དག་པའི་སྒོ་ནས་ཐབས་ཇུས་འདིང་བ། དམ་པ་དོན་གཉེར་བཅས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་བྱུང་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། དཔལ་འབྱོར་གྲུབ་ཆར་འཕོ་འགྱུར་གལ་ཆེན་བྱུང་བ། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱས་པས་དཔལ་འབྱོར་གྱི་གསོན་ཤུགས་དང་མཉེན་ཤུགས་སྔར་བས་ཆེ་བ་འཕེལ་བ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་ནས། འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་བའི་གཙོ་བོའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ལ་འགྱུར་ཏེ། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ནུས་པ་དང་འཛམ་གླིང་བཅོས་སྒྲིག་བྱེད་པའི་སྐད་ཆ་ཤོད་དབང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཆོད་སེམས་ཆེ་བ་དང་། ཤུགས་ཚད་ཆེ་བ། ཕན་འབྲས་ཆེ་བ་བཅས་སྔར་བྱུང་མྱོང་མེད་ཅིང་། སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཡུལ་མིའི་ཡོང་བབ་འཕར་སྣོན་སྤྱིའི་ཆ་ནས་དཔལ་འབྱོར་འཕར་སྣོན་ལས་མགྱོགས་པ་ཡོད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་བཅས་ཕྱིན་ཡོད་པའི་ངོས་འཛིན་གནང་ཡོད། 
        གྲོས་ཚོགས་ཐོག སྤྱི་ལོ་2018ལོ་ནི་ཏང་གི་ཚོགས་ཆེན་བཅོ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡིན་ལ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཡིན་པ་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་ལེན་པ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་བཅས་ཀྱང་ཡིན། དུས་སང་གི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བའི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགན་ཟླ་གཙོ་བོར་འགྱུར་བ་བྱུང་བ་དང་དམ་པོར་གཞིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཡོང་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕར་སྣོན་བརྟན་པོ་ཡོང་བ་དང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཡོང་རྒྱུར་སྐུལ་འདེད་གཏོང་བ། བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཁོག་ཚོད་འཛིན་གསར་སྐྲུན་དང་འཐུས་ཚང་བཟོ་བ། སྤུས་ཚད་འཕོ་འགྱུར་དང་ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཚབས་ཆེའི་ཉེན་ཁ་སྔོན་འགོག་དང་སེལ་བ་དང་། གནད་འཕིགས་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པར་འཕེལ་རིམ་ཏན་ཏིག་ཐོབ་པ་བྱས་ནས། སྔོན་དཔག་ཁྲིད་སྟོན་དང་བརྟན་པོ་ཡོང་བ་དང་། དམངས་འཚོར་ཤུགས་སྣོན་དང་ལེགས་བཅོས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་བསྟན།  
        གྲོས་ཚོགས་ཐོག གཅིག་གྱུར་འཆར་འགོད་བྱེད་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ཐོབ་རྒྱུ་འགན་ལེན་བྱ་དགོས། ཚབས་ཆེའི་ཉེན་ཁ་སྔོན་འགོག་དང་སེལ་ནས། སྤྱི་ཁོག་འདེགས་ཤིང་ཚོད་འཛིན་ནུས་ལྡན་ཐུབ་པ་བྱེད་པ་དང་། དངུལ་རྩའི་ཞབས་ཞུའི་དངོས་གཟུགས་དཔལ་འབྱོར་གྱི་ནུས་པ་ཆེ་རུ་གཏོང་བ། ཉེན་འགོག་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བྱེད་པ། གནད་འཕིགས་དབུལ་སྒྲོལ་བྱ་ཐབས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་འབོར་ལ་དམིགས་ཏེ་གནད་འཕིགས་རོགས་སྐྱོར་བྱེད་པ། ཆེས་དབུལ་ཕོངས་ས་ཁུལ་ལ་དབུལ་སྐྱོར་བྱ་རྒྱུར་དོ་ཁུར་སྔར་ལས་ལྷག་པ་བྱེད་པ། དབུལ་སྐྱོར་དང་བློ་སྟོབས་དབུལ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱས་ཏེ། དབུལ་ཕོངས་མི་འབོར་གྱི་དབུལ་སྒྲོལ་སྒུལ་ཤུགས་འདོན་སྤེལ་བྱེད་པ་དང་། དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་ཡོང་བ་བྱེད་པ། དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་བྱས་ཏེ་སྦགས་བཙོག་དངོས་པོ་ གཙོ་བོ་འབུད་བཤངས་བྱེད་པའི་སྤྱི་འབོར་མུ་མཐུད་མངོན་གསལ་དོད་པོས་ཆུང་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་བཅོས་ཡོང་བ་བྱ་དགོས་ཞེས་བསྟན། 
        གྲོས་ཚོགས་ཐོག ལས་དོན་ཁག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་ཆབས་ཅིག གཙོ་གནད་ལས་དོན་ལ་དམ་འཛིན་གྱིས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱ་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རིགས་ཁག་གི་ཁྲོམ་རའི་གསོན་ཤུགས་སྐུལ་སློང་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་སྒོ་དབྱེ་བྱེད་པའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྡོད་ཁང་ལམ་ལུགས་བསྒྱུར་བཅོས་དང་ཕུགས་ཕན་སྒྲིག་གཞི་འཛུགས་སྐྱོང་མགྱོགས་སུ་བཏང་སྟེ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་བས་མང་བ་མཁོ་འདོན་བྱ་དགོས་ཞེས་བསྟན། 
        གྲོས་ཚོགས་ཐོག ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་ཤུགས་ཁྱོན་ཡོངས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱ་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས། སྐབས་བརྗེའི་ལས་དོན་ཁྲོད། རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྐབས་བརྗེའི་ལས་དོན་བརྟན་ལ་གོ་རིམ་ལྡན་པ་དང་། སྲོལ་བཟང་དར་སྤེལ་ཡོང་རྒྱུ་འགན་ལེན་བྱེད་པ། ཡང་དག་པའི་སྲིད་དོན་བྱས་རྗེས་ལྟ་བ་འཛུགས་པ། ཏན་ཏན་ཏིག་ཏིག་གིས་ལས་དོན་ཁག་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན། 
        གྲོས་ཚོགས་ཐོག ལོ་མཇུག་གི་མཚམས་འདིར། ས་གནས་ཁག་དང་སྡེ་ཁག་ཁག་གིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་དང་། ཐོན་སྐྱེད་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་སོགས་འབྲེལ་ཡོད་ལས་དོན་ཏན་ཏིག་སྒོ་ནས་བསྒྲུབ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1